གྷོར་ཌོན་གྷོ་ཋི་རེ་ཆང་གིས་བརྩམས། དོན་གྲུབ་ཀྱིས་བསྒྱུར།
ངའི་བསམ་ཚོད་ལྟར་ད་ཆ་རྒྱ་ནག་འཐོར་བཤིག་ཏུ་འགྲོ་ལ་ཁད་དུ་འགྱུར་བཞིན་ཡོད། སྔོན་ཆད་རྒྱ་ནག་གི་དཔལ་འབྱོར་འཕེལ་རྒྱས་དབྱར་མཚོ་ལྟར་རྒྱས་ཡོད་ཀྱང་། ཉེ་ལམ་ཞིག་ནས་རྒྱ་ནག་གི་དཔལ་འབྱོར་ཉམས་ཉེས་ཤུགས་ཆེན་འགྲོ་བཞིན་ཡོད་སྟབས། མ་འོངས་པར་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཕུགས་བསམ་ལ་གནོད་སྐྱོན་ཆེན་པོ་ཞིག་ཐེབས་རྒྱུ་ཡིན་པ་གདོན་མི་ཟ།
ད་ལྟ་རྒྱ་ནག་དཀའ་ངལ་ནང་ལྷུང་ཡོད་ཀྱང་ང་ཚོས་རྒྱ་ནག་གི་གཞི་རྩའི་ཞན་ཆ་ཁག་ལ་བསམ་གཞིགས་བྱེད་དགོས་པ་ལས། རྒྱ་ནག་གི་སྟོབས་ཤུགས་ཉམས་དམས་འགྲོ་བཞིན་ཡོད་པ་དག་ཁ་ལ་འཁྱེར་ནས་སྣང་ཆུང་བྱས་ན། མ་འོངས་པར་རྒྱ་ནག་གིས་གཡོ་འགུལ་བསླངས་ཏེ། འཛམ་གླིང་ལ་དོ་ཕོག་ཤུགས་ཆེན་བཟོ་རྒྱུ་ཡིན་པ་ཟུར་བལྟས་ལེབ་མཐོང་ཡིན་སྟབས། ང་ཚོས་རྔ་ལ་དཔག་པའི་འཆམ་འཁྲབ་ཐུབ་དགོས།
འདས་པའི་བཅུ་ཕྲག་འགའ་ཤས་ནང་རྒྱ་ནག་ནང་འཕོ་འགྱུར་གང་ཞིག་བྱུང་ཡོད་དམ།
ང་ཚོས་རྒྱ་ནག་གི་གཡུལ་ལས་རྣམ་པར་རྒྱལ་བའི་ཕྱི་སྲིད་ཐབས་ཇུས་ཁག་ལ་ངེས་ཤེས་དང་རྒྱུས་ལོན་བྱ་དགོས། དེ་ཡང་ཐོག་མར་ང་ཚོས་རྒྱ་ནག་གི་དཔལ་འབྱོར་འཕེལ་རྒྱས་དང་། རྒྱ་ནག་ནང་གི་གནས་སྟངས་ལ་རྟོག་ཞིབ་བྱ་དགོས། མི་མང་ཆེ་བས་རྒྱ་ནག་གི་དཔལ་འབྱོར་འཕེལ་རྒྱས་ཇེ་དལ་དུ་འགྲོ་བཞིན་ཡོད་པ་ཤེས་ཀྱི་ཡོད་ཀྱང་། ང་ཚོས་ད་ལྟ་རྒྱ་ནག་སྦོ་ལུག་རྒྱུའི་གནས་སྟངས་ནང་གྱར་མེད་པ་དེ་ཡང་གསལ་བོ་ཤེས་དགོས། འདས་ལོའི་ཟླ་ ༦ པར་རྒྱ་ནག་གི་དཔལ་འབྱོར་འཕེལ་རྒྱས་ཉམས་ཉེས་ཤུགས་ཆེན་བྱུང་ཡོད་པ་མ་ཟད། དངུལ་ཁང་གཉིས་ལའང་གྱོང་གུད་ཆེན་པོ་ཕོག་ཡོད། རྒྱ་ནག་ཙམ་མ་ཟད་རྒྱལ་སྤྱིའི་ཐོག་དངུལ་ཁང་ཆེ་ཤོས་རྒྱ་ནག་ཚོང་ལས་དངུལ་ཁང་དང་བཟོ་ལས་དངུལ་ཁང་གཉིས་ལ་ཕམ་ཉེས་ཆེན་པོ་བྱུང་ཞིང་། དངུལ་འདོན་བྱང་བུའི་འཕྲུལ་ཆས་ (ATMs) དག་ཀྱང་སྒོ་བརྒྱབ་ནས་དྲ་ཐོག་དངུལ་བཅོལ་སྡིངས་ཆ་ཞིག་གསར་བཟོ་བྱས་ཏེ། དངུལ་ཁང་གི་གཏན་འཇགས་མ་དངུལ་གསོག་འཇོག་བྱ་དགོས་བྱུང་ཡོད། རྒྱ་ནག་གི་དངུལ་ཁང་ཆེ་ཤོས་ཨང་གསུམ་པ་ཀྲུང་གོའི་མི་དམངས་དངུལ་ཁང་ལའང་དེ་བཞིན་དོ་ཕོག་ཆེན་པོ་བྱུང་སྟེ་ཉེན་ཁར་ཐུག་ཡོད།
གནས་ཚུལ་དེས་རྒྱ་ནག་ནང་འདྲོག་མགོ་ཆེན་པོ་ཞིག་ལངས་ཡོད་ཀྱང་། རྒྱ་ནག་དབུས་གཞུང་གི་མགོ་ཁྲིད་ཚོས་རྒྱ་ནག་གི་འཇིགས་ཉེན་གྱི་ཉེན་ཁ་དེ་ལས་སྐྱོབ་ཆེད་ཡར་རྒྱས་འགྲོ་བཞིན་པའི་གྲོང་ཁྱེར་ཁག་ཏུ་འགྲོ་གྲོན་ཕོན་ཆེན་བཏང་ཞིང་། གང་ས་གང་དུ་མྱུར་ཚད་ལྡན་པའི་མེ་འཁོར་ལྕགས་ལམ་བཟོ་སྐྲུན་བྱས་ཏེ། རྒྱལ་སྤྱིའི་ཐོག་སྔར་རྒྱུན་ལྟར་རྒྱ་ནག་འཕེལ་རྒྱས་འགྲོ་བཞིན་ཡོད་པའི་རྣམ་འགྱུར་སྟོན་ཐབས་དང་འབྲེལ་ཆབ་སྲིད་དང་དཔལ་འབྱོར་ཟུང་འབྲེལ་གྱི་གཡོ་སྒྱུ་ཞིག་འཁྲབ་ཡོད།
ད་ལྟ་པེ་ཅིན་གཞུང་གིས་རྒྱ་ནག་གི་ལོ་རེའི་ཐོན་སྐྱེད་གོང་མཐོར་གཏོང་ཐབས་ཀྱི་གཡོ་ཇུས་དེ་ཁོ་ན་ཉིད་ལས་མེད་སྟབས། མུ་མཐུད་བྱ་སྤྱོད་དེ་རྒྱུན་འཁྱོངས་མི་བྱེད་ཐབས་མེད་ཆགས་ཡོད་ལ། རྒྱ་ནག་གི་མགོ་ཁྲིད་ཚོས་རྒྱ་ནག་དབུས་སའི་གཞུང་ནས་བུ་ལོན་ཕོན་ཆེན་གཡར་ཏེ་རྒྱལ་ཁབ་འཛུགས་སྐྲུན་བྱེད་བཞིན་ཡོད། ཁྱེད་ཀྱིས་ཨ་རི་བུ་ལོན་ནང་འཐིམ་ཡོད་པ་མཐོང་གསལ་བཞིན་རྒྱ་ནག་ཨ་རི་ལས་ཀྱང་བུ་ལོན་མང་བ་ཡོད་པ་ཤེས་དགོས། ཉེ་ལམ་དཔལ་འབྱོར་རིག་པའི་ཆེད་མཁས་པ་ཞིག་གིས་རྒྱ་ནག་རྒྱལ་ཡོངས་ཀྱི་ཞིང་ཆེན་ཡོངས་རྫོགས་གྷི་རིག་རྒྱལ་ཁབ་ལྟར་ཆགས་ཡོད་ཅེས་བསམ་ཚུལ་སྤེལ་ཡོད། ལོ་རྒྱུས་ཐོག་འཕེལ་རྒྱས་མགྱོགས་ཤོས་ཀྱི་རྒྱལ་ཁབ་དེ་ད་ཆ་འཛམ་གླིང་ཐོག་བུ་ལོན་མང་ཤོས་ཀྱི་རྒྱལ་ཁབ་ཅིག་ཏུ་འགྱུར་བཞིན་ཡོད། འདི་ནི་རྒྱུ་རྐྱེན་མེད་པར་སྟེས་དབང་གིས་བྱུང་བ་ཞིག་རྩ་བ་ནས་མ་རེད།
