དེང་སང་ང་སྐད་ཆ་སྐྱིད་པོ་རེ་བཤད་ནས་ཉིན་མ་གཏོང་བ་དང་དོན་དག་རྩ་བྲལ་ལ་གོམ་པའི་གཤིས་ཀ་ཞིག་གཉེར་ནས་འདུག་ན་ལྷོད་ཅིག་གེར་ཡོད་པའི་མི་དཀྱུས་མ་ཞིག་བྱས་ནས་བསྡོད་ཐུབ་ཐབས་བྲལ་བའི་གནས་བབས་འདིའི་འོག་ནས་ངས་རང་ཉིད་ཀྱི་མི་རིགས་ཀྱི་ཤ་ཁྲག་གི་ངལ་རྩོལ་གྱིས་བསགས་པའི་རྔུལ་ཆུའི་ཐིགས་པ་རེ་རེ་ལ་དྲིན་ལན་དང་བསམ་ཤེས་བྱེད་པ་ལས་སྒྱིད་ལུག་པའི་ངང་ཚུལ་གྱིས་མི་གཞན་གྱིས་སྐད་ཆ་ཐར་ཐོར་རེ་དང་སྐྱོ་གདུང་གིས་འབོད་པ་དང་རྒྱབ་སྐྱོར་གྱི་རྣམ་པ་སོགས་ཀྱི་ཁ་ངོ་ལ་བལྟས་དེ་ང་རང་ཞི་བའི་འཐབ་རྩོད་འདི་ལས་ཕྱི་ནུར་བྱས་པ་ཡིན་ན། ཤི་བོ་དག་གི་རྣམ་ཤེས་ལ་ངོ་གནོང་གི་འདུག་ལ། གསོན་པོ་དག་གི་རྔུལ་ཆུའི་ཐིགས་པ་བསགས་ནས་ཁ་ལ་ཟོས་ཤིང་རྒྱབ་ལ་གོན་པ་དེ་དག་ལ་ངོ་ཚ་དགོས་པའི་དུས་ཚོད་ཅིག་དང་། རྒྱུ་འབྲས་ལ་མི་མཐུན་ཞིང་གནས་ལུགས་ལ་མི་འགྲོ་བ་དང་མི་རིགས་ཤིག་གི་རྟོག་སད་ཀྱི་ཅོང་སྒྲ་ཆུང་ཆུང་ཞིག་དང་། བདེན་པའི་འབོད་སྒྲ་ཁུར་བའི་ཞི་བའི་ཕོ་ཉྭ་དེ་བྱེད་མ་ཐུབ་པ་རེད།
གཞན་གྱིས་གང་བཤད་མིན་དང་གཞན་དག་གི་སེམས་ནང་དུ་གང་ཤར་མིན་དེ་ནི་ད་ལྟའི་འཆར་ང་ལ་མཚོན་ན་གཙོ་བོ་དེ་མ་ཡིན་པར། ངས་བྱེད་བཞིན་པའི་འཐབ་རྩོད་འདི་ནི་དངོས་ནས་ཞི་བའི་འཐབ་རྩོད་ཡིན་མིན་དང་། མི་རིགས་གཉིས་ཀྱི་གཙོ་བའི་མ་འོངས་པའི་རྒྱལ་ཁབ་ཆེན་མོའི་བདག་དབང་ཁྲོད་དུ་བོད་མི་རིགས་འདི་ཉིད་རང་གི་རིག་གཞུང་གི་བདག་པོ་ངོ་མ་ཞིག་བྱེད་ཐུབ་མིན་བཅས་ཀྱི་གནད་དོན་ལ་སྐྱ་ཐིགས་ཙམ་ཞིག་ཀྱང་འཇོག་ཐུབ་ཀྱི་ཡོད་མེད་དེ་རེད་ལ། ངས་ཚེ་སྲོག་གིས་རྩོད་ཀྱིན་པའི་བདེན་པ་འདི་ལ་རིགས་སོ་སོའི་སྡེ་ཚན་གྱིས་ཤེས་ཡོད་པ་དག་གིས་ངེས་ཤེས་རྙེད་ཐུབ་མིན་དང་། དོན་དངོས་ཐོག