མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

འོས་བསྡུ་དེ་ཁྲིམས་ལུཊ་དང་ཡོངས་སུ་འགལ་ཡོད།

བོད་ཀྱི་དུས་བབ།
༢༠༡༤/༠༥/༡༥
Share on FacebookShare on TwitterShare on EmailShare on Whatsapp

ཟླ་སྔོན་མའི་ཚེས་ ༢༡ ཉིན། བོད་མིའི་སྒྲིག་འཛུགས་འོས་བསྡུ་ལྷན་ཁང་གིས་མདོ་སྨད་སྤྱི་འཐུས་གཅིག་གི་དངོས་གཞིའི་འོས་མི་གསུམ་གྱི་མིང་ཐོ་གསལ་བསྒྲཊ་བསྐྱངས་ཡོད་པ་དང་། སྔོན་འགྲོའི་འོས་བསྡུའི་ནང་ཨང་གཉིས་པ་ཐོབ་མཁན་ཀླུ་མཁར་བྱམས་ལགས་ཀྱིས་དགོངས་པ་ཞུས་ཡོད་པ་བཅས་ལ་བརྟེན་ཏེ། འདི་གའི་གསར་འགོད་པས་ཨ་ཚོགས་ཀླུ་མཁར་བྱམས་ལགས་སུ་བཅར་འདྲི་ཞུས་ཡོད།

དྲི་བ། ཁྱེད་རང་ཐེངས་འདིའི་མདོ་སྨད་ཀྱི་བར་མའི་འོས་བསྡུའི་དངོས་གཞིའི་འོས་མིའི་ཁོངས་ནས་དགོངས་པ་ཞུ་དགོས་པའི་རྒྱུ་མཚན་དང་རྒྱབ་ལྗོངས་ག་འདྲ་རེད།

ལན། ཀིརྟི་སྒྲོལ་དཀར་ལྷ་མོ་རྩ་དགོངས་ཞུས་པར་བརྟེན། ཚབ་ལ་སྤྱི་འཐུས་ཤིག་ཁ་སྐོང་བྱ་དགོས་དུས་འོས་བསྡུ་སྒྲིག་གཞི་སྔོན་མའི་དགོངས་དོན་བཞིན་བརྒྱ་ཆ་ ༣༣ ལོན་པའི་སྒུག་ཐོ་མདོ་སྨད་ལ་མེད་སོང་བ་རེད། འོན་ཀྱང་། བརྒྱ་ཆ་ལོངས་མི་དགོས་པའི་ཁྲིམས་སྒྲིག་གསར་བ་བཟོས་ཚར་བར་བརྟེན། སྒྲིག་གཞི་གསར་བ་དེའི་ནང་བར་མའི་འོས་བསྡུའི་ཆ་རྐྱེན་མེད་པར་མང་རིམ་རྩེ་བཏོག་གིས་བསྐོ་བཞག་དགོས་པ་འཁོད་འདུག མང་རིམ་རྩེ་བཏོག་གིས་སྤྱི་འཐུས་ལ་བསྐོས་པ་ཡིན་ན། ད་ལྟའི་སྐབས་འདིར་མང་རིམ་རྩེ་བཏོག་གི་སྒུག་ཐོ་དང་པོ་དེ་ང་རེད། ཡིན་ནའང་། དབུས་འོས་བསྡུ་ལས་ཁུངས་ཀྱིས་ཁྲིམས་སྒྲིག་དེ་ཚུལ་བཞིན་ལག་བསྟར་མ་ཐུབ་པར་བར་མའི་འོས་བསྡུ་འདི་བྱས་པ་རེད། སོང་ཙང་། ལོ་སྔོན་མའི་ཕྱི་ཟླ་ ༡༢ ཚེས་ ༢༠ ཉིན་ང་རང་དབུས་འོས་བསྡུ་ལས་ཁང་ལ་དངོས་སུ་བཅར་ནས། “གལ་སྲིད་ངའི་ཤུགས་རྐྱེན་དབང་གིས་ལྷན་རྒྱས་ཀྱིས་ཁྲིམས་སྒྲིག་ལག་བསྟར་ཐུབ་ཀྱི་མེད་པ་དངོས་བདེན་ཡིན་ཚེ། ད་ཡོད་ཀྱི་སྒུག་ཐོའི་ནང་ངས་རྩ་དགོངས་ཞུས་ཆོག་ལ། ངའི་རྗེས་ན་ཡོད་པའི་མི་དེ་ཡར་བསྐོ་རོགས་ཞེས་ཡིག་ངག་གཉིས་ཐོག་ནས་ཞུས་ཡོད། དེར་འོས་བསྡུ་ལས་ཁུངས་ནས་ང་ལ་ཡིག་ཐོག་ནས་ལན་འདེབས་གནང་བའི་ནང་། ཁྱེད་རང་བརྒྱ་ཆ་ ༣༣ ལོངས་པའི་སྒུག་ཐོའི་ནང་མེད་སྟབས། བར་མའི་འོས་བསྡུ་དང་འབྲེལ་བ་མི་འདུག་ཅེས་དང་། ཡང་འོས་བསྡུའི་ཁྲིམས་སྒྲིག་བསྐྱར་བཅོས་གཏན་འབེབས་གནང་བ་དེར་སྲིད་སྐྱོང་མཆོག་གིས་ཕྱི་ལོ་ ༢༠༡༡ ལོའི་ཟླ་ ༡༠ ཚེས་ ༡༤ ཉིན་དངོས་སུ་མཚན་རྟགས་བཀོད་པ་དེ་ལག་བསྟར་བྱེད་དགོས་སྟབས། ད་ལམ་མདོ་སྨད་སྤྱི་འཐུས་གཅིག་གི་བར་མའི་འོས་བསྡུ་ཁྲིམས་སྒྲིག་དགོངས་དོན་ལྟར་ལག་བསྟར་བྱེད་དགོས་པ་ཆགས་ཡོད་སྐོར་འཁོད་འདུག དེ་འདྲ་ཡིན་ན། སྒྲིག་གཞི་རྙིང་པ་དེ་ནུས་མེད་དུ་གྱུར་ཟིན་པ་དང་། སྒྲིག་གཞི་གསར་པ་དེ་ལག་བསྟར་བྱེད་དགོས་པ་དེ་གསལ་པོ་ཆགས་འདུག དེ་ན་འོས་བསྡུའི་སྒྲིག་གཞི་གསར་པ་དེའི་དོན་ཚན་ང་གཅིག་པའི་ནང་གསེས་གཉིས་པའི་ནང་། “སྤྱི་འཐུས་དུས་ཡུན་ནང་ས་མིག་སྟོང་པ་ཐོན་ཚེ། བར་མའི་འོས་བསྡུ་མ་དགོས་པར་ཞེས་ཐག་བཅད་ཡོད་སྟབས། ད་ལྟའི་བར་མའི་འོས་བསྡུ་དེ་ཁྲིམས་སྒྲིག་གི་གཞི་འཛིན་ས་གང་ཡང་མེད་པ་མ་ཟད། གོང་གསལ་བཞིན་བར་མའི་འོས་བསྡུ་མ་དགོས་པར་ཞེས་ཁ་གསལ་གྱིས་འཁོད་ཡོད་སྟབས། ད་ལྟ་འགྲོ་བཞིན་པའི་འོས་བསྡུ་དེ་ཁྲིམས་ལུགས་དང་ཡོངས་སུ་འགལ་བ་ཞིག་ཏུ་གྱུར་ཡོད། དེ་འདྲ་ཞིག་ཡིན་དུས་ངས་གོ་རིམ་ཤེས་བཞིན་དུ། རང་ཉིད་ལ་གོ་སྐབས་ཤིག་འདུག་བསམས་ནས་མིག་ལྡན་གཡང་མཆོངས་ཀྱི་དཔེ་ལྟར་འོས་ཁོངས་ནས་བསྡད་ན་འགྲིག་ཐབས་མེད་པས་དགོངས་པ་ཞུས་པ་ཡིན།

དྲི་བ། བར་མའི་འོས་བསྡུའི་སྔོན་དེར་ཁྱེད་ཀྱིས་ཡིག་ཐོག་ནས་དོགས་འདྲི་དྲུག་དང་། དགོས་འདུན་བཞི་འཁོད་པའི་གསལ་བསྒྲགས་ཤིག་སྤེལ་བ་ནུས་པ་གང་ཡང་མ་ཐོན་པ་རེད་དམ།

ལན། ལགས་རེད། གསལ་བསྒྲགས་དེའི་ནང་གྲོས་ཚོགས་ནང་འོས་བསྡུའི་སྒྲིག་གཞི་གསར་བའི་ལག་བསྟར་དུས་ཡུན་སོགས་ཀྱི་ཐད་དོགས་གཅོད་མཐིལ་ཕྱིན་ཞིག་བྱུང་རག་བར་དུ། བར་མའི་འོས་བསྡུ་ཕྱིར་འགྱངས་གཏོང་རྒྱུར་རེ་སྐུལ་ཡང་ཞུས་ཡོད་མོད། གྲོས་ཚོགས་མ་ཚོགས་གོང་ནས་བར་མའི་འོས་བསྡུ་མགོ་བཙུགས་གནང་སོང་། དེ་རྗེས་འོས་བསྡུ་ལས་ཁང་གིས་ང་ལ་ཡིག་ཐོག་ནས་ལན་ཞིག་བཏང་འདུག་པ་གོང་གི་དེ་དང་། ཁ་ཉིན་སྐབས་ ༡༥ བའི་ཚོགས་དུས་ ༧ ཐོག བར་མའི་འོས་བསྡུ་འདི་དང་འབྲེལ་ནས་སྐད་ཆ་རོབ་ཙམ་ཞིག་བསླེབས་པ་ཚང་མ་འབྲེལ་མེད་དོན་གཞན་རང་རེད། འོས་བསྡུ་ལས་ཁང་གིས་ང་ལ་བཏང་བ་དེའི་ནང་ག་རེ་བྲིས་འདུག་ཟེར་ན་༼ཁྱེད་རང་བརྒྱ་ཆ་ ༣༣ ལོངས་པའི་སྒུག་ཐོ་མ་རེད༽ ཟེར་བ་དེ་ཙམ་ཞིག་རེད། ངས་ང་བརྒྱ་ཆ་ལོངས་བའི་སྒུག་ཐོ་ཡིན་སྐོར་བཤད་མྱོང་མེད། ངས་ག་རེ་ཞུས་ཡོད་ཟེར་ན། ཁྱེད་ཚོའི་བརྒྱ་ཆ་མི་དགོས་པའི་སྒྲིག་གཞི་བཟོས་ཚར་བ་དང་། གོང་ནས་བཤད་པ་ལྟར། འོས་བསྡུའི་སྒྲིག་གཞི་གསར་པ་དེའི་ནང་བར་མའི་འོས་བསྡུ་མ་དགོས་པ་ཐག་བཅད་ཡོད་སྟབས། སྒྲིག་གཞི་དེ་ལག་བསྟར་མ་ཐུབ་པའི་རྒྱུ་མཚན་གསལ་བཤད་དགོས་པ་བཤད་ཡོད། བར་མའི་འོས་བསྡུ་དགོས་མིན་ཐད་མང་ཚོགས་དཀྱིལ་མའི་ནང་གསལ་བོ་ཆགས་ཀྱི་མེད་པ་ཕར་ཞོག མཐའ་ན་དབུས་འོས་བསྡུ་ལས་ཁང་གི་འགན་འཛིན་འཇམ་དཔལ་ཆོས་བཟང་ལགས་ཀྱང་མགོ་འཐོམ་སྟེ། ཚོགས་གཙོ་གཞོན་བའི་སར་ནང་མོལ་ཞུ་བར་ཕྱིན་པའི་སྒྲུང་དེ་གསར་འགྱུར་ནང་བཀོད་ཡོད་པ་དེ་རེད། སྐབས་དེར་ཁོང་གིས་སྐབས་བཅོ་ལྔ་པའི་སྤྱི་འཐུས་བདམས་ཚར་རྗེས་བརྒྱ་ཆ་དེ་མེད་པ་བཟོས་པ་རེད། དེར་བརྟེན་སྤྱི་འཐུས་ལ་ཐོབ་མེད་ནའང་སྒུག་ཐོ་དེ་འདྲ་ཡོད་ན་བསྐོ་བཞག་བྱས་ན་འགྲིག་གི་མེད་འགྲོ་བསམ་ནས་བཀའ་འདྲི་ཞུས་དུས་༼སྐབས་དེར་སྤྱི་འཐུས་ཚོགས་གཙོ་བཞུགས་མེད་སྟབས་ངས་ཚོགས་གཞོན་ལ་བཀའ་འདྲི་ཞུས་ཡིན་༽དེ་འགྲིག་གི་མི་འདུག དེ་འགྲིག་གི་མེད་པར་བརྟེན། བར་མའི་འོས་བསྡུ་བྱ་དགོས་བྱུང་བ་རེད་ཅེས་ལན་འདེབས་གནང་འདུག་པ་དེ་རེད། ཁོ་ཚོས་གསལ་བོ་བཟོ་དགོས་པ་ནི་མང་རིམ་རྩེ་བཏོག་གམ། མང་རིམ་ཀྱི་གྲངས་ཐོ་ལྟར་བསྐོ་བཞག་བྱས་ན་འགྲིག་གི་མི་འདུག་ཟེར་བ་དེར་འགྲེལ་བཤད་རྒྱག་དགོས་པ་དང་། གང་ནས་ཇི་ལྟར་མ་འགྲིག་པའི་ཁྲིམས་སྒྲིག་གི་ཚད་འཛིན་ས་གསལ་བཤད་ཐུབ་དགོས་པ་དེ་རེད། དེ་ལ་དབུས་འོས་བསྡུ་ལས་ཁུངས་ནས་གསལ་བཤད་རྐང་གཅིག་མེད་ཁར། ཁ་ཉིན་གྲོས་ཚོགས་ནང་བགྲོ་གླེང་གནང་སྐབས་སྤྱི་འཐུས་མང་ཆེ་བས་གནད་དོན་དེར་ཐུག་དུས་ཁ་གྲགས་མ་དགོས་པར་གཙོ་འདོན་དང་། ཁ་ཤས་ཀྱིས་གནད་དོན་བཞག་སྟེ་གང་ཟག་ལ་དམིགས་ནས་ཉ་ཉོག་ལུང་པ་གང་བཤད་སོང་། དེར་བརྟེན་གྲོས་ཚོགས་ཀྱི་ཚོགས་དུས་དེ་རང་གི་ཐོག འོས་བསྡུ་ལས་ཁུངས་ཀྱིས་གསལ་བཤད་ཅིག་ཡིག་ཐོག་ནས་སྤེལ་པའི་ནང་། གོང་དུ་སྤྱི་འཐུས་ཁག་ཅིག་ནས་དབུས་འོས་བསྡུ་ལས་ཁང་གི་ལས་དོན་ཐོག་དགོངས་འཆར་གནང་བ་ཁ་ཤས་བཅའ་ཁྲིམས་དང་། འོས་བསྡུའི་སྒྲིག་གཞིར་ཐུགས་ཞིབ་གཟབ་ནན་མ་གནང་བའི་ཐོག་ནས་ཡོང་འདུག་པ་སླད་ནས་བཅའ་ཁྲིམས་ཀྱིས་གཙོས་འོས་བསྡུའི་སྒྲིག་གཞིར་ཐུགས་སྣང་དགོས་པའི་འབོད་སྐུལ་ཡིན་ཞེས། ལན་ཚ་ཐག་ཆོད་ཅིག་བརྒྱབས་འདུག དེ་མ་གཏོགས་བར་མའི་འོས་བསྡུ་དང་འབྲེལ་བའི་གནད་དོན་ངོ་མའི་ཐོག་བབ་དུས། འོས་བསྡུ་ལས་ཁུངས་དང་གྲོས་ཚོགས་གཉིས་ཀ་ཁ་མཐུན་གྱིས་གཅིག་གིས་གཅིག་གི་ངན་མཚང་འགེབས་རོགས་བྱས་ནས་ཁ་དྲང་མོར་གྲགས་མཁན་ཞིག་བྱུང་མ་སོང་།

དྲི་བ། དེ་ན་ཁྱེད་ལ་ད་ཐེངས་ཀྱི་བར་མའི་འོས་བསྡུ་འདི་དང་འབྲེལ་ནས་བཙན་བྱོལ་སྤྱི་ཚོཊ་ཀྱི་དམངས་གཙོའི་འཕེལ་རིམ་ཐོག ཁྱོན་ཡོངས་ཀྱི་ལྟ་ཚུལ་དང་རེ་འདུན་འདྲ་ཞུ་རྒྱུ་ཡོད་དམ།

