བོད་སྐྱོད་ཞི་བའི་གོམ་བགྲོད་པ་ཚེ་བརྟན་རྡོ་རྗེ་ལགས་བོར་བརླག་ཏུ་ཕྱིན་ནས་ཟླ་ ༩ ཙམ་འགྲོ་བཞིན་ཡོད་ཀྱང་གར་ཡོད་ཅི་བྱུང་གི་གནས་ཚུལ་གང་ཡང་རྩད་གཅོད་ཐུབ་མི་འདུག
འདས་ལོའི་ཕྱི་ཟླ་ ༣ ཚེས་ ༡༠ ཉིན་གླིང་ཚ་ཚེ་བརྟན་རྡོ་རྗེ་ལགས་ཀྱིས་དགོས་འདུན་དོན་ཚན་ ༥ ཡི་འོག དྷ་རམ་ས་ལ་ནས་བོད་སྐྱོད་ཞི་བའི་གོམ་བགྲོད་ཐེངས་གཉིས་པ་མགོ་འཛུགས་བྱས་ཏེ། རྒྱ་གར་བྱང་ཤར་ཁུལ་གྱི་མངའ་སྡེ་ཁག་ ༦ ཙམ་བརྒྱུད་དེ་གོམ་བགྲོད་བྱས་མཐར། ཕྱི་ཟླ་ ༦ ཚེས་ ༨ ཉིན་རྒྱ་གར་གྱི་ནུབ་བྷིང་གྷིལ་ (West Bengal) མངའ་སྡེའི་ཀ་ལོན་སྦུག་ནས་བོར་བརླག་ཏུ་ཕྱིན་ཡོད་པ་དང་། ད་ལྟའི་བར་ཟླ་ ༩ ཙམ་འགྲོ་བཞིན་ཡོད་ཀྱང་ཁོང་གི་སྐོར་མཐོང་ཐོས་གང་ཡང་མེད་སྟབས། ཕྱི་ཟླ་ ༢ ཚེས་ ༢༥ ཉིན་འདི་གའི་གསར་འགོད་པས་དྷ་རམ་ས་ལར་ཡོད་པའི་ཁོང་གི་ཨ་མ་ལྡོམ་པོ་སྐྱིད་ལགས་ལ་ཚེ་བརྟན་རྡོ་རྗེའི་སྐོར་གོ་ཐོས་བྱུང་ཡོད་མེད་དྲིས་པར་ཁོང་མོས། “ཚེ་བརྟན་རྡོ་རྗེ་བརླག་ནས་ཉིན་ཞག་ ༤༦༠ ཙམ་འགྲོ་བཞིན་ཡོད་པ་རེད། ཨུ་ཐུག་པའི་སྐབས་སུ་ཁོ་རང་རྨི་ལམ་དུ་རྨིས་ན་བསམ་ཡང་རྨི་ལམ་ལའང་རྨིས་རྒྱུ་མི་འདུག བཟང་ཕྱོགས་ནས་བསམ་བློ་བཏང་ན། ནམ་ཞིག་རྒྱ་གཞུང་གིས་བཙོན་པ་ཚོ་བཙོན་གྲོལ་གཏོང་ཡོང་སྐབས་གྲལ་དུ་ཡོད་རྒྱུ་རེད་བསམ་གྱི་འདུག ཡང་སྡུག་ས་ནས་བསམ་བློ་བཏང་ན། རྒྱ་གར་ལུང་པ་ཞིག་ནས་ཤི་སྟེ་ཐ་ན་རོ་ཙམ་ཡང་མཐོང་ཐུབ་རྒྱུ་མ་རེད་བསམ་གྱི་འདུག གང་ལྟར། རྒྱ་གར་ནང་ཡོད་མེད་ཐག་གཅོད་ཐུབ་པ་ཞིག་བྱུང་ན་ང་རང་གི་སེམས་ནས་ཀྱང་སྡུག་བསྔལ་ཞིག་དྭངས་འགྲོ་ས་རེད། ”ཅེས་བརྗོད་བྱུང་།
ཨ་མ་ལྡོམ་པོ་སྐྱིད་ལགས་ཀྱི་ཁྱོ་ག་ཉེ་ལམ་བོད་དུ་ལོག་ཡོད་པའི་སྐོར་དྲིས་པར། ཁོང་མོས་འདི་ལྟར་བརྗོད་བྱུང་། “ སྔོན་མ་ནས་ཕ་ཡུལ་དུ་སྐོར་ཞིག་རྒྱག་ཨེ་ཐུབ་ན་བསམ་སྟེ་ཡི་གེ་ལེན་ཐབས་བྱས་ཀྱང་རག་མ་སོང་། གང་ཡིན་ཟེར་ན་རྒྱ་གར་ནང་ཁོ་རང་གི་གཟུགས་པོའང་བདེ་བོ་མི་འདུག ན་ནིང་བུ་བོར་བརླག་ཏུ་ཕྱིན་རྗེས་བསྐྱར་དུ་ཡི་གེ་ལེན་རྒྱུར་འབད་བརྩོན་བྱས་ཏེ། མཐའ་མ་དེར་ཁོ་རང་ལ་རག་སོང་། བུ་མོ་དང་ངེད་གཉིས་ལ་ཆོག་མཆན་སྤྲད་མི་འདུག