མི་རིགས་གཉིས་ཀྱི་གཙོ་བའི་སྐམ་ས་ཆེན་མོར་གནས་པའི་མི་ཚོགས་ཆེན་མོའི་ཞིང་ཁམས་དེ་ལ་བརྟན་བརླིང་དང་ཞི་བདེ། རང་དབང་གི་ཁོར་ཡུག་ཞིག་དུས་རབས་ཉེར་གཅིག་བརྡ་འཕྲིན་དུས་རབས་ཀྱི་མི་རྣམས་ཀྱིས་ཕན་ཚུན་ལ་གོ་བརྡ་སྤྲད་དེ་རོགས་འདེགས་བྱེད་མིན་གྱི་གནད་དོན་སོགས་རེད།
ང་ཚོས་མི་རབས་འདི་ལ་བརྗེད་སླ་བའི་གོམ་གཤིས་ཤིག་དང་། རང་ངོ་མི་ཟིན་པའི་ནད་ཚ་ལྕི་མོ་ཞིག་འཕོག་ནས་ཡོད་པ་འདི་དག་གིས་རིགས་ཀྱི་རྩ་བ་དུས་རབས་དང་མཐུན་ཞིང་། འགྲོ་བ་མིའི་འདྲ་མཉམ་རང་བཞིན་གྱིས་ཚོར་བ་ལ་དྭང་ལེན་དང་བརྩི་བཀུར་བྱེད་ཐུབ་པའི་གདེང་ཚོད་ཆེན་པོ་ཞིག་སྔོན་ཆད་ཀྱང་སླེབས་མ་མྱོང་ལ། ད་དུང་ཡང་སླེབས་རྒྱུའི་ཕྱོགས་སུ་གྲྭ་སྒྲིག་བྱེད་ཀྱི་མེད་པ་འདི་ནི་མི་རིགས་ཀྱི་གནད་དོན་ཐག་གཅོད་བྱེད་པའི་ལམ་ཁ་ཆུང་དུ་གཏོང་བཞིན་ཡོད་པ་ལས། རྒྱ་ཆེ་རུ་དང་ཁོར་ཡུག་ཆེ་རུ་གཏོང་ཐུབ་ཀྱི་མེད་ལ། རང་ཉིད་ལ་རྒྱབ་སྐྱོར་བྱེད་བདེ་བ་དང་བྱེད་པར་དཀའ་ཚེགས་མེད་པ་དང་། དུས་ཐོག་ལ་ཕན་པ་སོགས་ཀྱི་ཐད་ཀར་གདོང་ལེན་བྱེད་པའི་གོམ་གཤིས་ཤིག་མེད་པར་མི་གཅིག་གིས་རང་ཉིད་ཀྱིས་ཤུགས་རྩལ་ལོ་མང་རིང་སྤྱངས་དེ་སྤྱི་རྒྱ་བརྒྱ་ཡར་འཇོག་ཐུབ་ཀྱི་ཡོད་པ་ཡིན་དུས། ཁྱོད་ཚོས་ཀྱང་སྤྱི་རྒྱ་བརྒྱ་འཇོག་ཐུབ་ཀྱི་རེད་ལ། འཇོག་དགོས་པ་རེད། མ་ཆག་ན་ཁྱེད་ཅག་གི་ནོར་འཁྲུལ་རེད་ཅེས་ཨུ་ཚུགས་བྱེད་པ་དང་འདྲ་མཚུངས་ཀྱི་ལས་འགུལ་རབ་རིབ་ཅིག་སྤེལ་གྱི་ཡོད་པ་ལས། དོན་དངོས་ཐོག་རང་ཉིད་ལ་སྔོན་ཆད་དེ་འདྲའི་ཤུགས་ཡོད་མྱོང་བ་ལས་ད་ལྟ་རང་ཉིད་ལ་ཤུགས་དེ་བསྡད་ཡོད་མེད་ཀྱང་ཞིབ་དཔྱོད་བྱེད་ཐུབ་ཀྱི་མེད་པ་རེད།