ལན། བར་མའི་འོས་བསྡུ་འདི་ཁྲིམས་དང་བཟང་སྤྱོད་གང་ཐད་ནས་ཉན་བཟོ་ལྟ་བཟོ་མེད་པ་ཞིག་རེད། དེ་སྔོན་ཡང་འདི་འདྲ་བྱུང་ཡོད་ཚོད་འདུག མི་རེ་ཟུང་གི་བརྒྱུད་སྐུལ་འོག གྲྭ་སའི་ཁམས་ཚན་རེ་གཉིས་དང་། མདོ་སྨད་དབུས་རྒྱུན་དང་ས་རྒྱུན་ཚོས། ངའི་སྐོར་ནས་དཀྲོགས་གཏམ་བཟོ་ཐུབ་ན། དེ་ཡང་རང་ཉིད་ལ་ཆབ་སྲིད་ཀྱི་མ་རྩ་ཞིག་འཛུགས་ཐུབ་པའི་འཕྲུལ་སྣང་སྐྱེས་པ་རེད། ངས་བསམས་ན་ཁ་ཐུག་འདིར་མི་ཞིག་གིས་སོ་སོའི་འོས་ཤོག་གཅིག་པུའི་སྟེང་དུ་ཀླུ་མཁར་བྱམས་ཟེར་བའི་མིང་འདི་འབྲི་སྐབས། ཧ་ལམ་རང་གི་གཉེན་ཚན་ཞིག་ལ་བསྔོ་ཡིག་འཇོག་པ་ནང་བཞིན་སེམས་ནང་ལྗིད་ཏིག་ཏིག་དང་། ལག་པ་འདར་ལྕིག་ལྕིག་ཡིན་ཤག་བྱས་ཡོད། རྒྱུ་མཚན་མི་ཁ་གཏམ་ངན་གྱི་གནོན་ཤུགས་འདི་ངེད་ཚང་གི་ཤ་ཉེ་རིང་ཚོའི་སྒོ་རྩ་བར་དུ་བསྐྱེལ་འདུག འོན་ཀྱང་། ཕྱིའི་ཁོར་ཡུག་དེ་ལྟར་སྤུག་སོབ་དོག་པོ་ཡོད་མིན་ལ་མ་ལྟོས་པར། ད་ཐེངས་ང་རང་ཁྱོན་ཡོངས་ནས་འོས་གྲངས་ཨང་གཉིས་པ་རེད། དེ་ནི་ངའི་ཐོག་མའི་ཚོད་དཔག་ལས་ཡོངས་སུ་བརྒལ་ཡོད་ལ། གནས་ཚུལ་འདིས་གསལ་བཤད་ཐུབ་པ་ཞིག་ལ། ད་ཆ་དུས་ཀྱི་འགྲོ་སྟངས་ཅུང་ཤེས་མཁན་ཚོས་ཆབ་སྲིད་བཤད་ས་ནས་དྲང་བདེན་ལ་དད་པ་ལས་བརྒལ་བའི་རིན་ཐང་ཡོད་པ་རྟོགས་པའམ། མ་མཐར་ཡང་ང་ཡག་དྲགས་ནས་ཡིན་རྒྱུ་མ་རེད་དེ། ང་ལ་ཁ་གཏད་གཅོད་མཁན་གྱི་མི་འདི་ཚོས་བཅའ་སྟངས་ལས་སྟངས་སྡུག་དྲགས་ནས་ཁོ་བོ་འོས་གྲངས་མཐོ་ཤོས་གྲས་སུ་བསླེབས་པ་ཡིན་ཡང་སྲིད། གང་ལྟར་འཕེལ་རིམ་འདིའི་ཐོག་ནས་ང་ལ་མདོ་སྨད་ཀྱི་མི་རབས་གསར་བའི་མདུན་ལྗོངས་ལ་རེ་བའམ་སྤོབས་པ་ཅུང་ཞིག་སྐྱེས་སུ་བཅུག་སོང་། ཡིན་ནའང་། ད་དུང་ང་ཚོར་ཞན་ཆ་མེད་པ་ག་ནས་ཡིན། དཔེར་ན། བར་མའི་འོས་བསྡུའི་ནང་ལངས་མཁན་གྱི་འོས་མི་ཚོར་མཚོན་ནའང་། རང་ཉིད་ཁྲིམས་འགལ་གྱི་གནས་སྟངས་ཤིག་གི་འོག་འགྲོ་བཞིན་པ་དེ་མ་ཤེས་པ་ཡིན་རྒྱུ་མ་རེད། གཙོ་བོ་སོ་སོའི་མགོ་ལ་མ་བབ་པ་དང་། རང་ཉིད་ལ་འཛུལ་སའི་ཁུངས་ཤིག་འདུག་སེམས་དུས་གང་དུའང་འཛུལ་རྐྱང་ཡིན་པ་འདི་རྫོབ་པོ་ཞེ་དྲག་རེད། བྱུང་ན་ད་ཐེངས་བར་མའི་འོས་བསྡུ་འདིའི་ནང་འོས་འཕེན་མཁན་དང་། འོས་གཞིར་ལངས་མཁན་ཚང་མ་ཕྱིར་འཐེན་བྱས་ནས། ཐོག་མར་འོས་བསྡུའི་གོ་རིམ་འདི་ཁྲིམས་མཐུན་ལུགས་མཐུན་ཤིག་ཡོང་རྒྱུར་མང་ཚོགས་ཀྱིས་ཤུགས་རྒྱག་ཐུབ་ན་དེ་གལ་ཆེན་པོ་རེད་བསམ་གྱི་འདུག གཞན་གང་ཡང་ཞུ་རྒྱུ་མེད།

གསར་འགོད་པ། ལྷ་སྐྱབས་རྒྱལ།

འབྲེལ་ཡོད་གསར་འགྱུར།

Front Slider

བོད་མིའི་སྒྲིག་འཛུགས་ཀྱི་སྤྱི་ཐབ་སྐོར་ལ་བཅར་འདྲི།

ཆུ་ཚོད་ ༩ སྔོན་ལ།
སྐྱབས་རྗེ་བཀའ་ཟུར་ཀིརྟི་རིན་པོ་ཆེ་མཆོག་གི་མཛད་རྣམ་ཤར་སྟག་མོའི་བུ་ཞེས་པའི་འཕྲུལ་དེབ་འགྲེམས་སྤེལ་གྱི་མཛད་སྒོ་དང་དཔྱད་བརྗོད་བགྲོ་གླེང་འཚོགས། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༥།༥།༩
Mobile App

བཀའ་ཟུར་༧སྐྱབས་རྗེ་ཀིརྟི་རིན་པོ་ཆེ་མཆོག་གི་མཛད་རྣམ་ཤར་སྟག་མོའི་བུ་ཞེས་པའི་འཕྲུལ་དེབ་འགྲེམས་སྤེལ་གྱི་མཛད་སྒོ་འཚོགས།

ཆུ་ཚོད་ ༢༣ སྔོན་ལ།
Mobile App

བོད་རིགས་ཨ་རི་བ་ཨ་ཧྥ་ཊབ་ཀརྨ་སིང་པུ་རི་ཝལ་ལགས་སུ་འོས་བསྡུའི་ཁྲོད་རྒྱལ་ཁ་ཐོབ།

༢༠༢༥/༠༥/༠༩
The Dalai Lama offers blessings to his followers at his Himalayan residence in the northern hill town of Dharamshala, India, on December 20, 2024 [Priyanshu Singh/Reuters]
༸གོང་ས་མཆོག གསར་འགྱུར།

ཡུ་རོབ་གྲོས་ཚོགས་སུ་༧གོང་ས་མཆོག་གི་ཡང་སྲིད་དང་འབྲེལ་བའི་གྲོས་ཆོད་ཅིག་གཏན་འབེབས་བྱུང་། 

༢༠༢༥/༠༥/༠༩
༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ཡེ་ཤུའི་ཆོས་དཔོན་རོ་བྷི་ཌི་པེ་ཝེ་སི་མཆོག སྐུ་པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས། ༢༠༢༤།༥།༩
༧གོང་ས་མཆོག གསུང་འཕྲིན།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་ཡེ་ཤུའི་ཆོས་དཔོན་གསར་པར་འཚམས་འདྲི་མཛད།

༢༠༢༥/༠༥/༠༩
བཙན་བྱོལ་བོད་མིའི་ཆོས་ཚོགས་ཐེངས་ ༡༤ པ་དབུ་འཛུགས་གནང་། ༢༠༡༩།༡༡།༢༧ དུས་བབ་གསར་ཁང་གི་པར།
Mobile App

 བཙན་བྱོལ་བོད་མིའི་ཆོས་ཚོགས་ཐེངས་བཅོ་ལྔ་པ་འཚོག་འཆར་འདུག

༢༠༢༥/༠༥/༠༩

མཆན། 20

  1. གནས་ཚང་། says:
    ལོ་ 11 སྔོན།

    རྩ་ཁྲིམས་རིན་པོ་ཆེ་ལས་གསལ་དོན།
    དོན་ཚན་ང་བདུན་པ། སྤྱི་འཐུས་བྱེ་བྲག་པ་འཕོ་འགྱུར།

    ༡ སྤྱི་འཐུས་སུ་འོས་འདེམས་ཟིན་པའི་སྐྱེ་བོ་གང་ཞིག་བཅའ་ཁྲིམས་འདིའི་དོན་ཚན་ ༣༨ པར་གསལ་བའི་སྤྱི་འཐུས་འོས་ཆོས་གང་རུང་མ་ཚང་བར་གྱུར་པའམ། སྤྱི་འཐུས་ལྷན་ཚོགས་ནས་འཕོ་འགྱུར་བྱ་རྒྱུར་རྩ་འབོར་གསུམ་ཆ་གཉིས་ཡན་གྱིས་ཐག་གཅོད་བྱུང་བ་བཅས་ཀྱི་སྐབས་རང་ཉིད་སྤྱི་འཐུས་ནས་འཕོ་དགོས།
    ༢ དེ་ལྟའི་འཕོ་འགྱུར་བྱུང་བ་དང༌། གཞན་ཡང་སྤྱི་འཐུས་སུ་རུང་དགོངས་ཞུས་དང༌། དུས་ཆོས་སུ་གྱུར་པ། བཀའ་བློན་དུ་འདེམས་ཐོན་བྱུང་བ་ཡིན་ན། འོས་བསྡུ་ཆེན་མོའི་སྐབས་སྤྱི་འཐུས་ཡོང་ཁུངས་སོ་སོ་ནས་འོས་ཐོབ་མང་རིམ་རྩེ་བཏོག་གིས་སྤྱི་འཐུས་གྲངས་ཚད་ལོངས་རྗེས་དེའི་འོག་དགོས་ངེས་འོས་ཤོག་ཐོབ་པའི་འོས་གཞི་ལྷག་མ་རྣམས་འོས་ཐོབ་མང་ཉུང་གོ་རིམ་ལྟར་སྒུག་ཐོ་དབུས་འོས་བསྡུ་ལས་ཁང་དུ་བདག་ཉར་ཡོད་པ་དེ་ནས་གོ་རིམ་བཞིན་ཚབ་གསར་འཕྲལ་དུ་དམ་འབུལ་ཞུ་དགོས། གལ་ཏེ་སྒུག་ཐོའི་ནང་སུའང་མེད་ཚེ་ས་སྟོང་བྱུང་བའི་ཉིན་མོ་དེ་ནས་བཟུང་ཉིན་གྲངས་ ༡༨༠ ནང་ཚུན་སྤྱི་འཐུས་གསར་པའི་འོས་བསྡུ་ཟིན་པ་དགོས་རྒྱུ།
    གལ་སྲིད་བྱུང་རྐྱེན་རྒྱུ་མཚན་ཚད་ལྡན་བཟློག་མེད་དབང་གིས་གོང་གསལ་ཉིན་གྲངས་ནང་ཚུན་འོས་བསྡུ་མ་ཐུབ་པ་བྱུང་ཚེ། འོས་བསྡུ་སྤྱི་ཁྱབ་འགན་འཛིན་གྱིས་འོས་བསྡུ་འཕར་འགྱངས་བྱེད་འཐུས་དང༌། སྤྱི་འཐུས་ལྷན་ཚོགས་འཚོགས་བཞིན་པ་ཡིན་ན་དེ་ཐོག་དང༌། དེ་མིན་དེ་མ་ཐག་པའི་ཚོགས་དུས་རྗེས་མའི་ནང་འོས་བསྡུ་སྤྱི་ཁྱབ་འགན་འཛིན་གྱིས་རྒྱུ་མཚན་ཞིབ་འཁོད་ཀྱི་སྙན་ཞུ་དང་སྦྲགས་སྤྱི་འཐུས་ལྷན་ཚོགས་སུ་འོས་བསྡུ་འཕར་འགྱངས་ཆོག་པའི་བཀའ་འཁྲོལ་ཞུ་དགོས་ཤིང༌། སྤྱི་འཐུས་ལྷན་ཚོགས་ཀྱི་བཀའ་འཁྲོལ་དུས་ཚེས་ནང་འོས་བསྡུ་ངེས་པར་ཟིན་པ་དགོས།

    ཁྲིམས་གཞི་འདི་བཞིན་བརྩི་དགོས་མིན་ནི་གང་ཟག་གི་དབང་བསྒྱུར་ཡིན་མིན་ལ་ཐད་ཀར་ཐུག་ཡོད་པས། རྡ་རམ་སཱ་ལའི་ལྷ་སྒྲུང་ལ་བཞི་ཤད་བཀོད་ཀྱང་སྲིད།

    Reply
  2. བསྟན་འཛི་ཀླུ་སྒྲུབ། says:
    ལོ་ 11 སྔོན།

    དུས་བབས་རྩོབ་སྒྲིག་པས་ཀླུ་མཁར་བྱམས་ལ་ཁ་ཕྱོགས་ཡོད་ས་རེད། དགག་ལན་དུ་གཏོགས་པའི་མཆན་ཕལ་ཆེར་བཀོད་མི་འདུག ང་རང་གིས་ཀྱང་མཆན་ཅིག་བཀོད་པ་ཡིན་ཡང་འཇུག་བཅུག་སོང་། གསར་ཤོག་འགོད་པ་པོས་ཕྱོགས་རེས་བྱས་ན། ག་བར་སླེབས་སོང་།

    Reply
  3. གསེར་ས་ལེ་སྦྲམ། says:
    ལོ་ 11 སྔོན།

    དྲ་གྲོགས་ཚང་མས་ལྗང་གཞོན་གྱི་རྩོམ་ཡིག་འདི་ཞིབ་ཚགས་ཤིག་བཀླགས་ཏེ་སོ་སོ་རང་ཉིད་རྨོངས་གཉིད་ལས་སད་རྒྱུ་གལ་ཆེ། ༼ཁ་གཡར་ས་ནི་སྐབས་ ༡༥ བའི་སྤྱི་འཐུས་འོས་བསྡུ་ཁྲིམས་སྒྲིག་རྙིང་པ་གཞིར་བཟུང་ཡོད་སྟབས། ཐེངས་འདིའི་མདོ་སྨད་སྤྱི་འཐུས་དེ་སྐབས་ ༡༥ པའི་སྤྱི་འཐུས་ཀྱི་ཚབ་ཡིན་པས། ད་སྔའི་མདོ་སྨད་སྤྱི་འཐུས་ཀྱི་འོས་མིའི་ཁྲོད་སྐབས་དེའི་བརྒྱ་ཆ་ལོན་མཁན་མེད་པས་ཨང་རིམ་གྱི་མཐོ་གྲས་སུ་སླེབས་པའི་ཀླུ་མཁར་བྱམས་རྩེ་བཏོག་གིས་བསྐོ་བཞག་བྱས་ན་ཁྲིམས་སྒྲིག་རྙིང་པའི་རྩ་དོན་དང་འགལ་བའི་འགྲེལ་བཤད་ཅིག་རྒྱག་གི་ཡོད་རེད། འགྲེལ་བཤད་དེ་བཙན་བྱོལ་བོད་མིའི་བཅའ་ཁྲིམས་ཀྱི་སྒྲིག་དོན་གང་ཞིག་ཏུ་གསལ་ཡོད་དམ། གསལ་མེད་པ་ཡིན་ན་ཁྲིམས་སྒྲིག་གི་འགྲེལ་བཤད་འཕར་མ་དེ་སུས་ཁྱེར་ཡོང་པ་རེད་དམ། ད་དུང་ཐེངས་འདིར་བར་མའི་འོས་བསྡུ་བྱས་པའི་སྤྱི་འཐུས་དེ་སྐབས་ ༡༥ བའི་སྤྱི་འཐུས་ཀྱི་ཚབ་རེད་དམ་ཡང་ན་སྐབས་ ༡༦ པའི་སྤྱི་འཐུས་ཆགས་ཀྱི་ཡོད། དེ་སྐབས་ ༡༥ པའི་སྤྱི་ཚབ་ཆགས་ཀྱི་ཡོད་ན་ཁྲིམས་སྒྲིག་རྙིང་པའི་འོག་འགྲོ་དགོས་རེད་དམ་གསར་པ་གཞིར་བཟུང་འགྲོ་དགོས་རེད། འོས་བསྡུ་འགན་འཛིན་གྱིས་བར་མའི་འོས་བསྡུའི་ཁྲོད་ནས་བརྒྱ་ཆ་མ་ལོན་ཡང་རྩེ་བཏོག་གིས་སྤྱི་ཚབ་ཏུ་བསྐོ་བཞག་བྱ་རྒྱུ་ཡིན་ཚུལ་བཤད་འདུག དེ་འདྲ་བྱས་ན་སྐབས་ ༡༥ བའི་སྤྱི་ཚབ་ཀྱི་ངོ་བོ་གཅིག་གི་སྟེང་ཁྲིམས་སྒྲིག་མ་འདྲ་བ་གཉིས་ལག་བསྟར་བྱེད་པ་རེད། བྱེད་སྟངས་འདིའི་ཐོག་ནས་བཙན་བྱོལ་བོད་མིའི་དམངས་གཙོའི་ཁྲིམས་སྒྲིག་ལ་ཁོང་ཚོས་ལག་རྩེད་རྩེ་བ་ཞིག་མ་རེད་དམ། ༽ ལྗང་གཞོན་ལགས་ཀྱིས་སྐད་ཆ་གནས་ལུགས་ཅན་རྐྱང་རྐྱང་བཤད་འདུག དངོས་གནས་ཐུགས་རྗེ་ཆེ།

    Reply
  4. གཅན་བཟོད་རྒྱམ། says:
    ལོ་ 11 སྔོན།

    ལྗང་གཞོན་ཟེར་བའི་རྩོམ་ཡིག་ཞིབ་ཚགས་རེད། ཡག་བྱུང་། འོན་ཀྱང་ང་ཚོའི་སྤྱི་ཚོགས་ནི་འུར་གྱིས་དཀྲོགས་པ་ལས་རྩོམ་ཡིག་དང་སྐད་ཆའི་ཁུངས་ལུང་ལ་མི་བསྟེན་པ་རེད། ད་དུང་དེ་དང་ཁ་ཐག་ཧ་ཅང་རིང་པོ་རེད།
    གང་ལྟར་ཁྱེད་ཀྱི་རྩོམ་ཡིག་ཞིབ་ཚགས་ཅན་དེ་ཡག་བྱུང་།

    Reply
  5. ལྗང་གཞོན། says:
    ལོ་ 11 སྔོན།

    གོང་རྩོམ་གྱི་ཞབས་མཆན་དང་ཟུར་མཆན་འཕྲོས།

    5.བོད་ཀྱི་དུས་བབ་སྟེང་༢༠༡༤ ཟླ་ ༡ ཚེས་ ༡༤ ཉིན་སྤེལ་བའི་ ཆོས་བརྒྱུད་ཕ་ཡུལ་གཅིག་པ་ཕྱོགས་འཐེན་མ་གནང་རོགས་ ཞེས་པའི་བཅར་འདྲི།

    6.བོད་ནས་ཡོང་མཁན་ཉུང་དུ་འགྲོ་བཞིན་པ་དེ་རྒྱའི་སྲིད་ཇུས་དང་ས་མཚམས་དམ་དྲག་པས་རེད་ཟེར་སྲིད། དེ་སྔ་ཡོང་མཁན་མང་པའི་སྐབས་སྲོག་བློས་གཏོང་གིས་ཡོང་གི་ཡོད་རེད། ལམ་བར་ནས་བཟུང་པ་དང་ཤི་བ། བསད་པ་སྣ་ཚོགས་འབྱུང་གི་ཡོད། ཇི་སྲིད་རེ་བ་དང་ཡིད་ཆེས་གཏོད་ས་ཞིག་ཡོད་པ་དེ་སྲིད་དུ་དཀའ་ཚགས་དང་བློས་གཏོང་ལ་ཞེད་སྣང་མེད། གང་ཞིག་ལ་རེ་བ་དང་ཡིད་ཆེས་བརླག་པའི་ཉིན་མོ་ནས་དེ་དང་ཁ་ཐག་ཇེ་རིང་ནས་ཇེ་རིང་ཡིན་པ་ཆོས་ཉིད་དོ།

    མཆན། དཔྱད་གཞིའི་ཡིག་ཆ་དང་དྲ་ཐག

    •བོད་ཀྱི་དུས་བབ། ཆོས་བརྒྱུད་ཕ་ཡུལ་གཅིག་པ་ཕྱོཊ་འཐེན་མ་གནང་རོཊ། https://tibettimes.net/wordpress/news.php?showfooter=1&id=8451
    •བོད་ཀྱི་བང་ཆེན། ཁྲིམས་དང་ཚོགས་གཙོའི་འགྲེལ་བཤད། http://www.tibetexpress.net/bo/2010-02-06-06-49-13/11405-2014-01-02-10-57-29
    •བོད་ཀྱི་དུས་བབ། ཀླུ་མཁར་བྱམས་ལགས་ཀྱི་གསལ་འགོད་གསལ་བསྒྲཊ། https://tibettimes.net/wordpress/news.php?cat=2&&id=8418
    •རང་གྲོལ་སྨུག་གསར་དྲ་བ། རྡ་སའི་’མང་གཙོ’་ལ་གྱེས་བརྡ་གཏོང་གི་ཡིན། http://www.rdrol.net/node/763
    •བོད་ཀྱི་དུས་བབ། མདོ་སྨད་མི་མང་ལ་བར་མའི་འོས་བསྡུ་བྱ་རྒྱུ་ཡིན། https://tibettimes.net/wordpress/news.php?showfooter=1&id=8340
    •Council on Foreign Relations/a conversation with Sikyong Lobsang Sangay.http://www.cfr.org/tibet/conversation-sikyong-lobsang-sangay/p30632
    •བོད་མི་མང་སྤྱི་འཐུས་སྐབས་བཅོ་ལྔ་བའི་གྲོས་ཚོགས་ཚོགས་དུས་གཉིས་པའི་ལས་རིམ་གསར་ཤོག
    •བོད་མི་མང་སྤྱི་འཐུས་སྐབས་བཅོ་ལྔ་བའི་གྲོས་ཚོགས་ཚོགས་དུས་གཉིས་པའི་ཁྲིམས་སྒྲིག་བསྐྱར་བཅོས་ཀྱི་ཁྲིམས་འཆར།

    Reply
  6. ལྗང་གཞོན། says:
    ལོ་ 11 སྔོན།

    གོང་རྩོམ་གྱིས་འཕྲོས།

    ་་་་་་འགྲིག་གི་མེད་པར་བརྟེན་བར་མའི་འོས་བསྡུ་བྱ་དགོས་བྱུང་བ་རེད།”ཅེས་བཤད་ཡོད། འོས་བསྡུ་འགན་འཛིན་གྱིས་ཨང་རིམ་རྩེ་བཏོག་གིས་བསྐོ་བཞག་བྱས་ཆོག་གི་ཡོད་བསམ་བསམ་ཞིག་བྱུང་པ་དེ་སྒྲིག་གཞི་གསར་པའི་རྩ་འཛིན་གཞི་རུ་བཟུང་པ་རེད། དེ་ཡིན་པ་ཤེས་བཞིན་དུ་སྤྱི་འཐུས་ཚོགས་གཙོར་བཀའ་འདྲི་ཞུ་དགོས་བྱུང་པ་དེས་ཁྲིམས་ལས་གང་ཟག་ཤུགས་ཆེ་བ་ཆགས་ཡོད་པའི་བཙན་བྱོལ་བོད་མིའི་དམངས་གཙོའི་ངོ་གདོང་ལན་གཅིག་མཐོང་པ་རེད། འོན་ཀྱང་། ཚོགས་གཙོར་དངོས་སུ་བཀའ་འདྲི་ཞུ་མ་ཐུབ་ཀྱང་ཚོགས་གཞོན་ལ་བཀའ་འདྲི་ཞུས་ཞེས་བརྗོད་འདུག་ལ། བཀའ་འདྲི་ཞུས་རྗེས་ཨང་རིམ་རྩེ་བཏོག་གིས་བསྐོ་བཞག་བྱ་ཐབས་མེད་པ་ཐག་གིས་ཆོད་པ་རེད། དེ་འོས་བསྡུའི་སྒྲིག་གཞིའི་ཐད་བཀའ་འདྲི་ཞུས་པ་མིན་ན་ལྷའི་ལུང་བསྟན་ཞུས་པ་རེད་དམ།

    ད་དུང་ “་་་ སྒྲིག་གཞིའི་ནང་ག་རེ་བཀོད་ཡོད་མེད་དང་། གྲོས་ཚོགས་ཀྱི་ལས་རིམ་གསར་ཤོག་ནང་ག་རེ་ཡོད་མེད་དེ་བཀའ་འདྲི་ཞུས་པ་རེད། ང་ཚོས་སྤྱི་འཐུས་ཚོགས་གཙོ་བགྲེས་གཞོན་གཉིས་ལ་སྒྲིག་གཞི་འགྲེལ་བཤད་བསྐྱོན་དུ་བཅུག་པ་དེ་འདྲ་མ་རེད།”ཅེས་བསྐྱར་དུ་ནན་བཤད་ཀྱི་ཚུལ་དུ་གསལ་ཁ་འདོན་ཁུལ་བྱས་འདུག ཁྲིམས་སྒྲིག་གསར་བཟོ་དང་བསྐྱར་བཅོས་གང་རུང་ཟིན་པའི་ཉིན་མོ་ནས་འབྲེལ་ཡོད་སོ་སོར་ལག་སོན་དང་ལག་བསྟར་བྱ་དགོས། སྲིད་སྐྱོང་གིས་མཚན་རྟགས་བཀོད་པའི་ཉི་མ་དེ་ནས་་་ཞེས་ཚིག་ཐག་ཆོད་པོ་ཡོད་ན། འོས་བསྡུ་དང་འབྲེལ་བའི་ཁྲིམས་སྒྲིག་བསྐྱར་བཅོས་ཟིན་པ་དེ་དག་ནང་ག་རེ་བཀོད་ཡོད་མེད་དང་སྐབས་དེའི་གྲོས་ཚོགས་ཀྱི་ལས་རིམ་གསར་ཤོག་ནང་ག་རེ་བཀོད་ཡོད་མེད་སྐབས་དེར་བལྟ་དགོས་པ་ལས། ཁྲིམས་སྒྲིག་འདི་བསྐྱར་བཅོས་ཟིན་ཏེ་ལོ་ངོ་གཉིས་ལྷག་ཕྱིན་པའི་རིང་འོས་བསྡུ་ལྷན་ཁང་གཉིད་ཤོར་བསྡད་པ་རེད་དམ།
    ཡང་ཅིག་བཤད་ན། སྒྲིག་གཞིའི་ནང་ག་རེ་གསལ་བསྡད་ཡོད་མེད་དང་ལས་རིམ་གསར་ཤོག་སྔོག་དགོས་པའི་དབང་དུ་བཏང་ཡང་ཚོགས་དྲུང་ལས་ཁུངས་སུ་འགྲོ་དགོས་པ་ལས་སྤྱི་འཐུས་ཚོགས་གཙོ་གཞོན་གཉིས་ཀྱི་སར་འགྲོ་དགོས་དོན་མེད། འོས་ལྷན་རང་གི་ནང་འགལ་གྱི་སྐད་ཆ་དེ་བས་དམར་རྗེན་དུ་བཏོན་ན། ༢༠༡༣ ཟླ་༡༢ ཚེས་ ༣༡ ཉིན་སྤེལ་བའི་ཀླུ་མཁར་བྱམས་ཀྱི་གསལ་བསྒྲགས་ནང་ “འོས་བསྡུ་ལས་ཁང་གིས་ང་ཚོས་འོས་བསྡུའི་སྒྲིག་གཞི་གསར་བ་ད་དུང་དེབ་གཟུགས་སུ་དཔར་འགྲེམས་ཐུབ་མེད་ལ། ནང་དོན་སོགས་ཀྱི་ཐད་ནས་དཔར་ལོག་རྒྱག་རྒྱུ་དཀའ་ངལ་འཕྲད་བསྡད་ཡོད་སྟབས། ཚོགས་གཙོ་སྤེན་པ་ཚེ་རིང་ཚུར་མ་འབྱོར་བར་དུ་སྒུག་གི་ཡིན།”ཞེས་པ་ཞིག་གསལ་འདུག དེས་ག་རེ་གསལ་བཤད་བྱེད་ཀྱི་ཡོད་རེད་དམ། དེ་ནི་སྤྱི་འཐུས་ཚོགས་གཙོའི་བཀའ་བཀོད་ལ་བསྒུགས་པ་མིན་ན་ཚོགས་གཙོ་ཕྱིར་མ་འབྱོར་བར་དུ་ཁ་གསལ་བཟོ་མ་ཐུབ་པར་ལྷག་དགོས་དོན་མེད། སྤྱི་འཐུས་ཚོགས་གཙོས་ཁྲིམས་སྒྲིག་གི་ཡིག་ཆ་དང་ལས་རིམ་གསར་ཤོར་སོགས་རྒྱབ་ཁུག་ནང་ཁྱེར་ཕྱིན་པ་རེད་དམ།
    གཞན་འོས་བསྡུ་ལྷན་ཁང་གིས་”་་་སྤྱི་ཚོགས་ནང་ཐེངས་འདིའི་བར་མའི་འོས་བསྡུར་འགྲོ་སོང་འབུམ་ཉི་ཤུ་ཞིག་ལབ་ཀྱི་ཡོད་པ་དེ་ཡང་ཏག་ཏག་བསྡད་ཡོད་པ་མ་རེད།”ཅེས་མི་མང་གིས་གླེང་གཞི་བཟོ་ཡི་ཡོད་པ་ཞིག་བརྗོད་རྐྱང་བྱས་འདུག དེ་ཏག་ཏག་བསྡད་མེད་ན་ཏག་ཏག་མ་བསྡད་པ་དེ་སུས་བཤད་པ་རེད། མི་མང་གིས་བཤད་པ་རེད་དམ། མ་རེད། དེ་འོས་བསྡུ་འགན་འཛིན་གྱིས་བཤད་པ་རེད། “་་་འོས་བསྡུ་ལ་འགྲོ་སོང་ཆེན་པོ་ཞེ་དྲག་རེད། ཕལ་ཆེར་འོས་བསྡུ་ཆེན་མོ་དང་གཅིག་པ་འདྲ་བོ་ཆགས་ཀྱི་ཡོད། འགྲོ་སོང་སྒོར་འབུམ་ ༢༡ ཙམ་རེད།”ཅེས་དབུས་འོས་བསྡུ་ལྷན་ཁང་གི་འགན་འཛིན་གྱིས་བཤད་པ་རེད།

