རྒྱ་ནག་གི་སྲིད་བློན་ལི་ཁེ་ཆང་ཨ་ཧྥི་རི་ཀའི་ནེ་ཇི་རི་ཡ་རྒྱལ་ཁབ་ནང་སྐོར་སྐྱོད་བྱས་ཏེ་ ༢༠༢༠ ལོའི་ཚུན་དུ་རྒྱལ་ཁབ་གཉིས་བར་ཨ་སྒོར་ཐེར་འབུམ་ ༤༥༠ ཙམ་གྱི་ཚོང་དོན་གྲོས་ཆོད་བཞག་ཡོད་འདུག
ཟླ་འདིའི་ཚེས་ ༤ ཉིན་ནས་བཟུང་རྒྱ་ནག་གི་སྲིད་བློན་ལི་ཁེ་ཆང་གིས་ཨ་ཧྥི་རི་ཀའི་མཐུན་གྲོགས་རྒྱལ་ཁབ་བཞིའི་ནང་སྐོར་སྐྱོད་བྱེད་བཞིན་ཡོད་ཅིང་། ཁ་སང་ཚེས་ ༦ ཉིན་ནས་ཉིན་གསུམ་རིང་ནེ་ཇི་རི་ཡའི་སྲིད་འཛིན་ཇོ་ཎ་ཐན་(Goodluck Jonathan)ལགས་དང་སྲིད་འཛིན་གཞོན་པ་སམ་བྷོ་ (NamadiSambo)རྣམ་གཉིས་གཙོས་གནད་ཡོད་མི་སྣ་ཁག་ལ་ཐུག་འཕྲད་ཀྱིས་ལྕགས་ལམ་དང་གཞུང་ལམ་བཟོ་སྐྲུན། གནམ་གྲུའི་འགྲིམ་འགྲུལ། ཁེ་ལས་རྒྱ་སྐྱེད། རྡོ་སྣུམ་ཚོང་ལས། བརྡ་འཕྲིན་འཕེལ་རྒྱས། སོ་ནམ་ཐོན་ལས་སོགས་ཀྱི་ཚོང་དོན་ལ་མིང་རྟགས་བཀོད་ཡོད་འདུག
ཐེངས་འདིར་ལི་ཁེ་ཆང་གིས་སྣེ་ཁྲིད་པའི་ཚོང་དོན་ལྷན་ཚོགས་ཀྱིས་ ༢༠༢༠ ལོ་ནང་ཚུད་དུ། རྒྱ་ནག་དང་ནེ་ཇི་རི་ཡའི་བར་ཨ་སྒོར་ཐེར་འབུམ་ ༤༥༠ ཡི་ཚོང་འབྲེལ་དང་། མཉམ་འབྲེལ་དམག་སྦྱོང་དང་གོ་མཚོན་ཉོ་ཚོང་། རིག་གཞུང་བརྗེ་ལེན་སོགས་ཀྱི་སྐོར་ལ་གྲོས་ཆོད་བཞག་ཡོད་འདུག
ལི་ཁེ་ཆང་གིས་བརྗོད་དོན། “ རྒྱ་ནག་དང་ནེ་ཇི་རི་ཡའི་ཐབས་ཇུས་རང་བཞིན་ལྡན་པའི་འབྲེལ་ལམ་ཉིན་རེ་བཞིན་ཇེ་བཟང་དུ་འགྲོ་བཞིན་ཡོད་སྟབས། ཐེངས་འདིའི་སྐོར་སྐྱོད་བརྒྱུད་འབྲེལ་ལམ་སྔར་ལས་འཕེལ་རྒྱས་སུ་བཏང་སྟེ། གཉིས་ཕན་མཉམ་རྒྱལ་གྱི་དམིགས་ཡུལ་བསྒྲུབ་རྒྱུར་སྐུལ་འདེད་བྱ་རྒྱུ་ཡིན།” ཞེས་བརྗོད་ཡོད་པ་དང་། ནེ་ཇི་རི་ཡའི་སྲིད་འཛིན་ཇོ་ཎ་ཐན་ལགས་ཀྱིས། “ རྒྱ་ནག་ནི་ནེ་ཇི་རི་ཡའི་ཐུན་མོང་མ་ཡིན་པའི་མཐུན་གྲོགས་རྒྱལ་ཁབ་ཡག་པོ་ཞིག་ཡིན་སྟབས། རྒྱལ་ཁབ་གཉིས་ཀྱི་འབྲེལ་ལམ་འཕུར་མཆོང་ལྟ་བུར་འཕེལ་རྒྱས་འགྲོ་རྒྱུ་རེད།” ཅེས་སོགས་བརྗོད་འདུག