ད་ལྟ་དེ་ལས་སེམས་འཚབ་བྱེད་དགོས་པ་ཞིག་ཡོད་པ་ང་ཚོའི་མི་རིགས་འདི་ལ་འགོས་ནད་ཆེན་པོ་ཞིག་འཕོག་ཡོད་ལ། དེ་ནི་འཛམ་གླིང་འདིའི་ཁོར་ཡུག་གང་ས་ནས་འབུས་སྟེ་འོང་གྱིན་པའི་དཔལ་འབྱོར་གྱི་འགོས་ནད་དེ་ཡིན། དཔལ་འབྱོར་གྱི་འགོས་ནད་འདིས་ང་ཚོས་རང་ཉིད་གང་ནས་སྐྱེ་བ་དང་གང་ནས་འོང་བ་སོགས་བརྗེད་དུ་བཅུགས་ཡོད་ལ། ཐ་ན་རང་གི་ཕ་མེས་ཡང་མེས་ཚོས་དཀའ་སྤྱད་སྡུག་རུས་ཀྱི་འབད་འབུངས་བྱས་དེ་འོང་བའི་ཤུལ་ལམ་ལ་དྲན་གསོ་ཙམ་ཡང་བྱེད་མ་ཐུབ་པར་རང་གི་བུ་རབས་ཚ་རྒྱུད་དག་རང་ཉིད་གང་དུ་འོང་བའི་གནས་དེ་ཡི་བདག་པོ་བྱེད་རྒྱུ་ལས་རིང་དུ་འདྲུད་དེ། ཁ་ཐག་དཔག་ཚད་མང་བོ་ཞིག་རྒྱང་དུ་འཕུད་པར་རྒྱུ་དང་ངོ་གསོ། ལྐོག་དངུལ་དང་གཡོ་སྒྱུ་སོགས་མིའི་ཀུན་སྤྱོད་ཡ་རབས་ཀྱི་རྨིང་གཞི་བཤིག་པ་མ་ཟད། རིགས་ཀྱི་དུངས་ཞེན་དང་རིགས་ཀྱི་གསོན་གནས་ལ་འགན་ཁུར་བའི་བསམ་བློ་རྩ་བྲལ་གྱི་ཁོར་ཡུག་ཞིག་ལ་ཁ་ཡག་དང་ཡིད་སྨོན། རེ་བ་རྫུན་མ་བཅས་ཀྱི་ཁྲོད་ནས་ལམ་འཇུག་བྱེད་པ་དང་རང་ཉིད་འགོ་བྱས་དེ་སོང་ནས་ཕེབས་བསུ་བྱེད་པ་སོགས་ནི། སྲིད་གཞུང་ངན་པ་ཞིག་གིས་ང་ཚོའི་སྤུན་ཟླ་དག་གི་འགོ་ལ་མེ་མདའ་བཞག་ནས་བཙན་གནོན་བྱས་པ་ལས་འཇིགས་སུ་རིང་བར་གྱུར་བཞིན་ཡོད་པ་རེད།
མི་ཟེར་བ་འདི་ནི་ས་སྒང་འདི་ལ་རྒྱུ་དང་འབྱོར་བ་དང་ཤ་ཁྲག་རུས་གསུམ་གྱི་གཟུགས་པོ་འདི་ལ་གཡོག་པོ་ཁོ་ན་ཞིག་བྱེད་པའི་ཆེད་དུ་འོང་བ་མིན་པར། ཤེས་རབ་དང་རྣམ་དཔྱོད་ཀྱི་རྩ་ལམ་འདི་བེད་སྤྱོད་བྱས་དེ་ཆེས་མཐོའི་སྲོག་ཆགས་ཀྱི་ཁྱད་ཆོས་དང་སྲུ་ཞུ་སྒྲུབ་དུ་འོང་བ་ཡིན་པར་བདག་གིས་སྙམ་གྱི་ཡོད་ལ། མི་མང་བོ་