    འཇིགས་ཡེར་བའི་ད་ལྟའི་བཙན་བྱོལ་བོད་མིའི་དམངས་གཙོའི་མདུན་ལྗོངས།

    མདོར་བསྡུས་ན། སྐབས་ ༡༥ བའི་གྲོས་ཚོགས་ཚོགས་དུས་གཉིས་པའི་སྟེང་འོས་བསྡུའི་ཁྲིམས་སྒྲིག་བསྐྱར་བཅོས་དེར། སྲིད་སྐྱོང་གིས་མཚན་རྟགས་བཀོད་པའི་ཉི་མ་དེ་ནས་ཁྲིམས་གང་དེ་ནུས་པ་ལྡན་པར་གྱུར་ཡོད་སྟབས། མདོ་སྨད་ཙམ་མ་ཡིན་པར་ཆོལ་ཁ་གཞན་དང་ཆོས་བརྒྱུད་ཁག་བཅས་ཁྱབ་ཁོངས་སོ་སོར་འོས་བསྡུ་ཆེན་མོའི་དངོས་གཞིའི་སྤྱི་འཐུས་ཀྱི་འོས་མིར་སླེབས་ཡོད་པ་དག་ལ་བརྒྱ་ཆ་ལོན་མིན་ལ་མ་བལྟས་པར་ཨང་རིམ་རྩེ་བཏོག་གིས་སྒུག་ཐོའི་ནང་ཚུད་ཡོད་ལ། གལ་སྲིད་ཆོལ་ཁའམ་ཆོས་བརྒྱུད་གང་རུང་ཞིག་གི་ལས་ཐོག་སྤྱི་འཐུས་ཤིག་དགོངས་ཞུ་བྱས་པའམ་རྐྱེན་བར་ཆད་རིགས་བྱུང་པའི་དབང་དུ་བཏང་ན། ཁྱབ་ཁོངས་སོ་སོའི་ཐོ་གཞུང་ནང་ནས་ཨང་རིམ་རྩེ་བཏོག་གིས་སྤྱི་ཚབ་ཏུ་བསྐོ་བཞག་བྱ་དགོས་པ་དེ་རེད། ཐེངས་འདིའི་མདོ་སྨད་སྤྱི་འཐུས་གཅིག་དགོངས་ཞུ་བྱས་པའི་སྤྱི་ཚབ་ཏུ་གོང་མཚུངས་ལྟར་ཁྲིམས་སྒྲིག་གཅིག་གི་འོག་འགྲོ་དགོས་པ་དང་། དེ་ལྟར་ཕྱིན་ན་ཐེངས་འདིའི་མདོ་སྨད་སྤྱི་འཐུས་ཤིག་གིས་དགོངས་ཞུ་བྱས་པའི་ཚབ་ཏུ་ཨང་རིམ་རྩེ་བཏོག་ལྟར་ན་ཀླུ་མཁར་བྱམས་སླེབས་ཡོད་པ་བཅས་དོན་དངོས་རེད།
    འོ་ན་དོན་དངོས་ལག་བསྟར་མ་བྱས་པ་དེ་གང་ཡིན་ཞེ་ན། དེ་ནི་ཁྲིམས་སྒྲིག་ལ་འགྲེལ་བཤད་རྒྱག་སྟངས་ཤིག་གི་ཐོག་ནས་ཆེད་དུ་མི་བུ་སྒེར་ཚུགས་ཅན་ཚོའི་བགྲོད་ལམ་འགོག་གི་ཡོད་པ་དང་། དབུ་མའི་སྲིད་ཇུས་དང་ལངས་ཕྱོགས་ལ་མཐའ་གཅིག་ཏུ་མོས་གུས་རྗེས་འབྲང་མི་བྱེད་མཁན་གྱི་གྲངས་འབོར་གྲོས་ཚོགས་ར་བ་ནས་གྲངས་ཉུང་དུ་སྒྱུར་ཕྱོགས་ཀྱི་བྱེད་ཐབས་གཅིག་རེད།

    སྤྱིར་བྱས་ན་དམངས་གཙོ་ནི་དམངས་ཀྱི་གཞུང་ཡིན་པ་དང་། དེ་དམངས་ཀྱི་མངོན་འདོད་ལྟར་འགྲོ་དགོས་པ་ཞིག་རེད། ལྷག་པར་དུ་ཆོས་ལུགས་རིས་མེད་ཀྱི་དམངས་གཙོ་ཞིག་ཡིན་ཕྱིན་ཆོས་ལ་དད་པ་ཡོད་མེད་དང་ཆོས་ལུགས་ཀྱི་གཙོ་འཛིན་སྤྱིའམ་བྱེ་བྲག་པ་ཞིག་ལ་ལྟ་སྟངས་ག་རེ་ཡོད་མེད་ནི་སྲིད་གཞུང་ཞིག་གི་ཁྲིགས་སྒྲིག་ལམ་ལུགས་ནས་བཤད་ན་ཁྲིམས་བཟོ་ལྷན་ཚོགས་ཀྱི་འཐུས་མི་༼སྤྱི་འཐུས་༽དང་འབྲེལ་བ་མེད། ཆོས་བརྒྱུད་ཁག་གི་སྤྱི་འཐུས་ལ་མཚོན་ན་ཁོངས་སོ་སོའི་འོས་བླུགས་མཁན་ངོས་ནས་ཁོངས་སོ་སོའི་ཆོས་བརྒྱུད་བྱེ་བྲག་པའི་འོས་ཆོས་ཚང་རིགས་འདེམས་ཡོང་གི་ཡོད་པ་ལས་ཁྲིམས་བཟོ་ལྷན་ཚོགས་ནང་སྤྱི་འཐུས་ཀྱི་དད་མོས་ཐད་ཚད་དང་ཚིགས་འཇོག་པའི་ཁྲིམས་སྒྲིག་མེད། བྱེ་བྱག་ཏུ་དམངས་གཙོའི་ཁྲིམས་བཟོ་ལྷན་ཚོགས་ནང་གཞུང་གང་དེའི་ཁྱབ་ཁོངས་སུ་འདུས་པའི་ཆབ་སྲིད་དང་ཆོས་ལུགས། ས་ཁུལ་སྣ་ཚོགས་ལས་གྲུབ་པའི་མང་ཚོགས་ཀྱི་འཐུས་མི་ཡོང་སྟེ། ཁྱབ་ཁོངས་སོ་སོའི་མང་ཚོགས་ཀྱི་མངོན་འདོད་སྣ་ཚོགས་ཡོད་རིགས་གྲོས་ཚོགས་ར་བའི་ནང་སྤུངས་ཏེ་གྲོས་བསྡུར་དཔྱད་གླེང་བརྒྱུད་ཁྲིམས་བཟོ་དགོས་པ་ཡིན་དུས། གྲོས་ཚོགས་ར་བའི་ནང་དབུ་མ་དང་རང་བཙན་སོགས་ཆབ་སྲིད་ཀྱི་ལྟ་བ་ལངས་ཕྱོགས་དང་བསམ་ཚུལ་མི་འདྲ་བའི་འཐུས་མི་ངེས་པར་དུ་དགོས། དེ་མེད་པར་དབུ་མའི་རྗེས་འབྲང་པ་རྐྱང་ངམ་དབུ་མ་བས་དབང་སྒྱུར་བའི་གྲོས་ཚོགས་ར་བ་ཞིག་ཏུ་གྱུར་ན་གུང་ཁྲན་ཏང་གི་མི་མང་འཐུས་མིའི་ཚོགས་ཆེན་ལས་ཁྱད་པར་ཅི།

    དབྱིན་ཇིའི་སྙན་གྲགས་ཅན་གྱིས་རྩོམ་པ་པོ་ཨ་ལན་མོོ་རཱེ་ཡིས་ “དམངས་གཙོའི་གཞུང་ཞིག་ཡིན་ན། མི་མང་སོ་སོའི་གཞུང་ལ་ཞེད་སྣང་བྱེད་ཡུལ་ཞིག་མ་ཡིན་པར། དེ་ལས་ལྡོག་སྟེ་གཞུང་གང་དེ་མང་ཚོགས་ལ་ཞེད་སྣང་དང་གཟབ་ནན་བྱེད་མཁན་ཞིག་ཡིན་དགོས་” ཞེས་བརྗོད། དེ་ནི་ཨ་རིའི་སྲིད་འཛིན་བཅུ་དྲུག་པ་ལེན་ཀཱོ་ལེན་གྱིས་ “དམངས་གཙོའི་གཞུང་ནི་མང་ཚོགས་ཀྱི་མངོན་འདོད་འོག མང་ཚོགས་ཀྱི་ཆེད་དུ་མང་ཚོགས་ཀྱིས་བདམས་པ་ཞིག་དགོས” ཞེས་སྡོམ་ཚིག་བརྒྱབ་པ་བཞིན་གཞུང་གི་ཁ་ལོ་སྒྱུར་མཁན་ངོ་མ་གཞུང་འཛིན་མཐོ་རིམ་མི་སྣ་མིན་པར་མང་ཚོགས་ཡིན་དགོས་པ་བསྟན། འོན་ཀྱང་། ང་ཚོའི་སྤྱི་ཚོགས་ནང་ཏག་ཏག་དེའི་ལྡོག་ཕྱོགས་ཆགས་ཡོད། དམངས་གཙོའི་ལྟ་གྲུབ་དང་མི་མང་གིས་སོ་སོའི་གཞུང་དང་མགོ་ཁྲིད་ལ་བསམ་ཚུལ་དང་ལྟ་ཚུལ་༼བསམ་ཚུལ་དང་ལྟ་ཚུལ་དྲང་ཕྱོགས་གཅིག་པུ་མ་ཡིན་པར་སྐྱོན་བརྗོད་དང་ཐེར་འདོན་སོགས་ཅི་རིགས་ཡོང་ཆོག་༽བརྗོད་ན། ཁ་ནས་མང་ཚོགས་ཀྱི་སྨྲ་བརྗོད་རང་དབང་ལ་མཐོང་ཆེན་ཡོད་ཚུལ་བཤད་ཀྱང་། དོན་དངོས་ཐོག་རྒྱ་ནག་གི་སོ་བ་དང་ལོག་ལྟ་བ། མཚན་སྨོད་ཞུ་མཁན། དོལ་རྒྱལ་བ་སོགས་མི་མང་གི་སེམས་ནང་ལ་འཇུ་དཀའ་བའི་ནག་ཅན་གྱི་ཞྭ་མོ་དེའི་རིགས་གཡོགས་ཏེ་སོ་སོའི་སྤྱི་ཚོགས་ནང་འཚོ་དཀའ་བའི་གནས་སུ་འདེད་ཀྱི་ཡོད་པ་དེས། མང་ཚོགས་ཁྲོད་སྒང་ནས་སྡོད་མཁན་ཚོའི་བྱ་ལས་སྤྱོད་གསུམ་འགྲིག་གི་མེད་པ་མཐོང་ཡང་སྨྲ་མི་ཕོད་པའི་གནས་སུ་གྱར་འཇུག་གི་ཡོད། མཐའ་ན། མང་ཚོགས་དཀྱུས་མ་སྒེར་ཞིག་ལ་མཚོན་ན་ལས་དོན་གང་རུང་ཞིག་གི་ཐད་ནས་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་ལས་ཁུངས་ཤིག་གམ་མགོ་ཁྲིད། མཐའ་ན་ལས་བྱེད་སྤྱི་ཚན་པ་ཞིག་གི་སར་བཅར་དགོས་སྐབས་རྣམ་འགྱུར་གང་འདྲ་ཞིག་བསྟན་ཡོང་། བཀའ་བཀྱོན་ཅི་ཞིག་ཕོགས་མི་ཡོང་ངམ། མཐོང་ཆུང་དམའ་འབེབས་རིགས་བྱེད་མི་ཡོང་ངམ་བསམ་པའི་སེམས་ནང་དངངས་འཚབ་དང་ཞེད་སྣང་ཡོང་གི་ཡོད་པ་ནི་མང་ཚོགས་ཚོའི་ཡིད་ན་གསལ་ལེར་ཡོད་པ་ཞིག་རེད། དེ་ལྟ་བུའི་དངངས་འཚབ་དང་ཞེད་སྣང་ཡོང་གཞིའི་སེམས་ཁམས་དེ་སུས་བསྐྲུན་པ་རེད། ག་ཚོད་བར་དུ་གནས་བབ་འདི་མཐའ་འཁྱོལ་ཐུབ་བམ། མང་ཚོགས་ནི་བརྟན་བརླིང་གི་རྒྱབ་རི་ཡིན་ལ་རྒུལ་ཤུགས་ཀྱི་རྦ་རླབས་ཀྱང་ཡིན་ན། མང་ཚོགས་ཀྱི་མངོན་འདོད་ལ་བརྙས་པའམ་བཙན་ཤེད་ཀྱིས་མགོ་གནོན་པ། ཁྲིམས་སྒྲིག་དྲང་སྙོམ་ལག་བསྟར་མ་བྱེད་པ། ཟོག་རྫུ་གཡོ་ཇུས་ཀྱིས་བསླུ་བྲིད་གཏོང་པ་སོགས་ཀྱི་བྱེད་ཐབས་རིགས་ནི་མཐའ་འཁྱོལ་རྒྱུན་གནས་མི་ཐུབ་པ་འདས་པའི་དུས་ཀྱི་མིའི་རིགས་ཀྱི་གསར་བརྗེ་གྱེན་ལངས་དག་ལས་བསླབ་བྱ་ལེན་ཆོག་ཆོག་ཡིན། དེར་བརྟེན། ང་ཚོའི་བཙན་བྱོལ་སྤྱི་ཚོགས་ལ་མཚོན་ན་དྲང་སྙོམ་སྤྱི་ལ་ཁྱབ་པའི་ཁྲིམས་སྒྲིག་ཅིག་རྩ་འཛིན་གྱིས་དབུ་ཁྲིད་རྣམ་པའི་རིང་ལུགས་གཙིག་བཟུང་གིས་གཞན་གྱི་མགོ་གནོན་ཐབས་དང་དམངས་སེམས་བསླུས་ཏེ་སོ་སོའི་ལག་ཆར་སྤྱོད་པའི་ལམ་སྲོལ་འདིར་འཕྲལ་དུ་བཅོས་སྒྱུར་མ་བགྱི་པ་ཡིན་ན། ང་ཚོའི་མིག་མདུན་ནས་རྒྱ་ནག་དམར་པོའི་སྲིད་དབང་མ་འཐོར་གོང་བཙན་བྱོལ་བོད་མིའི་སྤྱི་ཚོགས་འདི་ཉིད་འཐོར་ཉེན་ཆེ།

    ཡང་དུས་རྒྱུན་བཙན་བྱོལ་གཞུང་དམངས་གཉིས་སུ་ཡིན་ཡང་བོད་ནང་གི་བོད་མིའི་མངོན་འདོད་གཙིག་ཆེན་དུ་འཛིན་གྱི་ཡོད་པའི་སྐོར་དང་། ཁོང་ཚོ་ནི་ཡིད་ཀྱི་རྟེན་ས་དང་རེ་བའི་གཏད་ས་ཡིན་པར་གླེང་། བཙན་བྱོལ་བོད་མིའི་དམངས་གཙོ་ནི་མ་འོངས་བོད་བསྐྱར་འཛུགས་དུས་ཀྱི་སྲིད་ལུགས་སྒྲོམ་གཞིའི་མ་རྩ་ཡིན་རབས་སྤོབས་པ་ཆེན་པོས་བསྒྲགས་ཀྱི་ཡོད། འོན་ཀྱང་། བོད་ནང་གི་མི་མང་པོ་ཞིག་བཙན་བྱོལ་བོད་མིའི་དམངས་གཙོ་དང་དེའི་སྒྲིག་འཛུགས་ཀྱི་ལས་ཀ་བྱེད་སྟངས་ལ་རྒྱུས་མངའ་བྱུང་རྗེས་ཡིད་ཐང་ཆད་མཁན་ཇེ་མང་ནས་ཇེ་མང་རེད། དེར་བརྟེན་བོད་ནས་རྒྱ་གར་དུ་ཡོང་མཁན་ལོ་རེ་བཞིན་ཉུང་དུ་འགྲོ་བཞིན་ཡོད་6པ་མ་ཟད། འདིར་ཡོད་པའི་བྱིས་པ་ཚོ་ཕྱིར་ཁྲིད་འགྲོ་བ་དང་རྒན་པ་དག་ཕྱི་རྒྱལ་ཁག་དང་ཡང་ན་ཕྱིར་བོད་དུ་ལོག་བཞིན་ཡོད། ད་དུང་དཔེར་མཚོན་ཁ་གསལ་ཞིག་དྲངས་ན། སྤྱི་འཐུས་སྐབས་ ༡༥ བའི་གྲོས་ཚོགས་ཚོགས་དུས་ ༦ པ་མཇུག་སྒྲིལ་མཚམས་སུ་བོད་ནང་གི་རྩོམ་པ་པོ་ཞིག་གིས་ “རྡ་སའི་’མང་གཙོ’་ལ་གྱེས་བརྡ་གཏོང་གི་ཡིན་”ཞེས་དེའི་རྒྱུ་རྐྱེན་དང་རྒྱབ་ལྗོངས་བཀོད་པའི་དཔྱད་རྩོམ་ཞིག་ཐོན་ཡོད། ཁོས་ “རྡ་སའི་’མང་གཙོ’་ལ་དམངས་གཙོའི་’སྲོག’་དང་’བླ’་མི་འདུག”་ཅེས་དང་། “་་་དབུ་མ་༼ཤོག་ཁག་༽ཚོགས་པའི་ཐལ་མཐའི་མང་གཙོའི་ཀ་བ་རྣམ་གསུམ་འབྱུང་འགྱུར་བོད་དུ་བཙུགས་བཞག་ཚེ། བོད་འདི་སྔར་བཞིན་ཆོས་ལུགས་འགལ་རྩོད་ཀྱིས་འཇོམས་ངེས་ཡིན་སྟབས།  ཁོ་བོས་དབུ་མ་ཚོགས་པའི་མང་གཙོ་དེར་གྱེས་བརྡ་བཏང་ནས་ཁྲིམས་སྲིད་དམངས་གཙོའི་ཤེས་བྱའི་ས་བོན་དག་བོད་ཀྱི་རིག་གནས་ཀྱི་ཞིང་སའི་སྟེང་ལ་འདེབས་འཛུགས་བྱེད་རྒྱུ་ཡིན།”ཞེས་ཡིད་ཆད་རེ་བྲལ་གྱིས་བཙན་བྱོལ་སྤྱི་ཚོགས་ཀྱི་དམངས་གཙོར་གྱེས་ཚིག་ཕུལ་ཡོད།

    རང་ཉིད་ལ་མཚོན་ན་ཐེངས་འདིའི་མདོ་སྨད་སྤྱི་འཐུས་ཀྱི་རྐུབ་སྟེགས་སྟེང་མི་སུ་སླེབས་མིན་དེ་གཙོ་བོ་མིན་ལ་སེམས་ཁྲལ་ཀྱང་བྱེད་ཀྱི་མེད། གནད་དོན་གལ་ཆེས་ཤོས་དང་སེམས་ཁྲལ་བྱ་ཡུལ་གཙོ་བོ་ནི་བཙན་བྱོལ་བོད་མིའི་དམངས་གཙོ་འདི་ཉིད་ཁྲིམས་ཀྱི་དབང་སྒྱུར་ལས་གང་ཟག་གི་བཀོད་ཇུས་དབང་སྒྱུར་འོག་ཤོར་བཞིན་པ་འདི་ཡིན་ལ། དེ་ལྟར་མུ་མཐུད་དུ་ཕྱིན་ཚེ། ཉིན་ཞིག་བློ་ཡིད་ལ་མི་གཤོངས་པའི་རྒྱལ་ཕམ་གྱི་འཐབ་རྩོད་ཅིག་བཙན་བྱོལ་སྤྱི་ཚོགས་ནས་འབྱུང་ངེས་པའམ། ཡང་ན་དམངས་འཐོར་སྲིད་ལུག་གི་ཉིན་ཞིག་མདུན་དུ་བསུ་བཞིན་འདུག གོང་དུ་གང་བརྗོད་པ་དག་སྐྱོན་བརྗོད་ཙམ་གྱི་ངོ་བོར་མ་བལྟས་པར་ནོར་འཛོལ་འཆུག་པ་གང་ཡིན་རིགས་ཀྱི་མཇུག་འབྲས་ལ་དགོངས་པ་བཞེད་དེ་བགྲོད་ལམ་དཀྱེལ་ཡངས་ཤིག་གི་ཕྱོགས་སུ་གོམ་སྟབས་རེ་སྤོ་པའི་རེ་བ་ཡོད།

    “དམངས་གཙོ་དང་རང་དབང་ཟེར་བའི་ཐ་སྙད་རྩ་ཆེན་པོ་དེའི་མིང་ཐོག་གམ། ཡང་ན་གཅིག་བསྡུད་རིང་ལུགས་པའི་མིང་ཐོག་གང་ཡིན་རུང་། གཞན་འཆི་ལམ་དུ་དེད་པ་དང་ཕྲུ་གུ་དྭ་ཕྲུག་ཏུ་བསྒྱུར་བ། མང་ཚོགས་ཀྱི་ཁྱིམ་གཞིས་མེད་པར་བཟོས་པ། སྨྱོན་ཧམ་རང་བཞིན་གྱི་གཏོར་བཤིག་བཏང་པ་གཉིས་ཀྱི་མཇུག་འབྲས་ལ་ཁྱད་པར་ཅི་ཡོད་དམ།” -གྷན་ངྷི་རྗེ།

    1.༢༠༡༣ ཟླ་ ༣ ཚེས་ ༨ ཉིན་ཨ་རིའི་ཝ་ཤིན་ཊོན་དུ་ཕྱི་འབྲེལ་སྲིད་ཇུས་ལྷན་ཚོགས་ཀྱི་བགྲོ་གླེང་ལྷན་ཚོགས་སྟེང་ནས་བཙན་བྱོལ་བོད་མིའི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་གསུངས་ཡོད། དེར་ཕྱིས་སུ་གླེང་གཞི་ཤུགས་ཆེར་བྱུང་ཡོད།

    2.བོད་མི་མང་སྤྱི་འཐུས་སྐབས་ ༡༥ པའི་གྲོས་ཚོགས་ཚོགས་དུས་གཉིས་པའི་སྟེང་འོས་བསྡུའི་ཁྲིམས་སྒྲིག་བསྐྱར་བཅོས་ཀྱིས་དེ་སྔའི་འོས་གྲངས་བརྒྱ་ཆ་དང་བར་མིའི་འོས་བསྡུ་མི་དགོས་པ་གཏན་འབེབས་བྱུང་རྗེས། སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་གིས་གིས་གསར་དུ་བཟོས་པའི་འོས་བསྡུའི་ཁྲིམས་སྒྲིག་གི་ལག་བསྟར་བྱེད་ཕྱོགས་དང་ཁྱབ་ཚད་ལ་འགྲེལ་བརྗོད་གནང་ཡོད།

    3.བོད་ཀྱི་དུས་བབ་སྤྱི་འདོན་ཐེངས་༦༡༣ ཕྱི་ལོ་ ༢༠༡༣ ཟླ་༡༢ ཚེས་ ༣༡ ཉིན་གྱི་རྩོམ་སྒྲིག་པའི་གཏམ་དུ་གསལ།

    4.བོད་ཀྱི་བང་ཆེན་སྤྱིའི་འདོན་ཐེངས་༤༧༡ ཕྱི་ལོ་ ༢༠༡༤ ཟླ་ ༡ ཚེས་ ༡ ཉིན་གྱི

    Reply
  7. ལྗང་གཞོན། says:
    ལོ་ 11 སྔོན།

    འདིར་སྐབས་དེའི་གནས་ཚུལ་ཚ་ཚ་འུར་འུར་འགྲོ་བཞིན་པའི་དུས་སུ་འབྲིས་པའི་རྩོམ་ཡིག་ཅིག་ཡིན་ལ། ཀློག་པ་པོ་རྣམ་པར་གནས་ཚུལ་གྱི་རྒྱབ་མདུན་ཁ་གསལ་ཡོང་ཆེད་བཀོད་ཡོད།

    དབང་འཛིན་པའི་ཞབས་འོག་གི་བཙན་བྱོལ་བོད་མིའི་དམངས་གཙོ།
    -ལྗང་གཞོན།
    “མཚམས་རེར་དམངས་གཙོ་ནི་རང་ཉིད་ཀྱི་མགོ་བོ་གནོན་མཁན་གྱི་སྲིད་དབང་སྒེར་སྤྱོད་པ་འདེམས་འཇུག་པའི་ལམ་ལུགས་ཤིག་ཡིན། ཁྱེད་ཀྱིས་འོས་འདེམས་བྱས་ཟིན་རྗེས་ཁོ་ཚོས་མང་ཚོགས་ཁ་ལ་ཁྱེར་ནས་རང་ཉིད་སྟོབས་དང་ལྡན་པར་བྱེད། ” -ཨ་ལན་ཀཱོ་རེན།

    ང་ཚོ་བོད་མི་རིགས་འདི་ཉིད་མཐོ་སྒང་དུ་དུས་ནམ་ཞིག་དང་ཚུལ་ཇི་ལྟར་འཚོ་གནས་བྱས་པའི་ཐོག་མའི་བྱུང་བ་ནི་ལོ་རྒྱུས་སྨྲ་བ་དང་གནའ་རིག་བརྟག་དཔྱད་པ་སོགས་སོ་སོར་རིག་པས་འདེད་ཚུལ་མ་འདྲ་བ་དང་དཔྱད་སྟངས་སྣ་ཚོགས་པ། སྡོམ་ཚིག་མི་འདྲ་བ་གྲངས་ལས་འདས་པ་ཞིག་མཆིས་ཀྱང་། ད་ལྟའི་ཕྱི་རབས་པ་ང་ཚོར་བོད་མི་རིགས་ཀྱི་ལས་དབང་དང་འབྲེལ་བའི་དངོས་ཐོག་བདེན་འཚོལ་གྱི་གནད་དོན་མང་པོ་ཞིག་བལྟས་ན་མཐོང་རྒྱུ་ཡོད་པ་དང་བཙལ་ན་རྙེད་རྒྱུ་ཡོད་པ་མང་དག་ཅིག་ཡོད་པ་ལས། སྐབས་སུ་བབ་པ་བཙན་བྱོལ་བོད་མིའི་དམངས་གཙོ་དང་ལྷག་པར་དུ་དམངས་གཙོའི་འོས་བསྡུའི་ཁྲིམས་སྒྲིག བྱེ་བྲག་ཏུ་སྤྱི་འཐུས་སྐབས་བཅོ་ལྔ་བའི་གྲོས་ཚོགས་ཚོགས་དུས་གཉིས་པའི་སྟེང་བར་མའི་འོས་བསྡུ་མ་དགོས་པའི་ཨང་རིམ་རྩེ་བཏོག་ཐད་ཀྱི་འོས་བསྡུ་བསྐྱར་བཅོས་སྐོར་ནས་ང་ཚོ་དོན་དངོས་ཐོག་ཁྲིམས་སྒྲིག་ལས་གང་ཟག་གི་དབང་སྒྱུར་འོག་ཤོར་བཞིན་པ་དང་དེའི་བྱེད་ལུགས་མཇུག་འབྲས་བཅས་ཀྱི་གནད་དོན་གཞི་རུ་བཟུང་ནས་ཅུང་ཙམ་གླེང་བར་འདོད།

    ༧སྐུ་དབང་རྩིས་སྤྲོད་གནང་རྗེས་ཀྱི་བཙན་བྱོལ་བོད་མིའི་དམངས་གཙོ་སྒེར་གཅོད་ཅན་དུ་འགྱུར་བཞིན་པ།

    བོད་ས་རྒྱ་ལག་ཏུ་ཡོངས་སུ་མ་ཤོར་བའི་གོང་དང་ལྷག་པར་དུ་༧གོང་ས་མཆོག་གཙོས་བོད་མི་ཁྲི་ཚོ་འགའ་རྒྱ་བལ་འབྲུག་གསུམ་དུ་བྲོས་བྱོལ་སྐྱབས་བཅོལ་ལ་འབྱོར་བའི་ཉིན་ནས་ད་སྔའི་བར་གྱི་༧ཁོང་གི་བཀའ་སློབ་གསུང་བཤད་དང་དགོངས་གཞི་མཛད་རྣམ་ལ་ཕྱིར་ལོག་ཅིག་བྱེད་དུས། དམངས་གཙོ་དང་ཤེས་ཡོན། གཞིས་ཆགས་གཏན་གནས་བཅས་ནི་དགོངས་བཞེད་ཤུགས་ཆེ་ཤོས་གནང་ཡུལ་ཞིག་ཆགས་ཡོད་པ་དང་། དེ་ལས་དམངས་གཙོའི་ལམ་བུ་ཞིག་ཏུ་གོམ་ཁ་སྤོས་པ་ཉིད་དེ། ཐོག་མར་རྒྱ་གར་རྡོ་རྗེ་གདན་དུ་མང་ཚོགས་འཐུས་མི་ཚོས་མནའ་བོ་ཆེ་མགོ་ཐོག་ལ་བཞག་ཅིང་། ༡༩༦༠ ལོའི་ཟླ་ ༩ ཚེས་ ༢ ཉིན་དངོས་སུ་དམངས་གཙོ་དབུ་བརྙེས་པའི་ཁྱབ་བསྒྲགས་གནང་པ་ནས། ༢༠༡༡ ལོར་ཏཱ་ལའི་བླ་མའི་ཆབ་སྲིད་ཀྱི་སྐུ་དབང་ཆ་ཚང་དམངས་གཙོའི་གཞུང་ལ་རྩིས་འབུལ་གནང་པའི་ཉིན་མོ་བར། ༧གོང་ས་མཆོག་གིས་ཕྱི་གསལ་ནང་གསལ་དང་ཁྲིམས་ཀྱི་དབང་སྒྱུར་འོག་ཚད་དང་ལྡན་པའི་བཙན་བྱོལ་བོད་མིའི་དམངས་གཙོ་ཞིག་ལེགས་འགྲུབ་ཡོང་རྒྱུར་ཕྱོགས་ཀུན་ནས་༧སྐུ་ལས་ཚད་མེད་བསྐྱོན་གནང་པ་རེད། འདི་ནི་མ་འོངས་གངས་ལྗོངས་གསར་པའི་སྲིད་ལུགས་ཀྱི་རྨང་གཞི་གལ་ཆེན་ཞིག་ཏུ་བཟུང་ཡོད་ཀྱང་། བཙན་བྱོལ་བོད་མིའི་ཆབ་སྲིད་ཀྱི་དབང་ཚད་ཆ་ཚང་དམངས་གཙོའི་ལམ་ནས་འོས་འདེམས་བྱུང་པའི་མགོ་ཁྲིད་རྣམ་པའི་ཕྱག་ཏུ་རེག་པའི་ལོ་འདི་དག་ནང་། དབུ་མའི་ལམ་ལ་གོ་བ་ཟབ་མདོག་དང་སྐབས་བསྟུན་ཐབས་ལ་མཁས་ཚུལ་གྱིས་འདས་པའི་ལོ་ངོ་ལྔ་བཅུ་ལྷག་གི་རིང་༧གོང་ས་མཆོག་དང་མི་རབས་རྒན་པ་དག་གཙོས་བཙན་བྱོལ་བོད་མི་ཚོས་དཀའ་ངལ་གྲངས་མེད་དང་དུ་བླངས་ཏེ་དམངས་གཙོའི་སྒྲོམ་གཞི་ཞིག་གྲུབ་བཅུགས་ཡོད་པ་དེ་བློས་གཏོང་གིས་རྒྱ་ནག་དམར་པོའི་རྩ་ཁྲིམས་འོག་འདུག་འདོད་ཡོད་པའི་སྐད་ཆ་བཤད་མཁན་1བྱུང་ཡོད། སྐད་ཆ་དེ་ནི་མང་ཚོགས་ཀྱི་མངོན་འདོད་ཡིན་ནམ་ཡང་ན་གྲོས་ཚོགས་ཀྱིས་གཏན་ལ་ཕབ་པའི་སྲིད་ཇུས་ཡིན། དེ་གཉིས་གང་རུང་མིན་ན་བཙན་བྱོལ་བོད་མིའི་བཅའ་ཁྲིམས་ལས་བརྒལ་ཞིང་མང་ཚོགས་ཀྱི་མངོན་འདོད་ལས་འདས་པའི་སྐད་ཆ་དེ་འདྲ་ཞིག་བཤད་པ་ནི་མི་གཅིག་དབང་འཛིན་པ་དང་སྲིད་དབང་སྒེར་གཅོད་པའི་ལམ་ལུགས་ནང་མ་གཏོགས་མང་ཚོགས་ཀྱི་མངོན་འདོད་དང་རྩ་འཛིན་སྲིད་ཁྲིམས་ལས་བརྒལ་བའི་དབང་ཚད་ཅིག་སུ་ལ་ཡོད་དམ།
    གཞན་སྐབས་དོན་གྱི་གླེང་གཞི་དང་འབྲེལ་བའི་གནད་དོན་ཞིག་གི་ཐད་ནས་བཤད་ན། གྲོས་ཚོགས་ར་བའི་ནང་ནས་གྲོས་གཞི་ཞིག་ལ་མང་མོས་སམ་སྤྱི་མོས་བྱུང་ཡང་། ཆེས་མཐོའི་མགོ་ཁྲིད་༼སྐབས་དེའི་བཀའ་ཁྲི་། ༽ཀྱིས་ཆོག་མཆན་མཚན་རྟགས་མ་བཀོད་པར་དངོས་སུ་ཁྲིམས་ཆགས་སྲོལ་མེད་པ་ངེས་བཞིན་དུ། ཁྲིམས་ཆགས་ཟིན་པའི་ངོ་བོར་གཞིར་བཞག་གིས་ཁྲིམས་གང་དེ་ལག་བསྟར་བྱེད་ཕྱོགས་དང་ཁྱབ་ཚད་ལ་འགྲེལ་བཤད་རྒྱག་མཁན་2ཡང་བྱུང་ཡོད། འདི་དག་ནི་དོན་དངོས་ཐོག་དམངས་གཙོའི་ལམ་ལུགས་དང་ཁྲིམས་ཀྱི་རྩ་འཛིན་ལས་གང་ཟག་གི་དབང་ཤུགས་འབུར་དུ་ཐོན་པ་ཞིག་རེད། གནད་དོན་དེའི་ཐད་ཚོགས་ཐོག་རང་ནས་སྤྱི་འཐུས་རྒྱ་རི་བུ་ཕྲུག་གིས་“་་་མ་གཞི་ནས་གྲོས་ཚོགས་ནང་ལ་ཁྲིམས་ལ་འགྲེལ་བརྗོད་བསྐྱོན་རྒྱུ་ནི་ག་ཚོད་ཅིག་ཡིན་ཡང་ཏག་ཏག་བསྡད་ཀྱི་མ་རེད་བསམ་གྱི་འདུག དེ་འདྲ་ཡིན་ཙང་དེ་ཚོ་གསལ་པོ་མ་བྱུང་ན་ཡག་པོ་མི་འདུག རྒྱ་གར་ནང་རྣམ་པ་ཚོས་མཁྱེན་གསལ་རེད། date permitདེ་འདྲའི་འགྱུར་བ་ཕྱིན་པ་ཡིན་ན་ད་དུང་སྒུག་ཐོའི་ནང་ཡོད་མཁན་ཚོ་ཚང་མ་མར་ཆག་ཡང་ཡོང་གི་རེད་མ་གཏོགས། ཁྱེད་རང་ཚོ་སྔོན་མ་ཐག་བཅད་ཚར་བ་རེད། ད་ཁྱེད་རང་ཚོ་ཡར་འགྲོ་རྒྱུ་མ་རེད་ཅེས་རྒྱ་གར་ནང་དེ་ངོས་འཛིན་བྱེད་སྲོལ་མི་འདུག་ལ། འཛམ་གླིང་ནང་དུའང་དེ་འདྲ་ངོས་འཛིན་བྱེད་སྲོལ་མི་འདུག་”ཅེས་ཁྲིམས་བཟོ་ལྷན་ཚོགས་ཀྱི་མི་སྣ་བྱེ་བྲག་པ་ཞིག་གིས་ཁྲིམས་ལ་འགྲེལ་བཤད་དང་དེའི་ཁྱབ་ཚད་ལ་ཚོད་འཛིན་བྱེད་པའི་རྣམ་པ་དེ་བཙན་བྱོལ་བོད་མིའི་དམངས་གཙོ་དང་། རྒྱ་གར་སོགས་འཛམ་གླིང་གི་དམངས་གཙོའི་གཞུང་གང་ཞིག་ལའང་མེད་པ་གསལ་འདོན་བྱས་ཡོད། འོན་ཀྱང་། ད་ལྟའི་ཆར་སྐབས་དེའི་ཚོགས་གཙོའི་འགྲེལ་བརྗོད་ལྟར་འོས་བསྡུ་ལྷན་ཁང་གིས་ལག་བསྟར་བྱེད་བཞིན་པ་འདི་དམིགས་ས་མི་བུ་སྒེར་ཞིག་ཡིན་ཡང་། གནང་སྟངས་དེས་དོན་དུ་གང་ཟག་གཅིག་དང་ཆོལ་ཁ་བྱེ་བྲག་པ་ཞིག་ལ་ཁྱད་གསོད་བྱེད་པ་ཙམ་མ་ཡིན་པར་བཙན་བྱོལ་བོད་མི་སྤྱི་ལ་ཁྱབ་པའི་ཁྲིམས་ཀྱིས་དབང་སྒྱུར་པའི་དམངས་གཙོའི་ལམ་ལུགས་ལ་གས་ཆག་བཟོས་པ་རེད།