རྒྱ་ནག་པེ་ཅིན་གྱི་ནེ་ཇི་རི་ཡའི་གཞུང་ཚབ་ཆེན་མོ་ཀོ་ཞའོ་ཅེ་ (GuXiaojie) ཡིས། ནེ་ཇི་རི་ཡ་ནི་ཨ་ཧྥི་རི་ཀའི་དཔལ་འབྱོར་དང་མངའ་དབང་ཆེ་ཤོས་ཀྱི་རྒྱལ་ཁབ་ཅིག་ཡིན་པ་དང་། རྒྱ་ནག་ནི་འཛམ་གླིང་ཐོག་ཡར་རྒྱས་འགྲོ་བཞིན་པའི་སྟོབས་ཆེན་རྒྱལ་ཁབ་ཅིག་ཆགས་ཡོད་སྟབས། ཐེངས་འདིའི་འབྲེལ་ལམ་དེ་རྒྱལ་ཁབ་ཕན་ཚུན་བར་ཡིད་ཆེས་ཡོང་ཐབས་དང་དཔལ་འབྱོར་འཕེལ་རྒྱས་ཀྱི་འགྲོ་འོང་གལ་ཆེན་ཞིག་ཆགས་ཡོད་སྐོར་བརྗོད་འདུག
ནེ་ཇི་རི་ཡའི་སྲིད་འཛིན་གཞོན་པ་སམ་བྷོ་ལགས་ཀྱིས་ཀྱང་ནེ་ཇི་རི་ཡ་ནི་ཨ་ཧྥི་རི་ཀའི་རྒྱལ་ཁབ་ནང་ནས་རྒྱ་ནག་དང་ཚོང་འབྲེལ་མང་ཤོས་བྱེད་མཁན་གྱི་རྒྱལ་ཁབ་ཨང་གསུམ་པ་དེ་ཆགས་ཡོད་སྟབས། མ་འོངས་པར་ཚོང་འབྲེལ་བྱེད་མཁན་ཨང་དང་པོ་བསྒྱུར་ཐབས་ལ་འབད་བརྩོན་བྱ་རྒྱུ་ཡིན་སྐོར་བརྗོད་འདུག
༡༩༧༡ ལོའི་ཟླ་ ༢ པའི་ཚེས་ ༡༠ ཉིན་རྒྱ་ནག་དང་ནེ་ཇི་རི་ཡ་བར་འབྲེལ་ལམ་ཐོག་མར་བྱུང་བ་ནས་བཟུང་། ནེ་ཇི་རི་ཡ་གཙོས་ཨ་ཧྥི་རི་ཀ་དང་ཨེ་ཤ་ཡ། བྱང་ཨ་མི་རི་ཀའི་རྒྱལ་ཁབ་ཁག་གིས་རྒྱ་ནག་སྐམ་ས་ཆེན་མོ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་གཏན་འཇགས་ཚོགས་མི་ལྔའི་ཁོངས་སུ་འཇུག་ཐབས་ལ་རྒྱབ་སྐྱོར་བྱས་ཏེ་ ༡༩༧༡ ལོའི་ཟླ་ ༡༡ ཚེས་ ༢༥ ཉིན་རྒྱ་ནག་མཉམ་འབྲེལ་རྒྱལ་ཚོགས་ཀྱི་གཏན་འཇགས་ཚོགས་མི་ཆགས་ཡོད་སྟབས། རྒྱ་ནག་དང་དེ་ཁུལ་རྒྱལ་ཁབ་ཁག་གི་བར་འབྲེལ་ལམ་ཇེ་ལེགས་སུ་སོང་ཡོད་འདུག ལྷག་པར་དུ་བརྒྱད་ཅུ་གྱ་གྲངས་ནས་ ༡༩༩༠ ལོའི་ནང་ནེ་ཇི་རི་ཡ་ནང་འཁྲུག་བསྟུད་མར་བྱུང་སྐབས་ཀྱང་རྒྱ་ནག་གིས་རྒྱབ་རོགས་ཤུགས་ཆེན་བྱས་ཡོད་འདུག
༡༩༩༣ ལོ་ནས་ ༡༩༩༨ ལོའི་བར་དམག་སྤྱི་སཱ་ནེ་ཨ་བྷ་ཅཱ་ (saniAbacha) ཡིས་ནེ་ཇི་རི་ཡའི་སྲིད་དབང་འཛིན་སྐབས། རྒྱ་ནག་དང་ནེ་ཇི་རི་ཡའི་ཚོང་པའི་ལྷན་ཚོགས་ (Nigerian-Chinese Chamber of Commerce )ཞེས་པ་ཞིག་གསར་འཛུགས་བྱས་ཏེ་ཚོང་འབྲེལ་གྱི་སྒོ་མོ་ཕྱེ་ཡོད་པ་དང་། ༡༩༩༩ ལོ་ནས་ ༢༠༠༧ ལོའི་བར་ཨོ་བྷ་སན་ཇོ་(OlusegunObasanjo) ལགས་ནེ་ཇི་རི་ཡའི་སྲིད་འཛིན་བྱས་རིང་རྒྱལ་ཁབ་གཉིས་ཀྱི་འབྲེལ་ལམ་སྔར་ལས་ཇེ་བཟང་དུ་ཕྱིན་ཏེ། ༢༠༠༤ དང་ ༢༠༠༦ ལོར་རྒྱ་ནག་གི་སྲིད་འཛིན་ཧུའུ་ཅིན་ཐའོ་དང་། ༢༠༠༧ ལོར་སྲིད་བློན་ཝུན་ཅ་པའོ་ནེ་ཇི་རི་ཡར་སྐོར་སྐྱོད་བྱས་ཏེ་ཚོང་དོན་གྲོས་ཆོད་མང་པོ་བཞག་ཡོད་ཅིང་། ༢༠༡༣ ལོར་ནེ་ཇི་རི་ཡའི་སྲིད་འཛིན་རྒྱ་ནག་ནང་སྐོར་སྐྱོད་ཀྱིས་སྲིད་འཛིན་ཞི་ཅིན་ཕིན་ཐུག་སྟེ་ཚོང་དོན་གྲོས་ཆོད་བཞག་ཡོད། འདས་པའི་ལོ་ངོ་ ༡༦ ཙམ་ནང་རྒྱ་ནག་དང་ནེ་ཇི་རི་ཡའི་བར་ཚོང་འབྲེལ་མ་དངུལ་གཤམ་དུ་བཀོད་ཡོད།
༡༩༩༨ ལོར་ཨ་སྒོར་ས་ཡ་ ༣༨༤ །
༢༠༠༦ ལོར་ཐེར་འབུམ་ ༢༧།༨༥།
༢༠༡༠ ལོར་ཨ་སྒོར་ཐེར་འབུམ་ ༤༢།༨༩།
༢༠༡༡ ལོར་ཨ་སྒོར་ཐེར་འབུམ་ ༦༥།༥༦།
༢༠༡༢ ལོར་ཨ་སྒོར་ཐེར་འབུམ་ ༨༥།༢༣།
༢༠༡༣ ལོར་ཨ་སྒོར་ཐེར་འབུམ་ ༡༢༥།༤༣
༢༠༠༠ ལོ་ནས་ ༢༠༡༡ ལོའི་བར་རྒྱ་གཞུང་གིས་ནེ་ཇི་རི་ཡའི་འཛུགས་སྐྲུན་ལས་གཞི་སྟེ། མེ་འཁོར་ལྕགས་ལམ་གསར་བཟོ་དང་། བརྡ་འཕྲིན་ཚན་རྩལ་འཕེལ་རྒྱས་གཏོང་ཐབས། ཆུ་དང་གློག་ཁང་ཐོན་ལས། གཞུང་ལམ་གསར་རྒྱག འཕྲོད་བསྟེན་ལྟ་སྐྱོང་སོགས་ཀྱི་ཐད་ཨ་སྒོར་ཐེར་འབུམ་ ༤ ཡི་རོགས་དངུལ་སྤྲད་ཡོད་པ་དང་། ཨ་སྒོར་ཐེར་འབུམ་ ༦།༤༥ ཡི་སྐྱེད་ཀ་མེད་པའི་བུ་ལོན་གཡར་ཡོད་འདུག
༢༠༡༣ ལོའི་ཟླ་ ༩ པའི་ཚེས་ ༢༣ ཉིན་ཨ་རིའི་སྲིད་འཛིན་ཨོ་བྷ་མ་ནེ་ཇི་རི་ཡ་གཙོས་ཨ་ཧྥི་རི་ཀའི་རྒྱལ་ཁབ་ཁག་ཅིག་ནང་སྐོར་སྐྱོད་དང་འབྲེལ། ཚོང་འབྲེལ་གྲོས་ཆོད་ལ་མིང་རྟགས་བཀོད་ཡོད་པ་མ་ཟད། ཨ་རིས་ཨ་ཧྥི་རི་ཀའི་རྒྱལ་ཁབ་ཁག་དང་མཉམ་འབྲེལ་བྱས་ཏེ། དཔལ་འབྱོར་དང་ཤེས་ཡོན་གོང་འཕེལ་གཏོང་ཐབས་ལ་ནུས་པ་འདོན་རྒྱུ་ཡིན་སྐོར་བརྗོད་ཡོད།