ཞིག་གིས་དེ་ལྟར་མི་བསམ་པར་རང་ཉིད་ནི་རང་ཉིད་ཀྱི་བྲན་གཡོག་དུ་བཀོལ་ནས་མིའི་འདུ་ཤེས་ཀྱི་རིན་ཐང་། ཆེས་ཚད་མཐོ་བའི་སྲོག་ཆགས། འགྲོ་བ་མིའི་ཀུན་སྤྱོད་ཀྱི་ཆེས་མཐོང་། འགྲོ་བ་འདྲ་མཉམ་གྱི་བདེ་སྡུག་གི་འབྱུང་གནས་སོགས་ལ་འགན་ལེན་པའི་སྙིང་སྟོབས་མེད་པ་དང་། བདེན་པའི་སྐད་ཆ་བཤད་རྒྱུར་སྐྲག་སྣང་ཅན་དུ་སྒྱུར་ནས་གཡོ་སྒྱུ་བྱེད་ཤེས་པ་དང་མི་གཅིག་ལ་གདོང་ག་ཚོད་མང་བ་དེ་ཙམ་གྱིས་མིའི་སྤྱི་ཚོགས་ཀྱི་དབུ་ཁྲིད་མཁན་དང་མིའི་རིགས་ལ་ཁ་ལོ་སྒྱུར་ཐུབ་མཁན་དུ་རློམ་མཁན་གྱི་མིའི་ཁ་གྲངས་ནི་མང་དུ་འགྲོ་བའི་ཉེན་ཁ་ཆེན་པོ་ཞིག་དང་འཕྲད་ཡོད་པ་རེད།
དེང་དུས་ཁ་ཤས་ཀྱིས་མི་གཞན་གྱིས་རང་ཉིད་ལ་བཙན་འཛུལ་བྱས་པ་དེར་བསམ་ཤེས་བྱེད་པ་ནི་སྡར་མ་ཡིན་པ་དང་གནས་ལུགས་དང་མི་མཐུན་པར་སྨྲ་བཞིན་ཡོད་པ་རེད། དེ་ལྟར་སྨྲ་མཁན་གྱི་སྐྱེ་བོ་དག་གིས་དངོས་ནས་འཚེ་བ་མེད་པ་དང་ཞི་བདེ་ལ་དགའ་ཟེར་བ་ནི་དངོས་ནས་དགོད་སྤྲོ་བའི་སྐད་ཆ་ལས་དོན་དངོས་མ་ཡིན་པ་ཤུགས་ལ་བསྟན་ཡོད་པ་རེད། དངོས་ནས་ཞི་བདེ་དང་བརྟན་བརླིང་། འགྲོ་བ་བདེ་ཐང་། ཕན་ཚུན་གུས་ཉམས་བཅས་ཐོབ་དགོས་པར་འདོད་ཀྱི་ཡོད་ན། དེང་ཐོག་གཞན་ལ་བསམ་ཤེས་དང་བཟོད་བསྲན་གྱི་འདུ་ཤེས་མེད་པར་ཞི་བདེ་བརྟན་བརླིང་ཟེར་བ་ཞིག་ཡོང་ཐབས་མེད་ལ། ཕར་ཕྱོགས་དུས་རྒྱུན་དུ་ང་རང་ལ་ཐུབ་ཚོད་དང་བརྙས་བཅོས་རྐྱང་རྐྱང་བྱེད་ཀྱི་འདུག ང་རང་ལ་གོ་སྐབས་ཤིག་མི་རེག་གི་མི་འདུག་མ་གཏོགས་རེག་དུས་སུ། ངས་ཀྱང་དགྲ་ཤ་ལེན་ཁོ་ཐག་ཡིན་ཟེར་ནས་བཤད་མཁན་ཡོད། དེ་འདྲ་ཡིན་ན་ཁོང་ཚོས་ད་ལྟ་ང་ཚོ་ལ་བྱེད་བཞིན་པ་དེ་ནི་མ་འགྲིག་པ་གང་ཞིག་འདུག་གམ། ཁོང་ཚོ་ལ་གོ་སྐབས་དང་དབང་ཤུགས་ཐོབ་ཡོད་པ་མ་རེད་དམ། ང་ཚོས་འདི་ལྟར་བསམ་བློ་ཞིབ་ཚགས་པོ་བཏང་ནས་ཞི་བདེ་བརྟན་བརླིང་ནི་ཁ་ཞེ་གཉིས་མེད་ཡིན་པ་དང་། ཐ་ན་རང་གི་ཚེ་སྲོག་གིས་བདེན་དབུང་བྱེད་དགོས་ཐུག་ནའང་དྲང་བདེན་དང་ཞི་བདེའི་ལམ་སྟོན་བྱེད་ཆེད་དུ། རང་ཉིད་ཀྱི་ཚེ་སྲོག་བློས་གཏོང་བྱེད་པར་གྲྭ་སྒྲིག་དགོས་པ་ཡིན། དེ་ལྟར་མིན་པར་མི་སུས་ཀྱང་ཕར་ཕྱོགས་ལ་ཡིད་ཆེས་འཕེར་བའི་བརྡ་ལན་ངོ་མ་ཞིག་སྤྲོད་ཐུབ་ཀྱི་ཕར་ཞོག རང་གི་ཕྱོགས་སུ་དེ་ཡི་ལམ་སྣེ་རུ་ཁྲིད་པ་དང་ཕྱོགས་སྟོན་ཙམ་ཞིག་བྱེད་པར་ཡང་དཀའ་ངལ་ཏན་ཏན་འཕྲད་ཀྱི་ཡིན་པ་ནི་བཤད་མ་དགོས་པ་ཡིན།
ང་ཚོས་རང་ཉིད་ལ་ཞི་བདེ་དགོས་པ་དེ་བཞིན་དུ་ཕར་ཕྱོགས་ཀྱང་ཞི་བདེ་ལ་དགའ་བར་བྱེད་པའི་མི་སྡེ་ཞིག་བཟོ་བར་རང་ཉིད་ལ་གྲྭ་སྒྲིག་ཚགས་ཚུད་པོ་ཞིག་དགོས་པ་ཡིན། དེ་ཡང་ཁ་ནས་བཤད་ཤེས་པ་དང་མི་ཐོག་ལ་ཁ་གདངས་ཤེས་པ་དེ་ཙམ་གྱིས་འོང་གི་མེད། རང་ཐོག་ནས་འགོ་བཙུགས་དེ་ཞི་བདེ་ལེན་སའི་ཡུལ་དེ་ཡང་ཞི་བདེ་མེད་སའི་ཁོར་ཡུག་དེ་ལ་སོང་ནས་ཞི་བདེ་བསྐྲུན་པར་འབད་འབུངས་ལྷོད་མེད་བྱེད་རྒྱུ་དེ་ཡིན་ལ། རྒྱུ་དངོས་གང་གིས་ཀྱང་བཙན་འཛུལ་སླེབས་དུ་མ་བཅུགས་པ་དང་ཕ་མ་ཉེ་དུ་སོགས་ཀྱི་ཕྱོགས་རུས་མེད་པ་ཞིག་གི་སྒོ་ནས་བདེན་པའི་སྟོབས་ལ་གློ་སྙིང་བྲང་གསུམ་འབུལ་མཁན་ཞིག་བྱུང་དགོས་ཀྱི་ཡོད་པ་རེད། དེ་ལྟར་བྱུང་བ་ཡིན་ན་ཞི་བདེ་ལ་དགའ་བ་དང་ཞི་བདེ་ལ་རྩོད་ལེན་བྱེད་ཀྱི་ཡོད་ཅེས་བཤད་ན་རང་གི་སྐད་ཆ་རང་གི་ཡིན་ལ། རང་གི་སྐད་ཆའི་བདག་པོ་ཡང་རང་ཉིད་ངོ་མ་ཆགས་པ་ཡིན། རང་གིས་བཤད་པའི་སྐད་ཆའི་ནུས་པ་ཡང་འཕེལ་རྒྱས་སོང་བ་ཡིན།