    སྒེར་གྱི་དབང་ཤུགས་འོག་གི་ཉམ་ཆུང་བཙན་བྱོལ་བོད་མིའི་འོས་བསྡུའི་ཁྲིམས་སྒྲིག

    ཉེ་སྔོན་སྐབས་ ༡༥ པའི་མདོ་སྨད་སྤྱི་འཐུས་ལས་ཐོག་ཀིརྟི་སྒྲོལ་དཀར་ལྷ་མོ་སྤྱི་འཐུས་ནས་དགོངས་པ་ཞུས་རྗེས། དངོས་སུ་གོང་གི་ཁྲིམས་ལ་འགྲེལ་བཤད་དང་ཁྱབ་ཚད་ལ་ཚོད་འཛིན་གྱི་གཏམ་བཤད་དེ་རིང་འོས་བསྡུ་ལྷན་ཁང་གིས་ལས་དོན་གྱི་རྩ་འཛིན་དུ་གྱུར་ཡོད། གནང་སྟངས་འདི་ནི་བཙན་བྱོལ་བོད་མིའི་དམངས་གཙོའི་མགོ་ཁྲིད་རྣམ་པས་༧གོང་ས་མཆོག་དང་བོད་མི་མང་གིས་འབད་བརྩོན་བླ་མེད་གནང་སྟེ་བྱུང་པའི་དམངས་གཙོ་འདི་རྩེད་ཆས་ཤིག་དང་འདྲ་བར་རང་ཉིད་ཀྱི་འདོད་མོས་ལྟར་འཐེན་དགོས་ས་ནས་འཐེན་རྐྱང་དང་། དགུག་དགོས་ས་ནས་འགུགས་རྐྱང་གིས་བཟོ་དབྱིབས་ག་རེ་བཟོ་བཟོ་ཡིན་བསམ་པའི་རྣམ་པ་རབ་རིབ་ཅན་ནས་མངོན་གསལ་ཇེ་ཆེ་དང་། མངོན་གསལ་དོད་པོས་རིང་ལུགས་དར་ཁྱབ་པའི་དབང་ཇུས་ཀྱི་སྣང་བརྙན་འབུར་དུ་ཐོན་བཞིན་ཡོད། གནད་དོན་དེའི་ཐད་’བོད་ཀྱི་དུས་བབ’་རྩོམ་སྒྲིག་པའི་གཏམ་3དུ་”སྤྱི་འཐུས་རྒྱུན་ལས་དང་འོས་བསྡུ་ལྷན་ཁང་གཉིས་ཀྱིས་ཀིརྟི་སྒྲོལ་དཀར་ལྷ་མོ་དང་ཨ་ཚོགས་ཀླུ་མཁར་བྱམས་གཉིས་ཀྱི་གཞི་རྩའི་ལྟ་བ་ཐ་དད་ཡོད་པ་དེས་ད་རེའི་འབབ་སའི་རྐུབ་སྟེགས་ཀྱང་སོ་སོར་བསྒྲིགས་སོང་།”ཞེས་བཀོད་ཡོད། གནད་དོན་འདི་ནི་བཙན་བྱོལ་བོད་མིའི་བཅའ་ཁྲིམས་དང་དེའི་ཁྱབ་ཁོངས་ཀྱི་འོས་བསྡུའི་ཁྲིམས་སྒྲིག་གི་རྩ་འཛིན་འོག་མ་སོང་པར་གང་ཟག་སྒེར་གྱི་རིང་ལུགས་ལེགས་འགྲུབ་ཡོང་རྒྱུ་དམིགས་འབེན་དུ་བཟུང་པ་ཞིག་ཆགས་ཡོད།

    ཀློག་པ་པོ་རྣམ་པའི་མཁྱེན་རྟོགས་ཆེད་སྐབས་ ༡༥ བའི་གྲོས་ཚོགས་ཚོགས་དུས་གཉིས་པའི་སྟེང་བར་མིའི་འོས་བསྡུ་མི་དགོས་པར་རྩེ་བཏོག་བྱེད་དགོས་པའི་ཁྲིམས་སྒྲིག་བསྐྱར་བཅོས་ཀྱི་རྒྱབ་ལྗོངས་བཤད་ན། དེ་སྔའི་ཉམས་མྱོང་དང་ལྷག་པར་དུ་སྐབས་ ༡༥ པའི་འོས་བསྡུ་ཆེན་མོའི་སྐབས་དབུས་གཙང་གི་སྤྱི་འཐུས་གཉིས་ལ་སྐབས་དེའི་ཁྲིམས་སྒྲིག་ལྟར་མ་མཐའི་འོས་གྲངས་བརྒྱ་ཆ་ ༣༣ མ་ལོན་སྟབས་བསྐྱར་དུ་འོས་བསྡུ་བྱ་དགོས་བྱུང་པ། དུས་ངེས་མེད་དུ་སྤྱི་འཐུས་གང་རུང་གིས་དགོངས་ཞུའམ་རྐྱེན་ངན་རིགས་བྱུང་བ་སོགས་ཀྱི་སྐབས། བསྐྱར་དུ་འོས་བསྡུ་བྱས་ན་གཅིག་ནས་གཞུང་དངུལ་འབོར་ཆེན་གྱི་འགྲོ་གྲོན་དང་གཉིས་ནས་མང་ཚོགས་ལ་བརྡབ་གསིག་ཐེབས་པ་ལས། བསྐྱར་དུ་འོས་བསྡུ་བྱས་ཀྱང་སྒང་དུ་སླེབས་མཁན་འོས་བསྡུ་ཆེན་མོའི་དུས་སུ་བརྒྱ་ཆ་མ་ལོངས་ཀྱང་ཨང་རིམ་མཐོ་ཤོས་ཐོབ་པའི་རིགས་ཡིན་པ་བཅས་གཞི་རུ་བཟུང་སྟེ། སྐབས་དེ་ནས་བར་མིའི་འོས་བསྡུ་མི་དགོས་པའི་སྟེང་དེ་སྔའི་འོས་གྲངས་བརྒྱ་ཆ་ལོན་མིན་ལ་མ་བལྟས་པར་འོས་ཤོག་མང་ཤོས་ནས་ཨང་རིམ་རྩེ་བཏོག་བྱེད་དགོས་པའི་གྲོས་གཞི་བཏོན་པར་སྤྱི་མོས་བྱུང་ཡོད་པ་རེད་ལ། སྤྱི་མོས་གཏན་འབེབས་ཀྱི་གྲོས་གཞི་དེར་སྲིད་སྐྱོང་གིས་ཁྲིམས་སུ་བཅའ་བའི་མཐའ་མའི་མཚན་རྟགས་བཀོད་ཡོད། ཆེ་མཐོའི་མགོ་ཁྲིད་༼སྲིད་སྐྱོང་༽ཀྱིས་གྲོས་ཚོགས་ནས་སྤྱི་མོས་གཏན་འབེབས་བྱས་པའི་གྲོས་གཞི་དེར་མཚན་རྟགས་བཀོད་པའི་ཉིན་མོ་ནས་དངོས་སུ་ནུས་པ་ལྡན་པའི་ཁྲིམས་ཆགས་ཀྱི་ཡོད། དེ་ཡི་ཁྱབ་ཚད་དང་ལག་བསྟར་གྱི་དུས་བཀག་ལ་མི་སུ་གང་གིས་འགྲེལ་བཤད་རྒྱག་རྒྱུའི་དབང་ཚད་མེད། གནད་དོན་འདིའི་ཐད་ད་ལྟའི་སྤྱི་འཐུས་ལས་ཐོག་གསེར་རྟ་ཚུལ་ཁྲིམས་ཀྱིས་ ‘བོད་ཀྱི་བང་ཆེན་’ གྱི་རྩོམ་སྒྲིག་པའི་གཏམ་4ནང་”་་་ད་དུང་གཞུང་དམངས་ཚང་མས་ངེས་དགོས་པ་ཞིག་ལ་སྤྱི་འཐུས་ཚོགས་གཙོས་གྲོས་ཚོགས་ནང་གཏམ་བཤད་དང། འགྲེལ་བཤད་གནང་བ་ཚང་མ་ཁྲིམས་ལས་ཀྱང་གལ་ཆེ་བ་ཞིག་ཏུ་རྩ་འཛིན་བྱེད་དགོས་མིན་དེ་ཁྲིམས་ལུགས་ཀྱིས་དབང་བསྒྱུར་བའི་སྤྱི་ཚོགས་ཤིག་གི་ནང་དུ་ཧ་ཅང་དྲི་རྟགས་ཆེན་པོ་ཞིག་ཡིན་པ་མ་ཟད། དེ་ལྟར་ཡིན་ན་གྲོས་ཚོགས་འཚོགས་དགོས་དོན་མེད་པར་མཚམས་མཚམས་སུ་ཚོགས་གཙོས་གཏམ་བཤད་རེ་གནང་བཞག་ན་འགྲིག་སོང་བ་མིན་ནམ།”ཞེས་ཁྲིམས་བཟོ་ལྷན་ཚོགས་ཀྱི་འཐུས་མི་ཞིག་གིས་དེ་ལྟར་ཁྲིམས་ལ་འགྲེལ་བརྗོད་དང་ཚད་བཀག་བྱས་པར་ཐེར་འདོན་བྱས་ཡོད།

    ཁ་བཤད་ནང་འགལ་དུ་གྱུར་བའི་འོས་བསྡུ་ལྷན་ཁང་།

    ཐེངས་འདིའི་གླེང་གཞི་དང་འབྲེལ་བའི་ཐད་བོད་ཀྱི་དུས་བབ་ཀྱིས་དབུས་འོས་བསྡུ་ལྷན་ཁང་ལ་བཅར་འདྲི5་བྱས་པའི་ནང་ “སྔོན་ཆད་འོས་བསྡུའི་སྒྲིག་གཞིའི་ནང་བརྒྱ་ཆ་༣༣ ལོན་དགོས་པ་ཞིག་གསལ་ཡོད་ཀྱང་། སྐབས་བཅོ་ལྔ་པའི་གྲོས་ཚོགས་ཚོགས་དུས་གཉིས་པའི་སྟེང་འོས་བསྡུའི་སྒྲིག་གཞིར་བསྐྱར་བཅོས་གནང་སྟེ་མ་འོངས་པར་བརྒྱ་ཆ་ལོན་མི་དགོས་པ་བཟོས་ཡོད་པ་རེད། འོས་བསྡུའི་སྒྲིག་གཞི་བསྐྱར་བཅོས་དེ་ལ་ ༢༠༡༡ ཟླ་ ༡༠ ཚེས་ ༡༤ ཉིན་སྲིད་སྐྱོང་གིས་མཚན་རྟགས་བསྐྱོན་ཟིན་འདུག ཉི་མ་དེ་ནས་བཟུང་ས་གནས་གྲོས་ཚོགས་དང་གཞིས་མགོ བོད་མི་མང་སྤྱི་འཐུས་སུ་ཞིག་ཡིན་རུང་སྒྲིག་གཞི་གསར་པ་གཞིར་བཟུང་འགྲོ་དགོས་པ་ཞིག་ཆགས་བསྡད་ཡོད་པ་རེད།” ཅེས་ལན་འདེབས་བྱས་ཡོད། འདི་དོན་དངོས་རེད། འོན་ཀྱང་། མཚན་རྟགས་བཀོད་པའི་ཉི་མ་ནས་ཁྲིམས་སྒྲིག་གསར་པ་གཞིར་བཟུང་འགྲོ་དགོས་པ་ཤེས་བཞིན་དུ་ཐེངས་འདིར་ཅིའི་ཕྱིར་ལག་བསྟར་མ་བྱས་པ་རེད་དམ།