འོན་ཀྱང་གལ་སྲིད་ཚེ་བརྟན་རྡོ་རྗེ་རྒྱའི་བཙོན་ཁང་ནས་ཤི་སོང་ན་རོ་བདག་ཅིག་དགོས་པ་རེད། ངེད་གཉིས་ཀ་རྒྱ་གར་ནང་བསྡད་ན་ཕན་ཐོགས་མི་འདུག་བསམ་ནས་ཁོ་རང་ཡུལ་དུ་ཕྱིན་པ་རེད། ངེད་གཉིས་ལོ་བཅུ་དྲུག་ཙམ་ནས་བཟའ་ཚང་བྱས་ཏེ་ད་ལྟ་ལོ་ལྔ་བཅུར་སླེབ་སྐབས་ཁ་ཁ་བྱས་ཏེ་སྡོད་དགོས་ཆགས་སོང་། ཡིན་ནའང་ཁོ་བོད་ནང་ཕྱིན་ཏེ་ཟླ་ ༣ ལྷག་ཕྱིན་པའི་རིང་། རྒྱ་གཞུང་གིས་དཀའ་ངལ་གང་ཡང་བཟོས་མི་འདུག” ཅེས་བརྗོད་བྱུང་།
བདེ་སྲུང་བཀའ་བློན་འབྲོང་ཆུང་དངོས་གྲུབ་མཆོག་ལ་བོད་མིའི་སྒྲིག་འཛུགས་ཀྱི་ངོས་ནས་ཚེ་བརྟན་རྡོ་རྗེའི་སྐོར་གོ་ཐོས་བྱུང་ཡོད་མེད་བཀའ་འདྲི་ཞུས་པར་ཁོང་གིས། “རྒྱ་གར་བྱང་ཤར་ཁུལ་གྱི་ས་གནས་བདེ་དོན་ཁག་བརྒྱུད་དེ་འབྲེལ་ཡོད་ལས་ཁུངས་ཁ་ཤས་ལ་འབྲེལ་བ་བྱས་ཀྱང་གསལ་བོ་གང་ཡང་ཤེས་མི་འདུག གལ་སྲིད་ས་གནས་རྒྱ་གར་བཙོན་ཁང་ཞིག་ཏུ་ཡོད་ན་ཤེས་ཡོང་བ་ཞིག་ཡིན་ལ། རྒྱ་གར་གཞུང་གིས་ཁོང་འཛིན་བཟུང་བྱེད་དགོས་པའི་རྒྱུ་མཚན་ཡང་ཡོད་པ་མ་རེད། རང་དབང་ལུང་པ་ལྟ་བུ་རྩད་གཅོད་བྱེད་ཐུབ་ས་ཞིག་ཏུ་ཡོད་ན་རྩད་གཅོད་ཐུབ་པ་རེད། དེ་མིན་པར་བཙན་འོག་ཅིག་ཏུ་ཚུད་བསྡད་ཡོད་ན་ལམ་སང་རྩད་གཅོད་ཐུབ་རྒྱུ་ཁག་པོ་རེད། རྒྱལ་ཁབ་དེ་དང་ཚན་པ་དེས་ངོས་ལེན་བྱེད་རྒྱུ་ཁག་པོ་རེད། དེ་སྔོན་གྲོས་ཚོགས་ནང་དུ་ངས་གསལ་བོ་ཞུས་ཡོད་པ་ལྟར། རྒྱ་གར་ལུང་པའི་ནང་ཡོད་པ་ཞིག་ལ་ངོས་འཛིན་བྱེད་ཀྱི་མེད། གང་ལྟར་དུས་ཚོད་ཅིག་གི་ནང་གསལ་བོ་ཆགས་ཡོང་གི་རེད།” ཅེས་གསུངས་བྱུང་།
གསར་འགོད་པ། པདྨ་མཚོ།
༼བོད་ཀྱི་དུས་བབ་ཚགས་པར་ལས་འདིར་བཀོད༽
ཞི་བའི་འཐབ་རྩོད་པ་གླིང་ཚ་ལགས་ལ། ང་རང་བོད་མི་སྤྱི་བོ་གནམ་བསྟན་དང་བོད་མི་མིག་རྣམས་ཀྱིས་ཡི་རང་བྱེད་དགོས་པ་ཁོ་ནར་འཁུམས་སོ།། རྒྱལ་གཅེས་དཔའ་བོ་མྱུར་དུ་རྒྱལ་བར་ཤོག
གླིང་ཚ་ཚེ་བརྟན་རྡོ་རྗེ་ལགས་ཀྱིས་བོད་མི་ས་ཡ་དྲུག་གི་དོན་དུ་རང་སྲོག་འབེན་ལ་བཙུགས་ནས་དགོས་འདུན་དོན་ཚན་ ༥ ཡི་དམིགས་ཡུལ་མ་འགྲུབ་བར་ང་ཚོའི་ཁོང་གང་དུ་ཡོད་མེད་ཤེས་རྟོགས་དཀའ། དམིགས་ཡུལ་དེ་དག་མ་གྲུབ་བར་ང་ཚོ་ཁྱོད་དང་སྐྱིད་སྡུག་མཉམ་མྱོང་ཡིན།
ཤི་དགོས་པ་ལས་ཀྱི་ཐ་མ་རེད། མིས་མི་ཤེས་ལ་ཁྱི་ཡིས་མི་འཚོར་བ་བྱེད་པ་སྒེར་གཅོད་པ་ཚོའི་བྱེད་སྟངས་རེད། འོན་ཀྱང་རང་དབང་ལུང་བ་ནས་གར་སོང་ཆ་མེད་དུ་གྱུར་བ། བྱིས་པའི་ལས་འགུལ་རེད།