དེ་རིང་ཡུ་རོབ་སྤྱི་འཐུས་ཆུང་བདག་ཀོ་རིན་ལགས་ཀྱིས་དགོངས་པ་ཞུས་ཚབ་ཏུ་སྒུག་ཐོ་དང་པོ་བཀྲས་མཐོང་བསྟན་འཛིན་དབང་པོ་ལགས་ཀྱིས་སྤྱི་འཐུས་ཀྱི་ལས་འཁུར་དམ་འབུལ་གནང་སོང་།
དེ་རིང་སྔ་དྲོའི་ཆུ་ཚོད་ ༡༠།༣༠ སྟེང་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་ཁང་དུ། སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་གཙོས་སྤྱི་འཐུས་རྒྱུན་ལས་རྣམ་པ་དང་ཚོགས་དྲུང་སྟོབས་རྒྱལ་ལགས་བཅས་ལྷན་བཞུགས་གནང་བའི་ཐོག དེ་སྔའི་ཡུ་རོབ་སྤྱི་འཐུས་ཆུང་བདག་ཀོ་རིན་ལགས་ཀྱིས་རྩ་དགོངས་ཞུས་པའི་ཚབ་ཏུ་སུད་སུར་གནས་སྡོད་བཀྲས་མཐོང་བསྟན་འཛིན་དབང་པོ་ལགས་ཀྱིས་སྤྱི་འཐུས་ཀྱི་ལས་འཁུར་དམ་འབུལ་ཞུས་སོང་།
དམ་འབུལ་མཛད་སྒོའི་ལས་རིམ་གྲུབ་རྗེས། སྤྱི་འཐུས་ཚོགས་གཙོ་མཆོག་དང་སྤྱི་འཐུས་རྒྱུན་ལས་རྣམ་པ། ཚོགས་དྲུང་ལགས་བཅས་ཀྱིས་སྤྱི་འཐུས་དབང་པོ་བཀྲིས་མཐོང་ལགས་ལ་མཇལ་དར་སྒྲོན་པ་དང་གསོལ་ཇ་འབྲས་སིལ་འདེགས་འབུལ་ཞུས་སོང་།
ད་ལོའི་ཟླ་ ༣ ཚེས་ ༡༧ ཉིན་ཡུ་རོབ་སྤྱི་འཐུས་ཆུང་བདག་ཀོ་རིན་ལགས་ཀྱིས་ཁོང་མོའི་སྐུ་གཟུགས་གནས་སྟངས་བདེ་བོ་མེད་པར་བརྟེན་སྤྱི་འཐུས་ལས་གནས་ནས་རྩ་དགོངས་ཞུ་བའི་སྙན་ཞུ་ཕུལ་བར་དགོངས་འཕྲོལ་གནང་ཡོད་སྟབས། དབུས་འོས་བསྡུ་ལས་ཁང་གིས་བཙན་བྱོལ་བོད་མིའི་བཅའ་ཁྲིམས་དོན་ཚན་ ༥༧ པའི་ནང་གསེས་ ༢ པའི་དགོངས་དོན་ལྟར། ཡུ་རོབ་སྤྱི་འཐུས་ཀྱི་སྒུག་ཐོ་དང་པོ་བཀྲས་མཐོང་བསྟན་འཛིན་དབང་པོ་ལགས་སྐབས་ ༡༥ པའི་སྤྱི་འཐུས་སུ་བསྐོ་བཞག་གནང་བ་ཞིག་ཡིན་འདུག
བཀྲས་མཐོང་བསྟན་འཛིན་དབང་པོ་ལགས། ༡༩༦༣ ལོར་སུད་སིའི་ས་གནས་ཌོབ་ཇན་ (Trogen)ཞེས་པར་སྐྱེས་ཤིང་། ཛོ་རེཁུ་གཙུག་ལག་མཐོ་སློབ་དུ་ལོ་རྒྱུས་གཙུག་ལག་རབ་འབྱམས་ཐོན་རྗེས། ལས་ཞོར་དུ་ཡུ་རོབ་བོད་རིགས་གཞོན་སྐྱེས་ལྷན་ཚོགས་དང་འཇར་མན་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་། སུད་སི་བོད་རིགས་མཛའ་མཐུན་ལྷན་ཚོགས་ཀྱི་རྒྱུན་ལས་སོགས་གནང་མྱོང་ཡོད་འདུག
གསར་འགོད་པ། ལྷ་སྐྱབས་རྒྱལ།