ཟླ་རྗེས་མའི་ཚེས་ ༤ ནས་ ༦ བར་གྱི་ཉིན་གྲངས་གསུམ་རིང་༧གོང་ས་མཆོག་གིས་ངྷ་སྟེང་བོད་ཁྱིམ་སློབ་གྲྭའི་ཚོགས་ཁང་དུ་བོད་ཀྱི་སློབ་ཕྲུག་རྣམས་ལ་ནང་ཆོས་ངོ་སྤྲོད་གནང་རྒྱུ་ཡིན་འདུག དེ་ཡང་ཚེས་ ༤།༥ ཉིན་གཉིས་རིང་ཞོགས་པ་ཆུ་ཚོད་ ༩ ནས་ ༡༢ བར། ཤེས་རབ་སྙིང་པོའི་འགྲེལ་བ་དང་འབྲེལ་ནང་ཆོས་སྤྱིའི་ངོ་སྤྲོད་དང་། གང་བློ་མའི་བཤད་ལུང་བཅས་སྩལ་རྒྱུ་ཡིན་པ་དང་། ཚེས་ ༦ ཉིན་བོད་ཕྲུག་ཁྱིམ་སྡེའི་རྩེད་ཐང་དུ་སློབ་ཕྲུག་གཙོ་བོར་གྱུར་བའི་བཞུགས་སྒར་ཁུལ་གྱི་སེར་སྐྱ་མང་ཚོགས་ལ་ཐུགས་རྗེ་ཆེན་པོའི་དབང་ཆེན་སྩལ་རྒྱུ་ཡིན་འདུག ཕྱི་ལོ་ ༢༠༠༧ ནས་བཟུང་༧གོང་ས་མཆོག་གིས་སྒར་ངྷ་སྟེང་བོད་ཁྱིམ་སློབ་གྲྭ་རུ། བཙན་བྱོལ་བོད་མིའི་སློབ་གྲྭ་ཁག་དང་། རྒྱ་གར་མཐོ་སློབ་ཁག་ཏུ་ཡོད་པའི་བོད་པའི་སློབ་ཕྲུག་ཚོ་བཅས་ལ་ཆེད་དམིགས་ཀྱིས་ནང་ཆོས་ངོ་སྤྲོད་ཀྱི་ལས་རིམ་ཞིག་འགྲོ་བཞིན་ཡོད།