ཞི་བདེའི་ཆེད་དུ་ལམ་ལ་ཆས་མཁན་གྱི་མི་ཞིག་ལ་མཚོན་ན་གཡོ་སྒྱུ་ཡོད་མི་རུང་བ་དང་ཆུ་སྣ་གར་ཁྲིད་ལྟ་བུའི་བསམ་བློ་ཡོད་མཁན་གྱི་མི་ཞིག་གཏན་ནས་བྱེད་མི་རུང་བ་མ་ཟད། རང་ཉིད་ལ་ཡིད་ཆེས་དང་གདེང་ཚོད་ཡོད་དགོས་པ་མ་ཟད། ཆེས་མེད་དུ་མི་རུང་བ་ནི་བློས་གཏོང་ཟེར་བ་འདི་ཡིན། བློས་གཏོང་མེད་པར་རླབས་ཆེ་བའི་བྱ་བཞག་འདི་འདྲ་ཞིག་གི་སྐད་སྐུར་བྱེད་མཁན་གྱི་མི་སྣ་ཙམ་ཡང་གཏན་ནས་ཡོང་ཐབས་བྲལ་བ་ཡིན། བློས་གཏོང་ཡོད་པའི་མི་དེ་ཡི་བྲང་ཁོག་དུ་ད་གཟོད་བདེན་པའི་སྟོབས་ཀྱི་ངར་ཤུགས། ལྷག་བསམ་དཀར་པོའི་འོད་སྟོང་གི་བཀང་དེ་འོང་བ་ཞིག་ཡིན་དུས། ཁོ་རང་གང་དུ་བསྡད་ཀྱང་། གང་དུ་སོང་ནའང་ཁོ་རང་གི་སེམས་ནང་དུ་སྡུག་བསྔལ་རྩ་བྲལ་དུ་སོང་ཡོད་ལ། སེམས་པའི་ཕྱི་ནང་ཡོད་ཚད་བདེ་སྐྱིད་ཀྱིས་ཚིམས་དེ་འགྲོ་བ་དང་འཚོ་བཞིན་ཡོད་པ་རེད།
ཞི་བདེའི་ཆེད་དུ་སྐད་ཆ་བཤད་པའི་འགོ་བརྩམས་པའི་མི་ཞིག་གི་བྲང་ཁོག་ནང་དུ་མི་རིགས་ཀྱི་དབྱེ་བ་ཡོད་མི་རུང་ལ། ཁོ་རང་གིས་རྩོད་བཞིན་པ་དེ་ཡང་འདྲ་མཉམ་དང་མཉམ་གནས། བརྟན་གནས་དང་ལྷིང་འཇག བརྩི་བཀུར་དང་ཆེས་མཐོང་བཅས་ལ་བསམ་ཤེས་ཡོད་པ་ནས་ངོས་སུ་ལག་ལེན་གྱི་སྟེང་ནས་ར་སྤྲོད་པ་ཞིག་ཡིན་དགོས་ཀྱི་ཡོད་ལ། དེ་ཡི་ཆེད་དུ་རང་གི་རིགས་ཀྱི་གཙོ་བའི་འགྲོ་བ་མིའི་འདྲ་མཉམ་གྱི་ལྟ་སྤྱོད་ཀྱི་བདག་དབང་དང་ཁེ་ཕན་ཆེད་དུ་སྐད་ཆ་བཤད་འོས་པ་དང་རང་གི་རིགས་ཀྱི་རང་དབང་དང་ཞི་བདེ་རྩོད་ལེན་བྱེད་རུང་བ་ཡིན་པར་སྙམ་གྱི་ཡོད་པ་ཡིན། དེ་ཡི་སྟབས་ཀྱི་ངས་ད་ལྟའི་བར་དུ་རྩོད་དང་བརྩོད་བཞིན་པའི་ཞི་བའི་འཐབ་རྩོད་འདི་ཡང་། དྲང་བདེན་རྩ་བྲལ་དུ་སོང་བའི་རང་རྒྱལ་གཞན་ཕམ་གྱི་བསམ་བློ་དང་རིང་དུ་གྱེས་དེ་ཡོད་ལ། འགྲོ་བ་འདྲ་མཉམ་གྱི་རང་དབང་མེད་པའི་བོད་མི་རིགས་ཀྱི་བདག་དབང་དང་ཞི་བདེ། རང་དབང་བཅས་རྩོད་ལེན་ཤུགས་ཀྱིས་བྱེད་ཀྱི་ཡོད་ལ། རང་ཉིད་ཀྱི་མེ་ཏོག་འཕགས་པའི་ལྷ་སྐལ་༧གོང་ས་མཆོག་སྐུ་ངོས་འཚོ་ཞིང་བཞུགས་པའི་དུས་སྐབས་སུ་རང་ཡུལ་དུ་གདན་འདྲེན་བྱེད་པར་འགན་ཞིག་འཁུར་བའི་ཁུལ་ཡིན་པར་སྤོབས་པ་ཡོད་པའི་སྒོ་ནས་བཤད་ཐུབ་ཀྱི་ཡོད།
མཐའ་དོན་དུ་སྐད་ཆ་གསལ་བོ་ཞིག་བཤད་ན་རང་ཉིད་གཅིག་བུ་ལས་བསམ་རྒྱུ་མེད་པའི་ལས་ཀ་ཞིག་བྱས་པ་དེ་འགྲིག་གི་ཡོད་ན། ང་ཚོ་ལ་ཞི་བདེ་ཟེར་བ་ཡོང་ཐབས་མེད་ལ། རང་དབང་ཟེར་བ་དེ་ཡང་དེ་འདྲའི་རིན་ཐང་ཡོད་པ་ཞིག་མིན། སྲིད་གཞུང་ངན་པ་དག་གིས་འུ་ཅག་གི་རིགས་རུས་ལ་གདུག་རྩུབ་གཏོང་བ་དེ་ཡང་སྒེར་དོན་ཁོ་ན་ཡིན་པས་དེ་ལ་ངོ་རྒོལ་བྱེད་དགོས་པའི་དོན་དག་གང་ཡང་མེད་པ་ཆགས་པ་རེད། དེ་ཡིན་དུས་འུ་ཅག་རང་ལས་གཞན་གཅེས་བྱེད་པའི་འདུ་ཤེས་ཁོ་ན་གཉེར་མ་ཐུབ་རང་འགྲོ་བ་འདྲ་མཉམ་གྱི་ཁེ་དབང་རྩོད་སྟངས་ཤིག་ལ་གཏན་ནས་ནོར་འཁྲུལ་ཤོར་མི་ཉན་པ་ཡིན། ཡིན་ཡང་། ངས་བཤད་པའི་སྐད་ཆ་ཚང་མར་ནོར་འཁྲུལ་མེད་པར་ངས་གཏན་ནས་ཐག་བཅད་མེད་ལ། ངས་གང་བཤད་པ་དེ་དག་ལ་ཀློག་མཁན་སུ་ཡོད་ཀྱིས་ཡིད་ཆེས་བྱེད་རོགས་ཟེར་ནས་ཨུ་ཚུགས་ཀྱང་རྒྱག་གི་མེད། ངས་རང་གི་ལུས་ངག་ཡིད་གསུམ་གྱི་མྱོང་བྱང་ཡི་གེར་བཏབས་པ་དེ་ཡིན། དེ་ཡི་ཁྲོད་ནས་ཁྱེད་ཅག་ལ་འཚམ་པའི་ལེགས་སྐྱེས་འདྲ་ཡོད་ན་ངས་མིའི་རིགས་ལ་ཕུལ་བའི་ཟས་རིན་དང་། ལེན་རྒྱུ་འདྲ་མེད་ན་ཐེངས་གཅིག་ཀློག་རྗེས་བརྗེད་དུ་འཇུག་ངེས་ཡིན་པ་དེར་ངས་ལེ་བདའ་གཏན་ནས་མེད་པ་ཐུགས་སུ་འཇག་པར་ཞུ།
༢༩།༥།༡༢བྲིས།