    ཁ་གཡར་ས་ནི་སྐབས་ ༡༥ བའི་སྤྱི་འཐུས་འོས་བསྡུ་ཁྲིམས་སྒྲིག་རྙིང་པ་གཞིར་བཟུང་ཡོད་སྟབས། ཐེངས་འདིའི་མདོ་སྨད་སྤྱི་འཐུས་དེ་སྐབས་ ༡༥ པའི་སྤྱི་འཐུས་ཀྱི་ཚབ་ཡིན་པས། ད་སྔའི་མདོ་སྨད་སྤྱི་འཐུས་ཀྱི་འོས་མིའི་ཁྲོད་སྐབས་དེའི་བརྒྱ་ཆ་ལོན་མཁན་མེད་པས་ཨང་རིམ་གྱི་མཐོ་གྲས་སུ་སླེབས་པའི་ཀླུ་མཁར་བྱམས་རྩེ་བཏོག་གིས་བསྐོ་བཞག་བྱས་ན་ཁྲིམས་སྒྲིག་རྙིང་པའི་རྩ་དོན་དང་འགལ་བའི་འགྲེལ་བཤད་ཅིག་རྒྱག་གི་ཡོད་རེད། འགྲེལ་བཤད་དེ་བཙན་བྱོལ་བོད་མིའི་བཅའ་ཁྲིམས་ཀྱི་སྒྲིག་དོན་གང་ཞིག་ཏུ་གསལ་ཡོད་དམ། གསལ་མེད་པ་ཡིན་ན་ཁྲིམས་སྒྲིག་གི་འགྲེལ་བཤད་འཕར་མ་དེ་སུས་ཁྱེར་ཡོང་པ་རེད་དམ། ད་དུང་ཐེངས་འདིར་བར་མའི་འོས་བསྡུ་བྱས་པའི་སྤྱི་འཐུས་དེ་སྐབས་ ༡༥ བའི་སྤྱི་འཐུས་ཀྱི་ཚབ་རེད་དམ་ཡང་ན་སྐབས་ ༡༦ པའི་སྤྱི་འཐུས་ཆགས་ཀྱི་ཡོད། དེ་སྐབས་ ༡༥ པའི་སྤྱི་ཚབ་ཆགས་ཀྱི་ཡོད་ན་ཁྲིམས་སྒྲིག་རྙིང་པའི་འོག་འགྲོ་དགོས་རེད་དམ་གསར་པ་གཞིར་བཟུང་འགྲོ་དགོས་རེད། འོས་བསྡུ་འགན་འཛིན་གྱིས་བར་མའི་འོས་བསྡུའི་ཁྲོད་ནས་བརྒྱ་ཆ་མ་ལོན་ཡང་རྩེ་བཏོག་གིས་སྤྱི་ཚབ་ཏུ་བསྐོ་བཞག་བྱ་རྒྱུ་ཡིན་ཚུལ་བཤད་འདུག དེ་འདྲ་བྱས་ན་སྐབས་ ༡༥ བའི་སྤྱི་ཚབ་ཀྱི་ངོ་བོ་གཅིག་གི་སྟེང་ཁྲིམས་སྒྲིག་མ་འདྲ་བ་གཉིས་ལག་བསྟར་བྱེད་པ་རེད། བྱེད་སྟངས་འདིའི་ཐོག་ནས་བཙན་བྱོལ་བོད་མིའི་དམངས་གཙོའི་ཁྲིམས་སྒྲིག་ལ་ཁོང་ཚོས་ལག་རྩེད་རྩེ་བ་ཞིག་མ་རེད་དམ།
    ཡང་གོང་གི་བཅར་འདྲིའི་ནང་ “་་་སྤྱི་ཚོགས་ནང་སྤྱི་འཐུས་ཚོགས་གཙོ་བགྲེས་གཞོན་གཉིས་ཀྱིས་འོས་བསྡུ་ལས་ཁང་ལ་ཐེ་ཇུས་བྱས་པ་ཞིག་ཤོད་བཞིན་འདུག་ཀྱང་། ང་ཚོས་སྤྱི་འཐུས་རྒྱུན་ལས་ལ་བཀའ་འདྲི་ཞུས་པ་དེ་སྒྲིག་གཞི་ཁ་གསལ་དང་མ་གསལ་ཐོག་ནས་བཀའ་འདྲི་ཞུས་པ་དེ་འདྲ་མ་རེད།”ཅེས་དོན་དངོས་དང་འགལ་བའི་གསལ་བཤད་ཅིག་བྱེད་པ་རེད། དོན་དངོས་དང་ཇི་ལྟར་འགལ་བ་རེད་ཟེར་ན། ༢༠༡༣ ཟླ་ ༡༢ ཚེས་ ༦ ཉིན་འདོན་སྤེལ་བྱས་པའི་’མདོ་སྨད་མི་མང་ལ་བར་མའི་འོས་བསྡུ་བྱ་རྒྱུ་ཡིན’ཞེས་པའི་དུས་བབ་ཀྱི་བཅར་འདྲིའི་ནང་དབུས་འོས་བསྡུ་ལྷན་ཁང་གི་འགན་འཛིན་གྱིས་ “་་་སྐབས་དེར་སྤྱི་འཐུས་ཚོགས་གཙོ་བཞུགས་མེད་སྟབས་ངས་སྤྱི་འཐུས་ཚོགས་གཞོན་མཆོག་ལ་བཀའ་འདྲི་ཞུས་ཡིན། གང་ཡིན་ཟེར་ན། སྐབས་བཅོ་ལྔ་པའི་སྤྱི་འཐུས་འོས་བསྡུའི་སྐབས་སྤྱི་འཐུས་འཐོབ་རྒྱུར་བརྒྱ་ཆ་ ༣༣ དགོས་ཀྱི་ཡོད་པ་རེད། སྐབས་བཅོ་ལྔ་པའི་སྤྱི་འཐུས་བདམས་ཚར་རྗེས་བརྒྱ་ཆ་དེ་མེད་པ་བཟོས་པ་རེད། སྤྱི་འཐུས་ལ་ཐོབ་མེད་ནའང་༼རྒྱ་ཆ་ལོན་མེད་པ།༽ཐོ་དེ་འདྲ་ཡོད་ན་བསྐོ་བཞག་བྱས་ན་འགྲིག་གི་མེད་འགྲོ་བསམ་ནས་བཀའ་འདྲི་ཞུས་དུས་དེ་འགྲིག་གི་མི་འདུག དེ་

    Reply
  8. ཇོ་རུ་ཚེ་རིང་། says:
    ལོ་ 11 སྔོན།

    མི་གཞི་འུ་ཅག་བཙོན་བྱོལ་སྤྱི་ཚོགས་ནང་སྔར་གྱི་བཀའ་བློན་ད་ལྟའི་སྲིད་སྐྱོང་དང་། བོད་མི་མང་སྤྱི་འཐུས་འོས་བསྡུའི་སྐབས་སུ། ཆབ་སྲིད་པར་རློམ་མཁན་མགོ་གྲུང་པོ་ཅན་དག་ས་འོག་ཏུ་འཛུལ་ནས་ཆོ་འཕྲུལ་སྣ་སྟོན་གྱིན་ཡོད་བཟོ་འདུག དཔེར་ན། དགོན་སྡེ་ཁག་གི་བླ་སྤྲུལ་གྲྭ་ས་ཁག་ནང་ཤུགས་རྐྱེན་ཡོད་མཁན་དག་ལ་ཐབས་ཀྱིས་སྐུལ་ནས། དད་པ་ཤུགས་ཆེ་སའི་གྲྭ་ས་དང་མང་ཚོགས་ནང་བརྒྱུད་སྐུལ་འདྲ་མིན་ཡོང་གི་ཡོང་གི་ཡོད་ས་རེད། སྤྱི་ཚོགས་ནང་གོ་རྒྱུ་ཐོས་རྒྱུ་མང་པོ་འདུག འདི་སྤྱི་ཚོགས་ཀྱི་རིམ་པ་རེད། འདིའི་རིགས་འོས་བསྡུའི་ལས་རིམ་ཅན་གྱི་སྤྱི་ཚོགས་རེ་ཟུང་ནང་ཡོང་གི་ཡོད་རེད།
    གཅིག་ནས། གཙོ་བོ་མང་ཚོགས་རང་ངོས་ནས་བསམ་བློ་གཏོང་རྒྱུ་དེ་གལ་ཆེན་པོ་རེད། འོས་ཤོག་ཟེར་བ་འདི་འཕེན་མ་ཤེས་ན་རང་གིས་རང་གི་མགོ་རྡུང་བྱེད་ཀྱི་ལག་ཆར་འགྲོ་གི་རེད།
    གཉིས་ནས། དམངས་གཙོ་རྩོད་ལེན་དང་ཡར་རྒྱས་གཏོང་གི་ཡོད་ཟེར་མཁན་གྱི་གཞུང་སྒེར་ཚོགས་སྡེ་ཚང་མས་མང་ཚོགས་ནང་དམངས་གཙོའི་གོ་རྟོགས་སྤེལ་ཏེ། མང་ཚོགས་རང་ཉིད་ཀྱི་ཁེ་དབང་དང་དེ་ལོངས་སྤྱོད་ཀྱི་འདུ་ཤེས་རྣལ་མ་ཞིག་སྐྱེད་སྲིང་བྱེད་རྒྱུ་གལ།
    གསུམ་ནས། སྒྲིག་འཛུགས་ཀྱི་ངོས་ནས་འདིའི་ཐད་ཁྲིམས་སྒྲིག་གཞིའི་ངོས་ནས་དོ་དམ་སྟངས་འཛིན་ཞིབ་ཅིང་ཕྲ་བ་ཞིག་བཟོས་དགོས་རྒྱུ་ཤིན་ཏུ་གལ།
    སྤྱིར་ཆོས་ལུགས་རུལ་སུངས་མི་སྣའི་ལག་ཆ་ཡོད་ན་མེད་ན་དེ་རྨོངས་དད་དང་། ཆབ་སྲིད་རུལ་སུངས་མི་སྣའི་ལག་ཆ་ཡོད་ན་མེད་ན་དེ་ཕྱོགས་ཞེན་གཉིས་ཀྱི་རྒྱ་ལས་མ་ཐར་བར་དུ་གནས་ཚུལ་འདི་རིགས་མུ་མཐུན་ནས་ཡོང་སྲིད་པ་རེད།

    གནད་གཙོ་བོ་དེ་སྒྲིག་ནང་བཞིན་འགྲོ་ཐུབ་དང་མ་ཐུབ། ཁྲིམས་སྒྲིག་གི་གཏན་འབེབས་དག་ཁ་གསལ་ཡོད་མེད། ཁྲིམས་སྒྲིག་ལག་བསྟར་བྱེད་སྟངས་རྒྱལ་སྤྱིའི་འགྲོས་དང་མཐུན་མིན། དེ་དག་གི་བར་དུ་ཞིབ་ཆ་མ་ཐོན་པའི་སྐྱོན་ག་རེ་བྱུང་ཡོད་མེད། དེ་དག་གནས་སྐབས་ཆབ་སྲིད་ཀྱི་དགོས་ལྟར་ཆབ་སྲིད་པ་དག་གིས་གཡས་འཐེན་གཡོན་འགུགས་བྱས་ཡོད་མེད། འདི་རིགས་ནི་གཞི་རྩའི་གནད་འགག་གཙོ་བོ་དེ་ཆགས་ཡོད་པ་རེད། ཁྲིམས་ཀྱིས་སྤྱི་ཚོགས་དབང་སྒྱུར་ཐུབ་མིན་དང་། ལས་དོན་ལག་བསྟར་རྣམས་ཁྲིམས་མཐུན་ཆགས་ཡོད་མེད་ཀྱི་གནད་དོན་ལ་ཐུག་གི་ཡོད། གནད་དོན་འདི་རིགས་ནི་གང་ཟག་སྒེར་སོ་སོའི་བསམ་ཚུལ་ཙམ་དང་བཟང་སྤྱོད་ཙམ་གྱིས་སྒྲུབ་ཐུབ་པ་ཞིག་མ་རེད། ཁྲིམས་དོན་རིགས་པའི་མཚན་ཉིད་ཀྱི་ཐོག་ནང་ཀྱང་དཔྱད་ཞིབ་དགོས་པའི་རིགས་རེད།

    ད་ཐེངས་ཀྱི་མདོ་སྨད་སྤྱི་འཐུས་བར་མའི་འོས་བསྡུ་ཐད་འཕྲད་པའི་གནད་དོན་ནི། གོང་བརྗོད་པའི་ཁྲིམས་སྒྲིག་གཏན་འབེབས་ཞིབ་ཚགས་མེད་པའི་གནད་དོན་དང་འབྲེལ་བ་ཆགས་ཡོད།
    དཔེར་མཚོན་གྱི་ཟུར་ཙམ་ཞུས་ན། སྲིད་སྐྱོང་མཆོག་གིས་ཕྱི་ལོ་ ༢༠༡༡ ལོའི་ཟླ་ ༡༠ ཚེས་ ༡༤ ཉིན་དངོས་སུ་མཚན་རྟགས་བཀོད་པའི་འོས་བསྡུའི་སྒྲིག་གཞི་དེ་ཉིད། ཁྲིམས་གྱི་གཏན་འབེབས་ལྟར་ན་མཚན་རྟགས་བཀོད་པའི་ཉིན་མོ་དེ་ནས་ཁྲིམས་སུ་ཆགས་ཏེ་ལག་བསྟར་དགོས་པ་རེད་དམ། ཡང་ན་ལོ་ཟླ་དུས་ཚེས་ག་དུས་ནས་བཟུང་ལག་བསྟར་དགོས་པ་རེད། བསྐྱར་བཅོས་སྔོན་གྱི་ཁྲིམས་རྙིང་དེ་ག་དུས་ན་མཚམས་འཇོག་དང་རྩིས་མེད་འགྲོ་དགོས་པ་རེད། འདི་རིགས་རྒད་པོ་ཚོའི་བསམ་ཚུལ་བཤད་བཤད་འདྲ་བྱས་ན་འགྲིག་གི་མ་རེད། ཁྲིམས་དོན་རིག་པའི་ཐད་ནས་ཞིབ་ཀྱང་ཕྲ་བ་འགྲོ་དགོས་པ་རེད། འདི་དག་འགྲོ་མ་ཐུབ་ན་དེ་ནི་སྤྱི་འཐུས་གྲོས་ཚོགས་ཀྱི་འཐུས་ཤོར་རེད། སྤྱིར་འཐུས་ཤོར་རེ་ཟུང་ཡོང་སྲིད་པ་རེད། འཐུས་ཤོར་ངོས་ལེན་བྱས་པའི་ཐོག་ནས་བསྐྱར་ཞིབ་གཏན་འབེབས་ག་རེ་དགོས་ན་དེ་ལྟར་སྒྲུབ་དགོས་པ་གལ་ཏུ་ཆེ། ཕར་གཡོལ་ཚུར་གཡོལ་བྱས་ནས་མང་ཚོགས་ལ་མགོ་སྐོར་བཏང་ནས་ཁྱོན་ཡོད་པ་མ་རེད།

    དོར་དྲིལ་ན། དོགས་སློང་ཆེན་པོ་གཉིས་ཡོང་གི་ཡོད་པ་རེད། དུས་གཅིག་ལ་ཁྲིམས་གསར་རྙིང་གཉིས་ཀྱིས་མཉམ་གཅིག་ཏུ་ཁྲིམས་ཀྱི་ངོ་བོ་འཁྱེར་ཐུབ་པ་རེད་དམ། དེ་བཞིན། ཁྲིམས་གསར་རྙིང་གཉིས་དུས་མཉམ་དུ་ལག་བསྟར་བྱེད་ཐབས་ཡོད་པ་རེད་དམ། འདི་ལ་ཁྲིམས་དོན་རིག་པའི་ཐད་ནས་འགྲེལ་བཤད་ཅི་ལྟར་རྒྱག་དགོས་པ་རེད་དམ། རྟོན་བཞིའི་འཇུག་ལྡོག་མ་ནོར་བའི་སྒོ་ནས་ད་རེས་འོས་བསྡུའི་གནད་དོན་བཙལ་ན། གནད་གཙོ་བོ་འདི་ན་འཐོམ་བསྡད་ཡོད་པ་རེད་བསམ་མོ།
    དེ་མ་གཏོགས་གང་ཟག་སྒེར་གྱི་བར་དང་། ཆབ་སྲིད་པ་ཚོའི་འཐེན་འཁྱེར་བསླུ་འཁྲིད་ཀྱི་སྐད་ཆས་ཁྲིད་ནས། རྨོངས་འཐོམ་ཕྱོགས་ཞེན་གྱི་སྐད་ཆ་བརྩད་བསྡད་དེར་དགོས་པ་གང་ཡང་མི་འདུག

    Reply
  9. བསྟན་ཆོས། says:
    ལོ་ 11 སྔོན།

    ཡང་ཀླུ་ན་རེད། བར་མའི་འོས་བསྡུ་མ་དགོས་པར་ཞེས་པའི་ཚིག་དུམ་བཅད་ནས་བོང་ཤར་སྦྱར་ནས་མགོ་བསྐོར་བསམ་ཡང། ཚང་མས་མུ་འཐུད་ནས་ཀློག་དུས་ཁ་སྐོང་སྤྱི་འཐུས་དེ་འོས་བསྡུ་འགན་འཛིན་དང། དེའི་ཕྱག་རོགས་གཉིས། ཟུར་དཔང་ལྔ་བཅས་མི་མགོ་བརྒྱད་ཀྱིས་མཚན་རྟགས་བརྒྱབ་སྟེ། བཅུག་གཞག་པའི་སྒུག་ཐོ་གང་དེའི་ནང་ནས་ཡོང་དགོས་པ་དང། སྒྲིག་འགྱུར་དེ་ཡང་མ་འོངས་པ་ན་སྒུག་ཐོ་བཟོ་སྟངས་སྟེ། དངོས་གཞིའི་འོས་མི་སོ་སོའི་འོས་ཐོབ་གྲངས་ཀ་ལྟར་སྒུག་ཐོར་བཞག་ཆོག་པའི་ཆ་རྐྱེན་ཞིག་ཡིན་པ་མདོ་སྨད་མི་མང་གིས་གསལ་རྟོག་ཐུབ་ནས་ཡོད་པས། ཡང་བོང་ཤ་མ་འགྲིམ་པར་ཤུགས་རིང་འཐེན་བཞིན་སྡོད་དགོས་པ་ཆགས་རྒྱུ་ཉག་གཅིག་རེད།