ཨ་རིའི་གཞུང་གིས་ཐེངས་འདིར་ལི་ཁེ་ཆང་ཨ་ཧྥི་རི་ཀའི་ནང་སྐོར་སྐྱོད་བྱས་པའི་ཐད་གླེང་སློང་གང་ཡང་བྱས་མེད་ཀྱང་། ཚེས་ ༦ ཉིན་ཉེ་ལམ་ནེ་ཇི་རི་ཡའི་བྱང་ཤར་མངའ་སྡེ་བྷུར་ཎོའི་སློབ་ཕྲུག་བུ་མོ་ ༣༠༠ ཙམ་བྷོ་ཁོ་ཧ་རམ་ (Boko Haram) འཇིགས་སྐུལ་རིང་ལུགས་པས་བཙན་ཁྲིད་བྱས་པ་དེ་ཀློད་གྲོལ་ཡོང་ཐབས་ལ་རོགས་རམ་བྱ་རྒྱུ་ཡིན་སྐོར་གསལ་བསྒྲགས་སྤེལ་ཏེ། བར་ལམ་ཨ་རི་དང་ནེ་ཇི་རི་ཡའི་འབྲེལ་ལམ་ཡག་པོ་མེད་པ་དེར་བཟང་ཕྱོགས་ཀྱི་རྣམ་འགྱུར་ཞིག་བསྟན་ཡོད་འདུག
སྲིད་དོན་དབྱེ་ཞིབ་པ་ཚོས། ལི་ཁེ་ཆང་ཐེངས་འདིར་སྔོན་ཆད་ཀྲུའུ་ཨིན་ལེས་རྒྱ་ནག་དང་ཨ་ཧྥི་རི་ཀའི་རྒྱལ་ཁབ་བར་འབྲེལ་ལམ་བཙུགས་ཏེ་ལོ་ ༥༠ འཁོར་བའི་དུས་དྲན་སྲུང་གཙི་དང་འབྲེལ་ནས་རྒྱ་ནག་གི་མཐུན་གྲོགས་རྒྱལ་ཁབ་ཁག་ཏུ་སྐོར་སྐྱོད་ཕྱིན་པ་དེས། རྒྱ་ནག་དང་ཨ་ཧྥི་རི་ཀའི་རྒྱལ་ཁབ་བར་འབྲེལ་ལམ་ཡར་རྒྱས་ཡོང་ཐབས་ལ་ཤུགས་སྣོན་བརྒྱབ་སྟེ། ཨ་རིར་ཁ་གཏད་གཅོག་ཐབས་ཀྱི་སྲིད་ཇུས་ཁྱབ་སྤེལ་གཏོང་གི་ཡོད་སྐོར་བརྗོད་འདུག
ནེ་ཇི་རི་ཡ་ནི་མི་འབོར་ས་ཡ་ ༡༧༠ ལྷག་དང་། གྲངས་ཉུང་མི་རིགས་ ༢༠༠། སྐད་རིགས་ ༥༠༠། ཆོས་ལུགས་ཁ་ཆེ་དང་ཡི་ཤུ མངའ་སྡེ་ ༣༦ ཙམ་ཡོད་པའི་དམངས་གཙོའི་རྒྱལ་ཁབ་ཅིག་ཡིན་པ་དང་། གྲོས་ཚོགས་གོང་འོག་གཉིས་ཡོད་པ་ལས་གྲོས་ཚོགས་གོང་མར་འཐུས་མི་ ༡༠༩ དང་། གྲོས་ཚོགས་འོག་མར་འཐུས་མི་ ༣༦༠ བཅས་ཡོད།
སང་ཉིན་ལི་ཁེ་ཆང་ནེ་ཇི་རི་ཡའི་རྒྱལ་ས་ནང་ཚོགས་གཏན་འཁེལ་བའི་རྒྱལ་སྤྱིའི་ཨ་ཧྥི་རི་ཀའི་དཔལ་འབྱོར་གླེང་སྟེགས་ཚོགས་འདུ་ཐེངས་ ༢༥ པར་མཉམ་ཞུགས་བྱས་ཏེ། གློག་དང་རིག་གཞུང་། འཕྲོད་བསྟེན། སོ་ནམ་ཞིང་ལས། ལག་ཤེས་སོགས་ཚོང་དོན་གྲོས་མཐུན་ཁག ༦༠ ཙམ་ལ་མིང་རྟགས་འགོད་འཆར་ཡོད་པ་དང་། དེའི་རྗེས་ཨན་གྷོ་ལ་དང་ཁེན་ཡར་སྐྱོད་འཆར་ཡོད་འདུག
་་་་་་་་་་་་་་་་་་་་་གྲོས་ཚོགས་གོང་འོག་གཉིས་ཡོད་པ་ལས་གྲོས་ཚོགས་གོང་མར་འཐུས་མི་ ༡༠༩ དང་། གྲོས་ཚོགས་གོང་མར་འཐུས་མི་ ༣༦༠ བཅས་ཡོད།་་་་་་་་་་་་
ཧཧཧཧཧཧ གྲོས་ཚོགས་གོང་མ་གཉིས་ཡོད་པའི་རྒྱལ་ཁབ་ཅིག་འདུག་ག