ཟླ་འདིའི་ཚེས་ ༦ ནས་ ༡༨ བར་༧གོང་ས་མཆོག་གིས་ཉི་ཧོང་དུ་ཆོས་ཕྱོགས་ཀྱི་མཛད་འཕྲིན་ཁག་བསྐྱང་རྒྱུ་ཡིན་འདུག
དེ་རིང་ཕྱི་ཚེས་ ༥ ཉིན་གྱི་ཉིན་གུང་ཆུ་ཚོད་ ༡༡།༠༠ ཡས་མས་སུ་༧གོང་ས་མཆོག་བཞུགས་སྒར་མི་མང་གི་ཕེབས་སྐྱེལ་ཁྲོད་ལྡི་ལིར་ཆིབས་བསྒྱུར་གནང་སོང་ལ། ཟླ་འདིའི་ཚེས་ ༧ ཉིན་༧གོང་ས་མཆོག་གིས་ཉི་ཧོང་གི་ཨེམ་ཀེ་ཁེ་ཀེན་ (MK Kaikan Hall) ཚོགས་ཁང་དུ་ཕྱི་ལོ་ ༢༠༡༡ ལོར་ས་ཡོམ་དང་མཚོ་རླུང་དྲག་པོའི་གོད་ཆག་ཁྲོད་གནོད་འཚེ་ཕོག་མཁན་གྱི་ཡུལ་མི་རྣམས་ལ་སེམས་གསོ་དང་། མང་ཚོགས་ལ་བཀའ་སློབ་གནང་རྒྱུ་ཡིན་འདུག
ཕྱི་ཚེས་ ༡༡ དང་ ༡༢ བཅས་ཉིན་གཉིས་རིང་ཀྱོ་ཊོ་ (Kyoto) སེམས་དང་སྲོག་གི་གཙུག་ལག་སློབ་ཆེན་དུ་མཁས་དབང་ཁག་ཅིག་དང་ལྷན་ནང་པའི་གཞུང་ལས་བྱུང་བའི་ཚན་རིག་དང་དེང་རབས་ཚན་རིག་སྐོར་ལ་གོ་བསྡུར་སྦྱང་བཤད་གནང་རྒྱུ་ཡིན་འདུག
ཕྱི་ཚེས་ ༡༣ ཉིན་དང་ཚེས་ ༡༤ བཅས་ཉིན་གཉིས་རིང་ཀོ་ཡ་སང་དགོན་པར་༼ལམ་རིམ་བསྡུས་དོན༽དང་༼བློ་སྦྱོང་ཚིག་བརྒྱད་མ༽གཉིས་ཀྱི་བཀའ་ཆོས་དང་། བཀའ་དབང་བཅས་གནང་རྒྱུ་ཡིན་འདུག་ལ། ཚེས་ ༡༧ ཉིན་རྒྱལ་ས་ཊོག་ཀྱོ་ཨོའུ་ཀོ་ར་མགྲོན་ཁང་དུ་དད་ལྡན་མང་ཚོགས་ལ་༼རྒྱལ་སྲས་ལག་ལེན་སོ་བདུན་མ༽གསུང་ཆོས་གནང་རྒྱུ་ཡིན་འདུག
གསར་འགོད་པ། དོན་གོ