    Reply
  10. བསྟན་ཆོས། says:
    ལོ་ 11 སྔོན།

    ཀླུ་མཁར་གྱི་ཚིག་དུམ་རེ་རེ་བྱས་ནས་ངོ་སྤོད་ཞུས་ན། “ད་ལྟའི་སྐབས་འདིར་མང་རིམ་རྩེ་བཏོག་གི་སྒུག་ཐོ་དང་པོ་དེ་ང་རེད། ཅེས་ཟེར། རྐུན་མ་ཧམ་ཆེན་གྱིས་མི་གསོད་འདོད་ཡིན་ནམ། ཁོ་རང་ངོ་མ་འདི་ལྟར་འཐོམ་ཡོད་དམ། དོན་དངོས་ནི། སྒུ་ཐོ་ཀླད་ཀོར་རེད། ཁོ་རང་མ་གཞི་ནས་སྒུག་ཐོའི་ནང་ལ་ཚུད་མེད་ཙང་། སྒུག་ཐོའི་དང་བོ་ང་ཡིན་ཅེས་པ་རི་བོང་ལ་ར་ཡོད། མ་ཟད་འདོམ་པ་བཅོ་བརྒྱད་ཡོད་ཅེས་པ་རང་མ་རེད་དམ།

    Reply
  11. བསྟན་ཆོས། says:
    ལོ་ 11 སྔོན།

    ་ཀླུ་ན་རེ། “འོས་བསྡུའི་སྒྲིག་གཞི་གསར་པ་དེའི་དོན་ཚན་ང་གཅིག་པའི་ནང་གསེས་གཉིས་པའི་ནང་། “སྤྱི་འཐུས་དུས་ཡུན་ནང་ས་མིག་སྟོང་པ་ཐོན་ཚེ། བར་མའི་འོས་བསྡུ་མ་དགོས་པར་ཞེས་ཐག་བཅད་ཡོད་སྟབས། ད་ལྟའི་བར་མའི་འོས་བསྡུ་དེ་ཁྲིམས་སྒྲིག་གི་གཞི་འཛིན་ས་གང་ཡང་མེད་པ་མ་ཟད། ཅེས་པའི་ཐད་ཀྱི་ནང་གསེས་གཉིས་པ་ཆ་ཚང་བཀོད་ན། “༢ སྤྱི་འཐུས་དུས་ཡུན་ནང་ས་མིག་སྟོང་པ་ཐོན་ཚེ། བར་མའི་འོས་བསྡུ་མ་དགོས་པར་སྒུག་ཐོའི་གྲལ་མཚམས་གར་འཁེལ་ནས་ཚབ་གསར་འཇུག་རྒྱུའི་ཆེད། འོས་ཐོབ་མང་རིམ་བཞིན་ཐོར་བཀོད་དེ་འོས་བསྡུའི་འགན་འཛིན་དང་། ཟུར་དཔང་རྣམས་ཀྱི་མཚན་རྟགས་བཀོད་པ་འོས་བསྡུ་ལས་ཁང་དུ་ཉར་དགོས། “ཞེས་གསལ་འདུག་ན། ཀླུ་མཁར་བྱམས་ལྟ་བུའི་སྐབས་༡༥ བའི་སྒུག་ཐོའི་ནང་ན་མེད་མཁན་ཞིག བར་མའི་འོ་བསྡུ་མ་བྱས་པར་ཐད་ཀར་སྤྱི་འཐུས་སུ་འགྲོ་ལམ་མེད་པ། སྒྲིག་གཞི་འདིའི་ངོ་གདོང་ན་གསལ་འདུག
    ཁྲིམས་སྒྲིག་གང་ཞིག གཏན་འབེབ་བྱས་ཉིན་ནས་མ་འོངས་བར་ཁྱབ་པ་ལས། རྒྱབ་བཤོལ་རྒྱག་སྲོལ་མེད་པ་ཡོངས་གྲགས་རེད།

    Reply
  12. གངས་ལྡོམ། says:
    ལོ་ 11 སྔོན།

    ཁྲིམས་ཡག་པོ་རེད། ཡིན་ནའི་མིས་དེ་ཕན་མེད་དུ་བཏང་ཡོད།

    Reply
  13. ཆོས་སྐྱབས། says:
    ལོ་ 11 སྔོན།

    སྒང་དུ་ཨོ་རྒྱན་ལགས་ཀྱིས་གསུངས་པ་ལྟར་ཐེངས་འདིར་ཁྲིམས་དང་སྒྲིག་གཞིའི་ཐོག་ནས་ཀླུ་མཁར་བྱམས་ལགས་སུ་དྲང་མོ་བྱུང་མ་བྱུང་གི་སྐད་ཆ་མི་འདུག མགོ་འཚོས་མཁན་ཞིག་ཡིན་ན་གསལ་བོ་ཆགས་ཡོད་པ་རེད་བསམ་གྱི་འདུག ཡིན་ནའང་ཀླུ་མཁར་བྱམས་ཀྱི་སྟེང་ལ་མདོ་སྨད་དབུས་སའི་རྒྱུན་ལས་ཚོ་དང་། དེ་ནས་རྡ་རམ་ས་ལའི་མདོ་སྨད་ཀྱི་གནད་ཡོད་མི་སྣ་རེ་ཟུང་གིས་དྲང་མོ་བྱས་མེད་པ་དང་། ལྐོག་ལྐོག་སིལ་སིལ་གྱིས་ཡར་རྒྱུག་མར་རྒྱུག་དང་ཡར་ཁ་མར་ཁ་བྱས་ཏེ་གནས་ཚུལ་མང་པོ་ཞིག་བཟོས་ཡོད་པ་དེ་བདེན་པ་བདེན་དྲང་རེད། སྤྱིར་འདིའི་སྐོར་མཐོང་ཐོས་མང་པོ་བྱུང་སོང་ལ་ང་རང་སྒེར་ངོས་ནས་ཀྱང་འདིའི་སྐོར་ལ་གནས་ཚུལ་མང་པོ་ཞིག་ཧ་གོ་གི་ཡོད། ད་ཆོ་ཡོད་པ་མ་རེད་བསམ་གྱི་འདུག ཀླུ་མཁར་བྱམས་ཁོ་རང་གིས་དགོངས་པ་ཞུས་ཚར་རེད། འོས་བསྡུ་ལྷན་ཁང་གིས་དངོས་གཞི་གསལ་བསྒྲགས་ཀྱང་གནང་ཚར་རེད། རྗེས་མ་དེ་འདྲ་མ་ཡོང་བ་ལ་ཚང་མས་གཟབ་གཟབ་གནང་རྒྱུ་གལ་ཆེན་རེད།

    Reply
  14. ཨོ་རྒྱན་བསྟན་འཛིན། says:
    ལོ་ 11 སྔོན།

    བཀུར་འོས་ཀླུ་མཁར་བྱམས་ལགས། ད་རེས་དངོས་གནས་དྲང་གནས་བྱས་ན་ཁྲིམས་སྒྲིག་གི་ཐོག་ནས་ཁྱོད་ལ་རྙོག་གྲ་བཤད་ས་གང་ཡང་ལྷག་མི་འདུག་བསམ་གྱི་འདུག ཡིན་ནའང་མང་ཚོགས་ནང་མགོ་ཉོག་བཟོ་བ་དང་སོ་སོ་ངོ་ཤེས་པ་བཟོ་ཐབས་ལ་ཆབ་སྲིད་པ་ཚོས་འདི་ལྟར་བྱེད་སྲོལ་ཞིག་ཡོད་བསྡད་པ་ཞིག་རེད། འདི་ཀླུ་མཁར་བྱམས་མ་ཡིན་པར་ཆབ་སྲིད་པ་སུ་ཞིག་ཡིན་རུང་སོ་སོའི་ཁེ་ཕན་ཟེར་ན་འདྲ། སོ་སོའི་མཚན་སྙན་གྲགས་ལ་འབྲེལ་བ་ཡོད་པའི་གནས་ཚུལ་ཞིག་ལ་ཐུག་ཡོང་སྐབས་མི་ཆེན་དཔོན་ཆེན་ཚོ་དང་ཁྲིམས་དང་སྒྲིག་གཞིར་སྐྱོན་འཛུགས་དང་འགྲེལ་བཤད་འདྲ་མིན་སྣ་ཚོགས་བརྒྱབ་སྟེ་གནས་ཚུལ་དེ་ཆེན་པོ་བཟོ་ཐབས་དང་སོ་སོ་མིང་གྲགས་འགྲོ་ཐབས་བྱེད་པའི་གོ་སྐབས་སུ་སྤྱོད་སྲོལ་ཡོད་པ་རེད།
    སྤྱིར་བཏང་གནས་ལུགས་ཡོད་མེད་ལ་མ་ལྟོས་པར་ཁྱོད་རང་གི་བཤད་སྟངས་སྙིང་རྗེ་བོ་ཞེ་དྲག་འདུག སེམས་ལ་ཚོར་བ་བསྟེར་ཐུབ་པ་དང་ཨམ་ཅོག་ནང་འཇུག་པོ་འདྲ་བོ་འདུག རྩ་བའི་ད་རེས་འོས་བསྡུ་ལྷན་ཁང་དང་བོད་མི་མང་སྤྱི་འཐུས་ལྷན་ཁང་གཉིས་གང་ལའང་ནག་ཉེས་ཤིག་འགེལ་ས་མི་འདུག་བསམ་གྱི་ཡོད། གནས་ཚུལ་ཁ་ཧ་ཅང་གསལ་བོ་དང་ཁྲིམས་སྒྲིག་ལག་བསྟར་བྱེད་ཕྱོགས་ཕྱི་གསལ་ནང་གསལ་དང་དྲང་མོ་དྲང་བཞག་རེད་བསམ་སོང་། ང་རང་གིས་ཐོག་མ་མདོ་སྨད་སྤྱི་འཐུས་ཀིར་ཊི་སྒྲོལ་དཀར་ལྷ་མོ་ལགས་ཀྱི་རྙོག་གླེང་དེ་བྱུང་བ་ནས་བཟུང་མདོ་སྨད་ཀྱི་བར་མའི་འོས་བསྡུའི་དངོས་གཞིའི་འོས་མི་གསལ་བསྒྲགས་བྱས་པའི་བར་ཉམས་འཇོག་ཟེར་ན་འདྲ་དོ་སྣང་ཆེན་པོ་བྱས་པའི་ཁུལ་ཡིན། སོ་སོར་མཚོན་ན་དྲང་མོ་བྱུང་མི་འདུག་བསམ་བསམ་དང་རྙོག་གྲ་འདུག་བསམ་བསམ་བྱུང་མ་སོང་། ཐོག་མའི་ཆར་གླེང་སློང་དང་མ་གསལ་བ་ཕྲན་བུ་ཡོད་ནའང་མང་ཚོགས་ནང་བགྲོ་གླེང་དང་གསར་འགྱུར་བརྒྱུད་ལམ་ཁག་གིས་སྔོག་བཤེར་རྩད་ཞིབ་རིམ་པར་བྱས་པ་བརྒྱུད་ནས་གསལ་གསལ་ཐང་ཐང་བཟོ་སོང་བསམ་ཡོད།

    Reply
  15. ཆུ་ཐིགས་སྔོན་མོ། says:
    ལོ་ 11 སྔོན།

    འོས་བསྡུ་ལས་ཁུངས་དང་དེ་འབྲེལ་གྱི་ལས་བྱེད་ཚོར་ཞེན་པ་ལོག་གི་་་་་ལྷག་པར་མདོ་སྨད་པའི་མིང་འཁུར་བའི་ཕྱོགས་ཞེན་ཅན་ཚོར་དེ་ལས་ཀྱང་སྐྱུགས་བྲོ་ཡོང་གི་

    Reply
  16. ཀརྨ་རྡོ་རྗེ། says:
    ལོ་ 11 སྔོན།

    ཀླུ་མཁར་བྱམས་ལགས་ཀྱིས།
    ་་་་་་
    ལན། བར་མའི་འོས་བསྡུ་འདི་ཁྲིམས་དང་བཟང་སྤྱོད་གང་ཐད་ནས་ཉན་བཟོ་ལྟ་བཟོ་མེད་པ་ཞིག་རེད། ་་་་་་་་་་་་་་་་་་་་་་་་་་་་་་་་

    Reply
  17. thapkegyatso says:
    ལོ་ 11 སྔོན།

    ཀླུ་མཁར་བྱམས་དངོས་གནས་བུ་རྒོད་པོ་རེད། འདི་ལྟར་དུས་དང་སྐབས་འཚོལ་ཤེས་ན་ཐེངས་རྗེས་མའི་སྤྱི་འཐུས་སུ་ཚུད་པར་མི་གླེན་པ་ཚོའི་སྟེང་ན་བརྒྱ་ཆའི་རྒྱ་མ་གང་ཡོད་སྲིད། ཨ་མའི་བུ་དུས་དང་སྐབས་འཚོལ་ཤེས་དགོས་ཡ།

    Reply
  18. གསེར་ས་ལེ་སྦྲམ། says:
    ལོ་ 11 སྔོན།

    དབུས་འོས་བསྡུ་ལས་ཁུངས་དང་སྤྱི་འཐུས་གྲོས་ཚོགས་གཉིས་ནས་ད་རེས་ཀྱི་བར་མའི་འོས་བསྡུའི་སྐོར་ལ་མི་མང་གི་འདོད་བློ་ཁེངས་པའི་ལན་ཁ་གསལ་ཞིག་མ་གནང་བར་བློ་ཕམ་ཞེ་དྲག་ཡོད། མདོར་དེད་ན་ཁྲིམས་དང་སྒྲིག་གཞི་ཟེར་བ་དེ་ཡང་གང་ཟག་སྒེར་གྱི་ཁ་སྟབས་ལ་ལྟོས་ཏེ་ལག་ལེན་བསྟར་གྱི་ཡོད་པའི་བཟོ་འདྲ་ཞིག་མཐོང་སོང་། འདི་ནི་ཧ་ཅང་བློ་ཕམ་གྱི་གནས་ལས་མ་འདས། གལ་སྲིད་ད་རེབ་ཀྱི་མིང་རིམ་རྩེ་བཏོག་གི་སྒུག་ཐོ་དང་བོ་དེ་སྐུ་ཞབས་ཀླུ་མཁར་བྱམས་མིན་པའི་དབང་དུ་བཏང་ན། བར་མའི་འོས་བསྡུ་བྱེད་མི་དགོས་པར་བརྒྱ་ཆ་༣༣ལོང་ཡོད་མེད་ལ་མི་ལྟོས་པར་མིང་རིམ་རྩེ་བཏོག་བྱེད་པའི་སྒྲིག་གཞི་ལག་བསྟར་བྱེད་རྒྱུ་ཡིན་པ་གཏན་ཁེལ་རེད།

    Reply
  19. གནས་ཚང་། says:
    ལོ་ 11 སྔོན།

    འོས་བསྡུ་འདི་ཁྲིམས་འགལ་ཡིན་ས་རེད། མདོ་སྨད་མི་མང་གོང་ས་མཆོག་གི་བཀའ་དགོངས་འོག་ཤར་བསྐྱོད་གནང་བཞིན་པས། ཁྲིམས་འགལ་འོས་བསྡུ་ལ་ཡོ་བསྲང་གནང་ནས་ཆོལ་ཁ་གཞན་ཚོར་མིག་དཔེ་སྟོན་ངེས་རེད།

    Reply
  20. བོད་ཀྱི་བུ། says:
    ལོ་ 11 སྔོན།

    ཀླུ་མཁར་བྱམས་ཟེར་བ་འདི་གནད་འགག་ལ་ཐུག་དུས་ཁྲིམས་ལུགས་བརྩི་སྲུང་བྱས་སྟངས་འདི་ངོ་མ་ཡག་ལེ་རེད། དཔའ་བོ་རེད། དེ་ལས་ཁྲིམས་འགལ་སྒྲིག་འགལ་བྱེད་མཁན་གྱི་འོས་བསྡུ་ལས་ཁང་དང་། ཚོགས་གཙོ། མདོ་སྨད་ཀྱི་མི་ངན་དེ་ཚོར་ཞེན་པ་ལོག་སོང་། ང་ནི་ད་རེས་འོས་བསྡུ་འདི་ལ་ཆ་ཤས་ལེན་གི་མེད།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese