བོད། ཤ་ཁྲག་རུས་གསུམ།
གླུ་ཚིག་འདི། བོད་ཀྱི་གླུ་བ་གླུ་མ་སུས་ངའི་ཚབ་ཏུ་ངག་ལ་གྱེར་ཐུབ་ན་དེར་བཀའ་དྲིན་ཆེ་ཞུ།
ཤ་ཁྲག་རུས་གསུམ་བོད་ལ་སྐྱེ་ཉིན་ནས།།
ཤ་ཁྲག་རུས་གསུམ་བོད་ཀྱི་ཆེད་དུ་བཙག།
དམར་བོ་ཁྲག་གི་ཐིགས་པ་བོད་ནས་ཟེགས།།
སྙི་མོ་ཤ་ཡི་ན་ཟུག་བོད་ནས་གྲུབ།།
རུས་པའི་རང་ཚུགས་སྲ་མོ་བོད་དུ་བསྐྲུན།།
དམར་བོ་ཁྲག་གི་ཐིགས་པ་མ་ཆད་པར།།
སྙི་མོ་ཤ་ཡི་ན་ཟུག་མ་རྫོགས་བར།།
རུས་པའི་རང་ཚུགས་སྲ་མོ་མ་འཐོར་བར།།
ཤ་ཁྲག་རུས་གསུམ་བོད་ལ་གཏོགས་པ་འདི།།
བོད་མིའི་བདེན་དོན་ཆེད་དུ་བཙག་རྒྱུ་ཡིན།།
དམར་པོ་ཁྲག་གི་སྙན་ངག་ང་ཡིས་འབྲི།།
སྙི་མོ་ཤ་ཡི་ན་ཟུག་ང་ཡིས་གླེང་།།
རུས་པའི་རང་ཚུགས་སྲ་མོ་ང་ཡིས་འཛིན།།
ཤ་ཁྲག་རུས་གསུམ་བོད་ལ་བདག་པ་འདི།།
བོད་ཀྱི་རང་དབང་ཆེད་དུ་འབུལ་རྒྱུ་ཡིན།།
དམར་བོ་ཁྲག་གི་མཆོད་པ་མེ་ལ་དྲངས།།
སྙི་མོ་ཤ་ཡི་ན་ཟུག་མེ་ལ་བསྲེག།
རུས་པའི་རང་ཚུགས་སྲ་མོ་མེ་ལ་བཏབ།།
ཤ་ཁྲག་རུས་གསུམ་བོད་དོན་ཕུལ་བ་ཚོའི།།
ཁ་ཆེམས་སྙིང་ལ་བཅིངས་ཏེ་བོད་དུ་འགྲོ།
བོད་མི་ས་ཡ་དྲུག་གི་བུ། གླིང་ཚ་ཚེ་བརྟན་རྡོ་རྗེ་རུ་འབོད་པས་བལ་ཡུལ་བཙོན་ཁང་ནས་བྲིས་པའོ།།