ད་ལྟའི་རྒྱ་ནག་གི་དཔལ་འབྱོར་འཕེལ་རྒྱས་དེས་རྒྱ་ནག་གི་བུ་ལོན་གསབ་རྒྱུ་ཁག་པོ་ཆགས་ཡོད་སྟབས་རྒྱ་ནག་ལ་དཀའ་ངལ་ཆེན་པོ་འཕྲད་སྲིད། ང་ཚོས་རྒྱ་གཞུང་གིས་ཕྱིར་བསྒྲགས་བྱས་པའི་དཔལ་འབྱོར་འཕེལ་རྒྱས་ཀྱི་རྩིས་གཞི་དག་ལ་མ་བལྟས་པར། མི་སྒེར་གྱི་དཔྱད་ཞིབ་དང་ཁེ་ལས་ཀྱི་གྲུབ་འབྲས། ལས་ཀའི་ས་མིག་གསར་བཟོ་སོགས་ལ་ཞིབ་འཇུག་བྱས་ན་། རྒྱ་ནག་ནང་དཔལ་འབྱོར་འཕེལ་རྒྱས་དེ་པེ་ཅིན་གཞུང་གིས་འུད་སྒྲོག་བྱས་བ་ལྟ་བུ་ཞིག་མིན་པ་གསལ་བོར་ཤེས་ཐུབ།
རྒྱ་ནག་གི་དཔལ་འབྱོར་འཕེལ་རྒྱས་མྱུར་ཚད་གང་འདྲ་ཞིག་ལ་སླེབ་ཡོད་དམ།
༢༠༡༢ ལོར་འདོན་སྤེལ་བྱས་པའི་རྒྱ་ནག་གི་ལས་ཞུགས་ཐོ་གཞུང་ལྟར་ན། ༢༠༡༡ ལོ་དང་བསྡུར་ན་ ༢༠༡༢ ལོར་བརྒྱ་ཆ་ ༠།༣༧ འཕར་ཡོད་ཀྱང་། རྒྱ་ནག་སྤྱི་ཡོངས་ཀྱི་དཔལ་འབྱོར་འཕེལ་རྒྱས་བརྒྱ་ཆ་ ༢ ལས་མང་བ་འཕར་མེད་པ་ར་འཕྲོད་ཐུབ། ༢༠༡༣ ལོའི་དུས་རིམ་གསུམ་པའི་སྐབས། རྒྱ་ནག་གི་དཔལ་འབྱོར་འཕེལ་རྒྱས་གང་འདྲ་ཡོད་མེད་ཐད་ཞིབ་འཇུག་བྱས་པ་བརྒྱུད། རྒྱ་ནག་རྒྱལ་ཡོངས་ཀྱི་ལས་ཞུགས་གྲངས་ཚད་དེ་ ༢༠༡༢ ལོ་དང་བསྡུར་ན་བརྒྱ་ཆ་ ༢།༥ དང་། ༢༠༡༣ ལོའི་དུས་རིམ་གཉིས་པ་དང་བསྡུར་ན་བརྒྱ་ཆ་ ༤ ཉམས་ཆག་ཕྱིན་ཡོད། དེར་བརྟེན། རྒྱ་ནག་གི་དཔལ་འབྱོར་འཕེལ་རྒྱས་དེ་ལོ་རེ་ནས་ལོ་རེར་ཉམས་ཆག་ཏུ་འགྲོ་བཞིན་ཡོད་པ་གསལ་པོ་ཆགས་ཡོད།
རྒྱ་ནག་གི་དཔལ་འབྱོར་ཉམས་ཉེས་བྱུང་བ་དེ་ང་ཚོར་འབྲེལ་བ་གང་ཞིག་ཆགས་ཡོད་དམ།
འདས་པའི་ལོ་ངོ་བཅུ་ཕྲག་གསུམ་རིང་རྒྱ་ནག་དམར་ཤོག་སྲིད་གཞུང་གིས་དཔལ་འབྱོར་འཕེལ་རྒྱས་གཏོང་ཐབས་ཁོ་ན་རྩ་བར་བཟུང་སྟེ་མཆོང་རྒྱུག་བྱས་ཏེ་གྲུབ་འབྲས་མི་དམན་པ་ཞིག་ཐོབ་ཡོད་ཀྱང་། མ་འོངས་པར་མུ་མཐུད་རྒྱ་ནག་གི་དཔལ་འབྱོར་འཕུར་མཆོང་ལྟ་བུའི་འཕེལ་རྒྱས་མ་ཕྱིན་ཚེ། རྒྱ་ནག་གིས་གཞི་རྩ་བཅོལ་ཡུལ་ནི་མི་རིགས་རིང་ལུགས་ཀྱི་ལྟ་བ་དག་ལས་གཞན་ཅི་ཡང་ལྷག་མེད། བཅིངས་གྲོལ་དམག་མིས་ཨ་རི་དང་མཐའ་གཅིག་ཏུ་དམག་འཐབ་བྱ་རྒྱུའི་ཆོད་སེམས་བརྟན་པོ་འཆང་གི་ཡོད་པ་དེ་ནི། རྒྱལ་ཞེན་རིང་ལུགས་ལས་བྱུང་བ་ཞིག་ཡིན། བཅིངས་གྲོལ་དམག་མིའི་རྒྱལ་ཞེན་ཆེ་དྲགས་པའི་བསམ་བློ་དེས་ལྷོ་རུ་རྒྱ་གར་དང་བྱང་དུ་ལྷོ་ཀོ་རི་ཡར་ཕོག་ཐུག་བཏང་ཡོད་སྟབས། ང་ཚོས་ཉི་ཧོང་དང་ཧྥི་ལི་ཕིན་ལ་དམིགས་འབེན་བཟུང་སྟེ་རྒྱ་གཞུང་དང་འཐབ་རྩོད་བྱ་དགོས།
ལོ་གཉིས་གོང་རྒྱ་གཞུང་གིས་གྲུ་གཟིངས་བཏང་སྟེ་རྒྱ་ནག་རྒྱ་མཚོའི་ལྷོ་ཁུལ་ཧྥི་ལི་ཕིན་གྱི་སེ་ཁར་བྷོ་རོ་ཤོལ་ (Scarborough Shoal) མཚོ་ཁུག་ལ་བཙན་འཛུལ་བྱས་པ་རེད། ཨ་རིས་ཧྥི་ལི་ཕིན་དང་བརྟན་བརླིང་སྲུང་སྐྱོབ་ཀྱི་གྲོས་མཐུན་བཞག་ཡོད་ཀྱང་། རྒྱ་གཞུང་དང་ཨ་རིའི་འབྲེལ་ལམ་ལ་དོ་ཕོག་མི་འགྲོ་ཆེད་ཧྥི་ལི་ཕིན་ལ་རྒྱབ་རོགས་བྱས་ཏེ་རྒྱ་གཞུང་ལ་འགོག་རྒོལ་བྱས་མེད།
རྒྱ་ནག་གིས་ཧྥི་ལི་ཕིན་གྱི་མཚོ་ཁུག་བཙན་བཟུང་བྱས་པ་དེས་ད་དུང་འདོད་པ་མ་འཚིམ་པར། ད་ལྟ་ཧྥི་ལི་ཕིན་གྱི་ཋོ་མ་སེ་ཤོལ་གཉིས་པ་ (Second Thomas Shoal) གཙོས་མཚོ་ཁུལ་ཁག་གཅིག་ལ་བཙན་འཛུལ་བྱས་ཏེ་རྒྱ་མཚོའི་བརྒྱ་ཆ་ ༨༠ ཙམ་ཞིག་རྒྱ་ནག་ལ་དབང་གི་ཡོད་སྐོར་རྒྱལ་སྤྱིའི་ཐོག་ཧམ་བཤད་བྱེད་ཀྱིན་ཡོད།
རྒྱ་ནག་གིས་ཧྥི་ལི་ཕིན་གྱི་སེ་ཁར་བྷོ་རོ་མཚོ་ཁུག་བཙན་འཕྲོག་བྱས་རྗེས། རྒྱ་ནག་རྒྱ་མཚོའི་ཤར་ཁུལ་ཉི་ཧོང་གི་སིང་ཁཱ་ཁུ་མཚོ་གླིང་ཡང་བཙན་བཟུང་ལ་གྲ་སྒྲིག་བྱེད་ཀྱིན་ཡོད། དེར་རྒྱ་ནག་གིས་མཚོ་གླིང་དེར་དྷེ་ཡུ་སེ་ (Diaoyus) ཟེར་བའི་མིང་ཞིག་བཏགས་ཏེ་བདག་དབང་རྩོད་ལེན་བྱེད་བཞིན་ཡོད། རྒྱ་ནག་གིས་ཉི་ཧོང་གིས་མཚོ་གླིང་དེ་ ༡༩༧༡ ལོའི་བར་བདག་བཟུང་བྱས་པ་ཁྲིམས་མཐུན་ཐོག་རྒྱ་ནག་གི་མངའ་འོག་ཏུ་ཚུད་པ་ཡིན་ཚུལ་འུད་ཤོབ་བྱེད་ཀྱིན་ཡོད་ཀྱང་རྒྱལ་སྤྱིའི་ཁྲིམས་ལུགས་ལྟར་ན་རྒྱ་གཞུང་གི་རྒྱུ་མཚན་དེ་ཡང་དག་པ་ཞིག་ཆགས་ཀྱི་མེད།
དེང་སྐབས་རྒྱལ་སྤྱིའི་ཐོག་རྒྱལ་ཁབ་ཚོས་རྒྱུ་མཚན་ཡང་དག་གང་ཡང་བགྲང་རྒྱུ་མེད་པར་མངའ་ཁུལ་གྱི་བདག་དབང་རྩོད་ལེན་བྱེད་བཞིན་པ་དག་ནི་ང་ཚོར་མཚོན་ན་དཀའ་ངལ་ཆེན་པོ་ཞིག་མིན་ཡང་། ད་ལྟའི་རྒྱ་ནག་གི་ཐབས་ཇུས་དེ་ཉེན་ཁ་ཅན་ཞིག་ཆགས་ཡོད། རྒྱ་ནག་གིས་སིང་ཁཱ་ཁུ་མཚོ་གླིང་དུ་མཚོ་དམག་གྲུ་གཟིངས་དང་། སྐབས་རེར་ཉི་ཧོང་གི་གནམ་དམག་ས་ཚིགས་ཡོད་སར་གནམ་གྲུ་བཏང་སྟེ། རྩོད་ཉོག་ཅན་གྱི་མཚོ་གླིང་གི་བདག་དབང་རྩོད་ཀྱི་ཡོད།
མི་མང་པོ་ཞིག་གིས་ཉི་ཧོང་གིས་ཅིའི་ཕྱིར་མཚོ་གླིང་དེ་རྩོད་ཀྱི་ཡོད་པའི་སྐད་ཆ་འདྲི་ཡི་ཡོད། རྒྱ་ནག་གིས་བཙན་རྒྱལ་རིང་ལུགས་ཀྱི་སྲིད་ཇུས་ལག་བསྟར་བྱེད་བཞིན་པ་དེར་ཉི་ཧོང་གིས་རྒྱ་ནག་ལ་ཁ་གཏད་གཅོག་གི་ཡོད། རྒྱ་ནག་ཧྥི་ལི་ཕིན་གྱི་སེ་ཁར་བྷོ་རོ་མཚོ་ཁུག་གིས་འདོད་པ་མ་འཚིམ་པར། ཉི་ཧོང་གི་སིང་ཁཱ་ཁོ་མཚོ་གླིང་ལ་གནམ་མཆོང་བརྒྱབ་སྟེ་བཙན་འཕྲོག་བྱེད་བཞིན་ཡོད། རྒྱ་གཞུང་མགོ་ཁྲིད་དང་གཞུང་འབྲེལ་གསར་འགྱུར་བརྒྱུད་ལམ་ཁག་གིས་དེས་ཀྱང་ཆོག་ཤེས་མི་བྱེད་པར། ཉི་ཧོང་གི་ཨོ་ཀེ་ཎ་ཝ་ (Okinawa) དང་རེ་ཡུ་ཁེ་ཡུ་ (Ryukyu) མཚོ་བརྒྱུད་ཀྱི་གླིང་ཕྲན་དག་ཀྱང་བདག་བཟུང་བྱ་དགོས་པའི་དྲིལ་བསྒྲགས་དང་སྐུལ་སློང་བྱེད་བཞིན་ཡོད།
ཉེ་ལམ་པེ་ཅིན་གཞུང་གིས་རྒྱལ་སྤྱིའི་ཐོག་དམག་འཐབ་སློང་གཞིའི་ཐབས་ཇུས་སྤེལ་ཏེ། ཉི་ཧོང་གི་མངའ་ཁུལ་ཐོག་མཁའ་དབྱིངས་དབྱེ་མཚམས་གསར་བཟོ་བྱས་ཡོད། རྒྱ་ནག་གིས་སྔར་ལོ་ནས་བཟུང་མངོན་གསལ་དོད་པོས་རྒྱལ་ཁབ་གཞན་གྱི་མངའ་ཁུལ་བདག་བཟུང་བྱེད་པའི་སྲིད་ཇུས་ཤིག་བཟུང་སྟེ། ཡུལ་བདེ་ཞི་འཇགས་མེད་པ་བཟོས་ཡོད། རྒྱ་ནག་གི་རྒྱ་སྐྱེད་རིང་ལུགས་ཀྱི་ཐབས་ཇུས་དེ་ ༢༠༡༢ ལོའི་ཟླ་ ༡༡ པའི་ནང་ཞི་ཅིན་ཕིན་རྒྱ་ནག་གི་མགོ་ཁྲིད་ལ་བསྐོ་བཞག་བྱས་རྗེས་གཞི་ནས་ལག་བསྟར་བྱས་པ་ཞིག་ཡིན། ང་ཚོས་རྒྱ་ནག་ནང་གི་འཕོ་འགྱུར་ལ་བལྟས་ཏེ་རྒྱ་ནག་གིས་བཙན་རྒོལ་རྒྱལ་སྐྱོབ་ཀྱི་སྲིད་ཇུས་འདིའི་རྒྱུ་རྐྱེན་འཚོལ་དགོས།
རྒྱ་གཞུང་གི་རྒྱ་སྐྱེད་རིང་ལུགས་ཐད་ལྟ་ཕྱོགས་མི་འདྲ་བ་གཉིས་ཡོང་གི་ཡོད། འགའ་ཞིག་གིས་ཞི་ཅིན་ཕིན་ནི་རྒྱལ་ཞེན་གྱིས་མེ་ལྕེ་འབར་བའི་མི་སྣ་ཞིག་ཡིན་སྟབས། ཁོས་བཅིངས་གྲོལ་དམག་མིར་བཀའ་བཏང་སྟེ། དྲག་ཤུགས་བཀོལ་ནས་མངའ་ཁུལ་བདག་བཟུང་བྱེད་འཇུག་གི་ཡོད། གང་ཡིན་ཞེ་ན། ཞི་ཅིན་ཕིན་གྱིས་ཞི་བདེ་རྒྱ་མཚོའི་མངའ་ཁུལ་གྱི་སིང་ཁཱ་ཁོ་རྒྱ་ནག་གིས་བདག་བཟུང་བྱ་དགོས་སྐོར་ཐེངས་མང་གླེང་མྱོང་ཡོད་ཟེར། འོན་ཀྱང་རྒྱ་ནག་གི་དབང་ཆ་ཡོངས་རྫོགས་ཞི་ཅིན་ཕིན་ལ་བདག་པར་རློམ་མཁན་ཚོས། ཞི་ཅིན་ཕིན་ལ་རྒྱ་ནག་གི་དབང་ཆ་ཧྲིལ་པོ་ཞིག་ད་དུང་འཐོབ་མེད་པའི་ངོས་འཛིན་བྱེད་ཀྱི་ཡོད། ཨ་རིའི་བྷུག་ལེན་ (Brooklin) ཤེས་ཡོན་ལྟེ་གནས་ཀྱི་ཕྱི་སྲིད་ཆེད་མཁས་པ་དང་། ཞི་ཅིན་ཕིན་གྱི་དག་སྐྱེལ་པ་ཁེན་ཎ་ཋས་ (Kenneth Lieberthal) ཡིས། ཞི་ཅིན་ཕིན་ནི་རྒྱ་ནག་བཅོས་བསྒྱུར་གཏོང་མཁན་ཞིག་རེད་ཅེས་ངོས་འཛིན་བྱས་ཡོད་ཀྱང་། ང་ཚོས་རྒྱ་ནག་གི་རྒྱལ་ཞེན་རིང་ལུགས་ཀྱི་བྱ་སྤྱོད་དང་གཡོ་བྱུས་འོག་མགོ་སྐོར་ཐེབས་རྒྱུ་མེད། གང་ཡིན་ཞེ་ན། ཁེན་ཎ་ཋས་ཞི་ཅིན་ཕིན་གྱིས་དམག་མི་བཏང་ནས་འཁྲུག་རྐྱེན་སློང་གཞིའི་བྱ་སྤྱོད་སྤེལ་ཏེ་རྒྱ་ནག་ནང་དཔལ་འབྱོར་བཅོས་བསྒྱུར་ཡོང་ཐབས་བྱེད་བཞིན་ཡོད་ཅེས་བརྗོད་ཡོད།
ང་རང་གཙོས་པའི་མི་རེ་ཟུང་གིས་ཞི་ཅིན་ཕིན་ལ་རྒྱ་ནག་གི་དབང་ཆ་ཡོངས་རྫོགས་བདག་པར་ངོས་འཛིན་བྱེད་ཀྱི་མེད། ངས་བསམ་ན་སྐུ་ཞབས་ཁེན་ཎ་ཋས་བརྗོད་པ་ལྟར་མིན་པར། ཞི་ཅིན་ཕིན་གྱིས་རྒྱ་ནག་གི་དམག་དཔུང་ཡང་དོ་དམ་བྱེད་ཐུབ་ཡོད་མ་རེད་བསམ་གྱི་འདུག བསམ་ཚུལ་འདི་འཛིན་མཁན་ཉུང་ཤས་ཤིག་ལས་མེད་ཀྱང་ཁོ་ཚོས་རྒྱ་ནག་གི་དམག་སྤྱི་ཚོས་རྒྱ་ནག་མགོ་ཁྲིད་ཚོར་བསམ་ཚུལ་བརྗེ་ལེན་མ་བྱས་པར་རང་ཚུགས་བཟུང་སྟེ། དམག་ཇུས་བཟོ་བཞིན་ཡོད་པའམ། ཡང་ན་དམག་སྤྱི་ཚོས་སྲིད་ཇུས་ག་རེ་ལག་བསྟར་བྱ་རྒྱུ་ཡིན་པ་དག་དགོས་གལ་བྱུང་ཚེ། རྒྱ་ནག་མགོ་ཁྲིད་ཚོར་སྙན་སེང་ཞུས་ཏེ་ལག་བསྟར་བྱེད་བཞིན་ཡོད་པར་འདོད་ཀྱི་ཡོད།
མདོར་བསྡུས་ན་ངའི་བསམ་པར་ང་ཚོས་པེ་ཅིན་འདི་འམ་དེ་རེད་ཟེར་སྐབས་གཟབ་ནན་དང་། རྒྱ་ནག་དམར་ཤོག་ཚོགས་པའི་ནང་ཁུལ་གྱི་རྙོག་འདྲར་རྒྱུས་ལོན་བྱེད་དགོས། ད་ཆ་བཅིངས་གྲོལ་དམག་མི་ནི་རྒྱ་ནག་དམར་ཤོག་ཚོགས་པའི་སྟོབས་ཤུགས་ཆེ་ཤོས་ཀྱི་ཤོག་ཁག་ཅིག་ཆགས་ཡོད་པ་ཤེས་དགོས། ཞི་ཅིན་ཕིན་ལ་ཁ་གཏད་ཤོག་ཁག་མེད། འོན་ཀྱང་མང་ཚོགས་ཀྱིས། ཞི་ཅིན་ཕིན་གྱིས་སྔོན་བྱོན་རྒྱ་ནག་གི་མགོ་ཁྲིད་དང་གནད་ཡོད་གཞུང་ཞབས་ཟུར་པ་ཚོའི་དམར་ཤོག་རྒྱལ་སྲས་ ( Princelings) དག་གི་མགོ་གཙོ་བྱེད་བཞིན་ཡོད་ཅེས་རྗོད་ཀྱི་ཡོད། རྒྱ་ནག་དམར་ཤོག་གི་རྒྱལ་སྲས་ཚོས་དབང་ཆ་གཅིག་བསྡུད་བྱེད་པ་ལས། དྲག་ཤུགས་སྤྱད་དེ་དཔུང་ཤུགས་ངོམ་གྱི་མེད། ཞི་ཅིན་ཕིན་གྱིས་རྒྱ་ནག་དཔོན་རིགས་ཀྱི་ཤོག་ཁག་ཚོར་གོ་བསྐོན་བློ་འགུག་བྱས་ཏེ། ཁོ་རྒྱ་ནག་གི་བླ་ན་མེད་པའི་མགོ་ཁྲིད་ཆགས་པ་རེད་མ་གཏོགས། རྒྱ་ནག་གི་མགོ་ཁྲིད་ལ་འོས་པའི་མི་སྣ་ཞིག་མིན་པ་མ་ཟད། ད་དུང་ཁོ་ལ་དམར་ཤོག་ཚོགས་པའི་ཁྲོད་རྒྱབ་རོགས་གཅིག་ཀྱང་མེད་སྟབས། ཁོས་མང་ཚོགས་དང་གུས་བཀུར་ཞུ་མཁན་ཚོར་ཡིད་ཆེས་བྱས་ཏེ་མདུན་སྐྱོད་བྱ་དགོས་པ་ཞིག་ཆགས་ཡོད། གང་ཡིན་ཞེ་ན། ཁོ་ཚོའི་རྒྱབ་སྐྱོར་ལ་བརྟེན་ཏེ་ཞི་ཅིན་ཕིན་རྒྱ་ནག་གི་གཞུང་འཛིན་མཁན་གྱི་མགོ་ཁྲིད་ཆགས་པ་རེད།
ཆབ་སྲིད་དབྱེ་ཞིབ་པ་འགས་ད་ལྟ་ཞི་ཅིན་གྱི་ཤོག་ཁག་བཅིངས་གྲོལ་དམག་མི་ཆགས་ཡོད་སྐོར་ཀྱང་གླེང་གི་ཡོད། གང་ལྟར་ང་ཚོས་རྒྱ་ནག་གི་ཕྱི་སྲིད་ཐབས་ཇུས་ཁག་ལ་མཐིལ་ཕྱིན་པའི་དོ་སྣང་སྤྲོད་དགོས། ངས་པེ་ཅིན་གྱིས་དྲག་འཐབ་སྲིད་ཇུས་ལག་བསྟར་བྱེད་ཀྱི་ཡོད་སྟབས་དོ་སྣང་སྤྲོད་དགོས་ཟེར་གྱི་མེད། འོན་ཀྱང་། ང་ཚོས་ཁོ་ཚོའི་ཕྱི་སྲིད་གཡོ་འཁྲུལ་དང་དམག་འཐབ་ལ་བསམ་གཞིགས་བྱ་དགོས་རྗོད་ཀྱི་ཡོད། འདས་པའི་ལོ་རྒྱུས་ནང་རྒྱ་ནག་གིས་ཁྱིམ་མཚེས་རྒྱལ་ཁབ་ཁག་ལ་སྡང་ཟུག་བཅངས་ཏེ། ཁོ་ཚོས་ཧམ་བཟུང་བྱ་འདོད་ཡོད་པའི་རྒྱལ་ཁབ་ཁག་ལ་དམག་འཐབ་བྱས་ཡོད། རྒྱ་ནག་གི་མགོ་ཁྲིད་ཚོ་ནི་སྤྱང་གྲུང་འཛོམས་ཤིང་དཔའ་ངར་ཆེ་བ་ཤ་སྟག་ཡིན་སྟབས། ཁོ་ཚོས་རྒྱལ་ཁབ་གཅིག་གམ་གཉིས་དམིགས་འབེན་དུ་བཟུང་སྟེ་དམག་འཐབ་ཀྱིས་བཙན་འཛུལ་བྱེད་བཞིན་ཡོད་པར་བརྟེན། ཁོ་ཚོར་རྒྱལ་ཁ་ཐེངས་མང་ཐོབ་མྱོང་ཡོད་སྟབས་ང་ཚོས་དགྲ་བོའི་གཡོ་ཇུས་རྟོགས་དགོས།
དེང་སང་པེ་ཅིན་གཞུང་གིས་རྒྱ་ནག་གི་ལྷོ་ཤར་རྒྱལ་ཁབ་ཁག་དང་ཨ་རིར་ཁ་གཏད་གཅོག་གི་ཡོད། རྒྱལ་ཁབ་ཅིག་ལ་དགྲ་བོ་ག་ཚོད་དགོས་སམ། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་རྒྱ་ནག་གི་ཐབས་ཇུས་དེ་ཡག་རྟགས་མིན་པའི་སྐྱོན་བརྗོད་བྱེད་པའམ། ཡང་ན་རྒྱ་ནག་གི་མགོ་ཁྲིད་ཚོར་ཐབས་ཇུས་ཀྱི་བསམ་བློ་འདང་ངེས་མེད་པའི་ངོས་འཛིན་བྱེད་ཀྱི་ཡོད། ད་ལྟ་རྒྱ་གཞུང་གིས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་དུས་རིམ་གོང་མའི་སྐབས་ལྟར་འཛམ་གླིང་ནང་གསར་བརྗེའི་རླུང་འཚུབ་སྐུལ་སྤེལ་བྱེད་ཀྱི་མེད་ཀྱང་། མའོ་ཙེ་ཏུང་གིས་འབད་བརྩོན་བྱས་པ་ལྟར་རྒྱ་གཞུང་གིས་རྒྱལ་སྤྱིའི་གནས་བབ་ལ་གཏོར་རྒོལ་ཆེན་པོ་གཏོང་གི་ཡོད་སྟབས། ང་ཚོས་མ་འོངས་པར་རྒྱ་ནག་སྔར་གྱི་གནས་བབ་ཐོག་གནས་ཐབས་མེད་པ་སྔོན་ཚུད་ནས་ཤེས་ཐུབ་པ་བྱ་དགོས།
རྒྱ་ནག་གིས་མའོ་ཡི་སྲིད་ཇུས་བསྐྱར་སློག་བྱ་སྲིད་དམ། གལ་ཏེ་བསྐྱར་སློག་བྱས་ན་དེ་ནི་ཕན་ཐོགས་མེད་པ་ཞིག་ཆགས་རྒྱུ་ཡིན་པ་སྨོས་མ་དགོས་པ་ཞིག་རེད། མི་མང་ཆེ་བས་རྒྱ་གཞུང་གིས་མའོ་ཡི་སྲིད་ཇུས་རྒྱུན་འཁྱོངས་བྱ་རྒྱུ་མཚམས་འཇོག་བྱས་པར་ངོས་འཛིན་བྱེད་ཀྱི་ཡོད་ཀྱང་། དེ་དོན་དངོས་ལ་འགྱུར་རྒྱུ་ཁག་པོ་ཡིན། ཞི་ཅིན་ཕིན་གྱིས་མའོ་དང་མ་ཁེ་སེའི་ལམ་ལུགས་གཅིག་མཇུག་གཉིས་མཐུད་ཁྱབ་སྤེལ་བཏང་སྟེ། སྤྱི་ཚོགས་ནང་ཡུན་རིང་རྒོལ་རྡུང་དང་། ལྟ་བ་གཙང་སེལ་གྱི་བྱ་ཐབས་སྤེལ་བཞིན་ཡོད།
རྒྱ་ནག་གི་དབང་ཆ་ཡོངས་རྫོགས་ཞི་ཅིན་ཕིན་ལ་ཡོད་པར་ངོས་འཛིན་བྱེད་མཁན་ཚོས་བརྗོད་པ་དེ་དོན་དངོས་ཤིག་ཡིན་ཚེ། མི་དེ་དག་ནི་ཞི་ཅིན་ཕིན་གྱིས་ཐལ་ཕྱོགས་ཀྱི་བསམ་པར་ཡིད་ཆེས་བྱེད་མཁན་ཡིན་པ་མཚོན། ད་ལྟ་ཞི་ཅིན་ཕིན་གྱིས་རྒྱ་ནག་ནང་གནམ་ས་བླ་འོག་བརྗེ་བ་ལྟར་ཆབ་སྲིད་ཀྱི་ཟློས་གར་འཁྲབ་བཞིན་ཡོད་པ་ནི། ཁོའི་དགྲ་བོ་ཚོར་ལྐོག་ཟ་རུལ་སུངས་ཀྱི་ཞྭ་མོ་གཡོགས་ཏེ་རྩ་གཏོར་གཏོང་གི་ཡོད་པ་དེ་ཡིན། ཀྲུའུ་ཡཱོང་ཁང་ནི་དོན་རྐྱེན་དེའི་འོག་ཚུད་པའི་མི་སྣ་གཅིག་རེད། མའོ་ཙེ་ཏུང་གིས་ལོ་ངོ་བཅུ་ཕྲག་གཅིག་ལྷག་རིང་ལག་བསྟར་བྱས་པའི་རིག་གནས་གསར་བརྗེའི་རྨ་ཁ་གསོ་ཐབས་སུ། རྒྱ་ནག་མགོ་ཁྲིད་ཚོས་ ༡༩༨༠ ལོའི་མགོ་སྟོད་མི་བཞི་ཤོག་ཁག་གཏོར་ཕམ་བཏང་རྗེས། གཞུང་གིས་རྒྱ་ནག་དབུས་ཆབ་སྲིད་རྒྱུན་ལས་ཀྱི་ཚོགས་མིའམ་ཡང་ན་ཚོགས་མི་ཟུར་པ་ཚོར་རྟོག་ཞིབ་བྱ་མི་དགོས་པ་བཟོས་ཡོད་ལ། རྒྱ་ནག་གི་མཐོ་རིམ་མགོ་ཁྲིད་ཚོ་ཉེན་ཁ་ལས་ཐར་ཐབས་ཀྱི་སྲིད་ཇུས་ཤིག་སྤེལ་ཡོད། གལ་ཏེ་རྒྱ་ནག་གི་མགོ་ཁྲིད་ཚོ་ཉེན་ཁའི་ལྕགས་ཀྱུའི་ནང་ཚུད་མེད་ན་ཆབ་སྲིད་དབང་ཆའི་འགྲན་རྩོད་ལས་ཕམ་ཉེས་བྱུང་བའི་རྗེས་ལ། རང་འགན་རང་འཁུར་བྱས་ཏེ་ནག་ཉེས་ལས་གཡོལ་ཐབས་བྱེད་ངེས་རེད། ཕྱོགས་གཞན་ཞིག་ནས་ཏིན་ཞོ་ཕིན་གྱིས་རྒྱ་ནག་དམར་ཤོག་ཚོགས་པ་ཁ་ཐོར་དགུ་ཐོར་འགྲོ་གཞིའི་མཐོ་རིམ་དཔོན་རིགས་ཀྱི་དབང་ཆའི་འཐབ་རྩོད་དེ་ཇེ་ཆུང་དུ་གཏོང་ཆེད། ཁོས་ཐབས་ཇུས་འདྲ་མིན་བཏོན་ཏེ་ཉེན་སྐྱོབ་སྲིད་ཇུས་ཤིག་རྒྱུན་འཁྱོངས་བྱས་ཏེ་ཞི་འཇགས་ཡོང་ཐབས་བྱས་ཡོད།
གང་ལྟར་ཞི་ཅིན་ཕིན་གྱིས་རྒྱ་གཞུང་གི་ལམ་ལུགས་མང་པོ་ཞིག་མགོ་མཇུག་སློག་སྟེ་སྲིད་ཇུས་གསར་པ་མང་པོ་ཞིག་ལག་བསྟར་བྱེད་བཞིན་ཡོད། ཁོས་རྒྱ་ནག་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་སྤྱི་ཁྱབ་ཆེན་མོ་ཀྲུའུ་ཡཱོང་ཁང་དང་། རྒྱ་ནག་གི་མགོ་ཁྲིད་གཙོ་གྲས་ནང་བསླེབ་རྒྱུར་རེ་བ་ཆེ་བའི་པའོ་ཞེ་ལེ་གཉིས་ན་ནིང་ཟླ་ ༨ པར་འཇུ་བཟུང་བཀའ་རྒྱ་བཀྲམ་ཏེ་ཚེ་བཙོན་གྱི་ཁྲིམས་ཐག་བཅད་ཡོད། འདི་ལྟ་བུའི་ནག་ཉེས་ཁྲིམས་ཐག་གཅོད་པར་གཞིགས་ཚེ་ད་ལྟའི་རྒྱ་ནག་གི་ཆབ་སྲིད་འགྱུར་འགྲོས་དེ་མའོ་ཡི་དུས་སྐབས་ལ་ཕྱི་བཤོལ་རྒྱག་གི་ཡོད་པ་གསལ་བོ་རེད།
ལོ་སྔོན་མར་རྒྱ་ནག་གི་སྲིད་བློན་ཝུན་ཅ་པའོ་ཡིས་རྒྱ་ནག་ནང་སླར་ཡང་རིག་གནས་གསར་བརྗེ་ཞིག་ལངས་སྲིད་སྐོར་བརྗོད་ཡོད། སྐབས་དེར་ཉམས་ཞིབ་པ་ཚོས་ཁོའི་སྐད་ཆར་ཉན་འཇོག་བྱས་མེད་པ་མ་ཟད། སྐད་ཆ་དེ་ཁ་ཤོམ་ཙམ་ལས་དོན་དངོས་ཤིག་མ་རེད་བསམ་སྟེ་ཡ་མེད་བཏང་ཡོད་ཀྱང་། དོན་དངོས་ཐོག་ཁོའི་སྐད་ཆ་དེ་ཧ་ཅང་དྲང་གཏམ་ཞིག་ཆགས་ཡོད། ད་ལྟ་རྒྱ་ནག་ལམ་ནོར་ཐེབས་ཤིང་འཕོ་འགྱུར་འགྲོ་ལ་ཉེ་བའི་གནས་སྐབས་སུ་གྱར་ཡོད།
ཨ་རི་གཙོས་པའི་རྒྱལ་ཁབ་མང་པོ་ཞིག་གིས་རྒྱ་ནག་གི་འཕོ་འགྱུར་ལ་བསམ་གཞིགས་ཙམ་ཡང་མ་བྱས་པར། རྒྱལ་ཁབ་ཀྱི་ཁེ་ཕན་མགོ་ལ་འཕྱར་ནས་ཤར་སྐྱོད་བྱེད་བཞིན་ཡོད། རྒྱལ་ཁབ་མང་ཆེ་བས་རྒྱ་ནག་ཨ་རིའི་མཐུན་གྲོགས་རྒྱལ་ཁབ་ཅིག་ཏུ་འགྱུར་རྒྱུར་རེ་བ་རྒྱག་གི་ཡོད་པ་ལས། རྒྱ་ནག་ ༡༩༣༠ ལོའི་ཨུ་རུ་སུ་སྤྱི་མཐུན་རྒྱལ་ཁབ་བམ་ཡང་ན་འཇར་མན་དང་ཉི་ཧོང་ལྟ་བུ་ཞིག་ཏུ་འགྱུར་རྒྱུར་རེ་བ་བྱེད་ཀྱི་མེད་སྟབས། ད་ལྟ་ང་ཚོས་རྒྱ་ནག་དང་ཨ་རིའི་འབྲེལ་ལམ་ལ་འདུ་ཤེས་གང་འདྲ་ཞིག་འཛིན་དགོས་མིན་གནད་འགག་ཆགས་ཡོད། ང་ཚོས་འཛམ་གླིང་མི་མང་གིས་རྒྱ་ནག་གི་སྟོབས་ཤུགས་དེ་ལེགས་ཉེས་གང་འདྲ་ཞིག་ལ་འཛིན་མིན་ལ་ཆ་འཇོག་མ་བྱས་པར། རྒྱ་ནག་དང་ཡིད་ཆེས་འཕེར་ངེས་ཀྱི་བཟང་ཕྱོགས་འབྲེལ་ལམ་ཡོང་རྒྱུར་སྐུལ་ལྕག་གཏོང་དགོས།
ང་ཚོས་ཨུ་རུ་སུ་དང་གྲོས་མོལ་བྱས་ཡོད་སྟབས་རྒྱ་ནག་དང་མཉམ་དུ་ཡང་གྲོས་མོལ་བྱེད་དགོས་ཟེར་གྱི་ཡོད། བགྲོ་གླེང་བྱས་པར་བརྟེན་ཁ་རྩོད་ཤོར་ཏེ་འབྲེལ་ལམ་ལེགས་པོ་ཞིག་ཡོང་རྒྱུ་ཡང་ཁག་པོ་ཆགས་ཡོད་སྟབས། ང་ཚོས་ཉུང་མཐར་ཡང་རྒྱལ་ཁབ་བར་གོ་ནོར་དང་འཁྱོག་བཤད་མི་ཡོང་བ་ཞིག་བྱ་དགོས། རྒྱལ་ཁབ་བར་རྩོད་གླེང་ཡོང་རྒྱུ་ནི་ཆོས་ཉིད་ཅིག་ཡིན་སྟབས། སུ་ཞིག་གིས་རྒྱལ་ཁབ་བར་གྱི་འབྲེལ་ལམ་ལ་དོ་ཕོག་དང་། རྒྱལ་ཁབ་བར་འཁྱོག་བཤད་དང་གོ་ནོར་ཐེབས་བཅུག་སྟེ་ཁེ་ཕན་ཐོབ་ཐབས་བྱེད་ཀྱི་ཡོད་དམ།
༡༩༧༠ ལོའི་དུས་མགོར་ཨ་རིས་རྒྱ་ནག་དང་མཉམ་དུ་ནང་མོལ་དང་གསང་བར་གོ་བསྡུར་བྱས་པ་ཁག་ཕྱི་བསྒྲགས་བྱས་ཡོད་པ་མ་ཟད། ཝ་ཤིན་ཌོན་དང་པེ་ཅིན་གཙོས་ས་ཁུལ་མང་པོར་བགྲོ་གླེང་ཡང་ཚོགས་ཡོད། རྒྱལ་ཁབ་ཀྱི་མགོ་ཁྲིད་གཉིས་ཕར་ཚུར་འགྲོ་འོང་བྱས་ཏེ། ཐབས་ཇུས་དང་དཔལ་འབྱོར་སྐོར་ལ་གྲོས་བསྡུར་བྱས་ཡོད་པ་མ་ཟད། ལོ་དེའི་ཟླ་ ༦ པར་ཁེ་ལི་ཧྥོར་ཎེ་ཡའི་ལྷོ་ཕྱོགས་གྲོང་ཁྱེར་ཞིག་ཏུ་ཨ་རི་དང་རྒྱ་ནག་བར་ནང་མོལ་བྱས་ཡོད། ཨ་རིའི་སྲིད་འཛིན་བྷུ་ཤིའི་སྐབས་རྒྱ་ནག་དང་ཨ་རིའི་བར་གྲོས་མོལ་ཐེངས་ ༥༠ ཙམ་བྱས་པ་ནས་ད་བར་གྲོས་མོལ་ ༩༠ ཙམ་བྱས་ཡོད། སྲིད་འཛིན་ཨོ་བྷ་མའི་སྐབས་ཨ་རྒྱ་གཉིས་ཀྱི་མགོ་ཁྲིད་བར་འགྲོ་འོང་ཤུགས་ཆེ་རུ་ཕྱིན་ཏེ། གཅིག་ཕན་གཅིག་གྲོགས་ཀྱི་འབྲེལ་ལམ་བསྐྱར་འཛུགས་བྱས་ཡོད་ཀྱང་། ཉེ་ལམ་རྒྱལ་ཁབ་གཉིས་ཀྱི་འབྲེལ་ལམ་ཐོག་བསྐྱར་དུ་དོ་ཕོག་བྱུང་སྟེ་དཀའ་ངལ་ནང་ལྷུང་ཡོད། འབྲེལ་ལམ་ལ་དོ་ཕོག་ཕྱིན་པར་རྒྱུ་རྐྱེན་ངེས་ཅན་ཡོད། ང་ཚོས་རྒྱ་ནག་ནང་དཀའ་ངལ་གང་ཡོད་གླེང་སློང་བྱས་པ་ལྟར། ཨ་རིས་ནོར་འཁྲུལ་དང་འཐུས་ཤོར་དག་ལའང་བསམ་གཞིགས་བྱེད་དགོས།
ངའི་བསམ་པར་ང་ཚོས་འཐུས་ཤོར་གསུམ་བཟོས་ཡོད་པར་མཐོང་གི་ཡོད། དང་པོ། ང་ཚོས་རྒྱ་ནག་གི་བསམ་བློའི་འཁྱེར་སོ་གང་ཡིན་སྐོར་ལ་བསམ་ཤེས་མ་བྱས་བར་ང་ཚོས་ཁོ་ཚོར་བཟང་ཕྱོགས་ཀྱི་རྣམ་འགྱུར་ཙམ་བསྟན་ན་ཁོ་ཚོས་ཀྱང་དེ་ལྟར་སྟོན་རྒྱུ་རེད་བསམ་སྟེ་ཡིད་ཆེས་བྱས། ང་ཚོས་སོ་སོ་མི་ཡིན་པ་ལྟར་རྒྱ་རིགས་ཀྱང་དེ་ལྟར་ཡིན་པར་སྙམ་ཏེ་གྲོགས་པོའི་ལ་རྒྱ་དམ་པོར་བཟུང་སྟེ་མཐུན་ལམ་བྱས་པ་བཞིན་ཁོ་ཚོས་ཀྱང་ཡ་ལན་དེ་ལྟར་སློག་གི་རེད་བསམ་ནས་རེ་སྒུག་བྱས་པ་རེད། ད་ལྟ་ང་ཚོས་རྒྱ་རིགས་དང་རྒྱ་ནག་ལ་ཕན་ཐོགས་བྱས་པ་དེར་ང་ཚོར་ཁེ་ཕན་གང་ཡང་རག་གི་མེད་པ་ཧ་གོ་བ་བྱས་ཏེ་མ་འོངས་པར་གང་བྱ་དགོས་མིན་ཐད་བསམ་བློ་ཞིབ་ཕྲ་གཏོང་དགོས།
ང་ཚོ་དང་རྒྱ་ནག་གི་མགོ་ཁྲིད་བར་འབྲེལ་གཏུགས་དེ་ཙམ་བྱེད་ཀྱི་མེད་སྟབས་ཁོ་ཚོས་ང་ཚོར་ཡིད་ཆེས་བློས་འགེལ་བྱེད་ཀྱི་ཡོད་མོད། ཁོ་ཚོས་ཁོ་ཚོ་ནི་དམར་པོའི་ལྟ་གྲུབ་རྒྱུན་འཛིན་དང་སྲུང་སྐྱོབ་བྱེད་མཁན་ཡིན་བསམ་ཏེ་དམངས་གཙོའི་རྒྱལ་ཁབ་ཀྱི་ཤན་ཤུགས་ལས་གཡོལ་ཆེད་ང་ཚོར་ཡིད་ཆེས་བྱེད་ཁག་པོ་ཡིན། རྒྱལ་ཁབ་གང་ལའང་ཡིད་ཆེས་མི་བྱེད་པ་དེ་ནི་རྒྱ་ནག་དམར་ཤོག་རྒྱལ་ཁབ་ཀྱི་ལྷན་སྐྱེས་ཤིག་ཡིན་སྟབས། ཇི་སྲིད་དམར་ཤོག་ཚོགས་པའི་སྲིད་དབང་ལ་བཅོས་བསྒྲུར་མ་བྱུང་བ་དེ་སྲིད་དུ་ངོ་བོ་དེའང་གནས་རྒྱུ་ཡིན་པ་སྨོས་མ་དགོས་པ་ཞིག་རེད། དེ་ཡང་ཨ་རིའི་སྲིད་འཛིན་ཟུར་པ་རོའོ་ཎ་ཌེ་རེ་གྷན་གྱིས། རྒྱ་ནག་ནང་བཅོས་བསྒྱུར་ཡོང་མིན་ནི་དམར་ཤོག་ཚོགས་པའི་ངོ་བོ་ལ་རག་ལས་ཟེར། མདོར་ན། གུ་ཡངས་མེད་པའི་དམར་པོའི་ལམ་ལུགས་འོག་གི་ཕྱི་འབྲེལ་འོད་སྣང་དེ་ད་ལྟའི་སྤྱི་ཚོགས་ནང་ཡུན་རིང་གནས་ཐུབ་ཁག་པོ་ཆགས་ཡོད། དེར་བརྟེན། ང་ཚོས་རྒྱ་ནག་གིས་གནས་ཚུལ་གང་ཡང་འདུམ་འགྲིག་མི་བྱེད་ཅིང་། ཁྱིམ་མཚེས་རྒྱལ་ཁབ་དང་རྒྱལ་སྤྱིའི་སྒྲིག་འཛུགས་ཁག་ལ་འབྲེལ་ལམ་ཡག་པོ་ཉར་གྱི་མེད་པ་དེར་ཧང་སང་དོན་མེད།
གཉིས་པ། རྒྱ་ནག་གིས་ ༢༠༡༣ ལོའི་ཟླ་ ༡༠ པར་འདོན་སྤེལ་བྱས་པའི་སྙན་ཐོའི་ནང་འཁོད་པ་ལྟར། ང་ཚོས་རྒྱ་ནག་ལ་ཡིད་ཆེས་བྱས་ཏེ་ཨ་རིའི་མི་སེར་ས་ཡ་མང་པོ་སྡེབ་གསོད་གཏོང་ཐུབ་པའི་རྡུལ་ཕྲན་མཚོན་ཆའི་གྲུ་གཟིངས་བཏང་སྟེ་ཨ་རིར་དུས་ངེས་མེད་དུ་འཇིགས་སྐུལ་བྱས་ཤིང་། ང་ཚོའི་གྲོང་ཁྱེར་དང་སྤྱི་འབངས་མེར་སྲེག་གཏོང་གྲབས་ཀྱི་བྱ་སྤྱོད་སྤེལ་བཞིན་ཡོད་ཀྱང་། ང་ཚོ་གོ་མེད་ཚོར་མེད་དུ་བསྡད་དེ་ཡ་ལན་ཙམ་ཡང་སློག་གི་མེད། དེ་ཚོ་ང་ཚོར་ཉེན་ཁ་ཞིག་ཆགས་ཡོད་ཀྱང་ང་ཚོས་འགོག་རྒོལ་ལ་གྲ་སྒྲིག་ཙམ་བྱས་མྱོང་མེད། རྒྱ་ནག་ཧྲང་ཧེ་ཕུའུ་ཊན་གཙུག་ལག་སློབ་ཆེན་གྱི་དགེ་རྒན་ཆེན་མོ་བ་ཧྲིང་ཏིང་ལིས་ (Shen Dengli) ཡོངས་གྲགས་ཐོག རྒྱ་ནག་ལ་ཨ་རིར་ཁ་གཏད་གཅོག་རྒྱུའི་བློ་ཁོག་མེད་ཟེར་ནས་ཟུར་ཟ་བྱས་ཡོད། རྐྱེན་ངན་ཟེར་བ་དེ་ཁྱོད་ཀྱིས་དགྲ་བོར་བརྩི་འཇོག་མ་བྱས་པ་ལས་ཡོང་གི་ཡོད་སྟབས། གང་ཅིར་བསམ་བློ་བཏང་སྟེ་ལེགས་ཉེས་དབྱེ་འབྱེད་ཀྱི་བྱ་སྤྱོད་སྤེལ་ཐུབ་པ་བྱ་དགོས།
གསུམ་པ། ང་ཚོས་རྒྱ་ནག་ངན་མཆོང་བརྒྱབ་པ་དག་རྒྱལ་སྤྱིར་ཁྱབ་བསྒྲགས་མ་བྱས་བར་བྱུང་བ་ཞིག་ཡིན། ༢༠༡༢ ལོར་རྒྱ་ནག་གིས་གསར་བཟོ་བྱས་པའི་མེ་ཤུགས་འཕུར་མདའ་ (KN-08) ཅན་དྲུག་བྱང་ཀོ་རི་ཡར་བཙོངས་ཡོད་ཀྱང་། ང་ཚོས་རྒྱ་ནག་ལ་སྐྱོན་བརྗོད་གང་ཡང་བྱས་མེད། ཅིའི་ཕྱིར་རྒྱ་ནག་གི་བྱ་སྤྱོད་འདི་རིགས་ཡ་མེད་བཏང་བ་རེད། ང་ཚོས་དེ་དག་འགོག་ཐུབ་ཡོད་ཚེ་ད་ལྟ་ང་ཚོས་བྱང་ཀོ་རི་ཡས་ལེ་དབར་དུ་མར་གཏོར་སྐྱོན་གཏོང་ཐུབ་པའི་འཕུར་མདེལ་བཀོལ་ཏེ་ང་ཚོར་གཏོར་རྒོལ་གཏོང་གི་རེད་བསམ་ནས་སེམས་འཚབ་བྱེད་དོན་མེད། ངའི་བསམ་པར། མེ་ཤུགས་འཕུར་མདེལ་དེ་ཚོ་དབོར་འདྲེན་དང་ལྷུ་ལག་སྒྲིག་སྦྱོར། སྣུམ་བླུག ཚོད་ལྟ་བྱ་རྒྱུ་སོགས་གྲ་སྒྲིག་གཅིག་པུར་བདུན་ཕྲག་གཅིག་ལྷག་འགོར་གྱི་ཡོད་སྟབས། ང་ཚོས་རྒྱ་ནག་གི་བྱ་སྤྱོད་ལ་སྣང་མེད་བཏང་བ་རེད་དམ། གང་ཡིན་ཞེ་ན། མེ་ཤུགས་འཕུར་མདེལ་དེ་ཚོ་རང་ངོས་ནས་མི་བསད་དོན་རྐྱེན་བཟོ་ཐུབ་ཀྱི་མེད་སྟབས། ང་ཚོས་ཐེ་ཇུས་མ་བྱས་པར་སྣང་མེད་བཏང་བ་ཡིན་ཚེ། དེ་ནི་ང་ཚོར་ཕན་ལས་གནོད་ཆེ་བ་ཡོད་སྟབས་ང་ཚོས་ངེས་པར་དུ་གཟབ་གཟབ་བྱ་དགོས། ཨ་རིའི་རྒྱལ་སྲུང་བདེ་འཇགས་ལྷན་ཁང་པན་ཌ་གྷོན་ (Pentagon) གྱིས་འདས་ལོའི་ཟླ་ ༣ པའི་ནང་། རྡུལ་ཕྲན་མཚོན་ཆ་ (KN-08) འགོག་སྲུང་བྱ་ཆེད་ཨ་ལ་སེ་ཁཱ་དང་ཁེ་ལི་ཧྥོར་ནེ་ཡའི་ནང་རྡུལ་ཕྲན་འགོག་ཤུཊ་འཕྲུལ་ལས་ ༡༤ འཕར་སྣོན་བྱས་ཡོད།
པེ་ཅིན་གཞུང་གིས་བྱང་ཀོ་རི་ཡར་རྡུལ་ཕྲན་མཚོན་ཆའི་རོགས་སྐྱོར་སྤྲད་དེ། བྱང་ཀོ་རི་ཡ་ང་ཚོར་ཁ་གཏད་གཅོག་ཐུབ་རྒྱུའི་ནུས་ལྡན་རྒྱལ་ཁབ་ཅིག་བཟོས་ཡོད་ཀྱང་། ད་དུང་ང་ཚོས་ཁོ་ཚོས་གང་ཡང་བྱེད་ཐུབ་ཀྱི་མ་རེད་བསམ་ནས་སྣང་མེད་གཏོང་གི་ཡོད། ང་སྒེར་གྱི་བསམ་ཚུལ་ལྟར་ན། ང་ཚོས་རྒྱ་ནག་གིས་གང་བྱས་ཀྱང་སྣང་མེད་རྒྱ་ཡན་དུ་གཏོང་བཞིན་ཡོད་པ་དེར་མོས་མཐུན་རྩ་ནས་མེད།
ང་ཚོས་རྒྱ་གཞུང་ལ་ངོ་ཚ་ཁྲེལ་ཡོད་བྱེད་ཀྱི་ཡོད་པ་དེར་མཇུག་འབྲས་གཞན་མང་པོ་ཐོན་རྒྱུ་ཡོད། ང་ཚོར་རྒྱ་གཞུང་གིས་དམག་དོན་ཐབས་ཇུས་ཕྱི་གསལ་ནང་གསལ་བྱེད་ཀྱི་མེད་པའི་བདེན་པ་དག་འབུད་བྱས་ཏེ་སྐྱོན་བརྗོད་བྱེད་སྲིད་པ་ཞིག་ཡིན། ང་ཚོས་རྒྱུན་དུ་ང་ཚོའི་གོ་མཚོན་གྱི་གནས་ཚུལ་དེ་ཁོ་ཚོ་དང་འབྲེལ་བ་མེད་སྐོར་རྗོད་ཀྱི་ཡོད་ཀྱང་། ང་ཚོས་ཨོ་སི་ཌོ་ལི་ཡ་བརྒྱུད་གནམ་དམག་གནམ་གྲུ་ (B-52s) དང་། ནུབ་ཞི་བདེ་རྒྱ་མཚོའི་མཚོ་གླིང་གྷམ་ (Guam) ཐོག་གནམ་དམག་གནམ་གྲུ་ (B-2s) བཏང་སྟེ་སྐོར་གཡེང་བྱེད་བཅུག་གི་ཡོད་སྟབས། རྒྱ་གཞུང་གིས་ང་ཚོས་ག་རེ་བྱེད་རྩིས་ཡོད་ཅེས་སྐད་ཆ་འདྲི་དགོས་པ་ཞིག་ཆགས་ཡོད།
ང་ཚོས་སྐད་གསེང་མཐོན་པོས་རྒྱ་ནག་ལ་ང་ཚོས་དམག་དོན་བྱ་སྤྱོད་དེ་དག་སྤེལ་དགོས་དོན་ནི། ཁོ་ཚོས་འཛམ་གླིང་དང་ཨེ་ཤ་ཡའི་མངའ་ཁུལ་ནང་ཉེན་མཆོང་རྒྱག་བཞིན་ཡོད་སྟབས། ཨ་རིས་མངའ་ཁུལ་ལ་སྲུང་སྐྱོབ་དང་བརྟན་བརླིང་ཡོང་ཐབས་བྱེད་ཀྱི་ཡོད་པ་བསྒྲགས་དགོས། ང་ཚོས་ཁོ་ཚོར་དེ་ལྟར་ཁ་གསལ་བརྗོད་མ་ཐུབ་ཚེ། རྒྱ་ནག་གིས་ང་ཚོ་ཁོ་ཚོར་ཞེད་སྣང་སྐྱེ་བཞིན་འདུག་བསམ་ནས་རྔ་ལ་དཔག་པའི་འཆམ་འཁྲབ་ཀྱི་རེད། ངས་བསྐྱར་ཟློས་བྱེད་རྒྱུ་ཞིག་ལ། ཁྱེད་ཀྱི་དགྲ་བོ་ཡིས་ཁྱེད་ལ་བརྩི་འཇོག་མ་བྱས་ཚེ་ཁྱེད་ལ་མཇུག་འབྲས་ངན་པ་ཞིག་ཡོང་རྒྱུ་ཡིན་པ་ཤེས་དགོས།
ངས་ང་ཚོས་བཤད་པའི་འབྲེལ་ཆགས་སྐད་ཆ་དེ་ཚོ་ཕྱོགས་བསྡོམས་བྱས་ཏེ་བརྗོད་རྒྱུ་ཡིན། ༡༩༧༩ ལོའི་རྗེས་རྒྱ་གཞུང་མགོ་ཁྲིད་ཚོས་གཞི་རྒྱ་ཆེ་བའི་བཙན་འཛུལ་གྱི་དམག་འཐབ་གང་ཡང་སྤེལ་མེད་ཀྱང་། རྒྱལ་ཁབ་རྒྱ་སྐྱེད་གཏོང་ཆེད་དམག་འཐབ་ཙག་ཙིག་བརྒྱབ་ཏེ་ས་ཆ་ཧམ་འཕྲོག་བྱེད་ཀྱི་ཡོད་སྟབས། ཁོ་ཚོར་ཤུགས་ཆེན་འཁོན་ལན་སློག་མཁན་ཡོང་བྱུང་མེད་སྟབས། ཁོ་ཚོས་ཧྥི་ལི་ཕིན་གྱི་སེ་ཁར་བྷོ་རོ་ཤོལ་མཚོ་ཁུག་ཧམ་བཟུང་བྱེད་ཐུབ་པ་བྱུང་ཡོད།
གཡོ་ཇུས་འདི་ལག་བསྟར་བྱེད་མཁན་ཐོག་མ་དེ་རྒྱ་ནག་མིན། ང་ཚོས་ཁོ་ཚོ་གཡོ་ཇུས་དེའི་གནོད་འཚེ་ཕོག་མཁན་ཞིག་ཡིན་སྟབས། ཁོ་ཚོས་གཡོ་ཇུས་དེའི་དོན་དངོས་རྟོགས་ཡོད། ༡༩༣༠ ལོའི་སྐབས་ཀླད་རྙིང་མཁྲེགས་བཟུང་ཅན་གྱི་ཉི་ཧོང་དམག་མི་ཚོས་རྒྱ་ནག་གི་བྱང་ཤར་ས་ཁུལ་མང་པོ་ཞིག་ཧམ་བཟུང་བྱས་པར་བརྟེན་ཏེ། རྒྱ་གཞུང་གིས་གཞན་གྱི་ས་ཆ་ཧམ་འཕྲོག་བྱ་རྒྱུའི་གཡོ་ཇུས་དེ་ཤེས་རྟོགས་བྱུང་བ་རེད།
ཉི་ཧོང་གིས་རྒྱ་ནག་གི་ས་ཆ་མང་པོ་སྔ་རྗེས་སུ་ཧམ་འཕྲོག་བྱས་ཏེ། རྒྱལ་སྤྱིའི་ཐོག་རྒྱ་ནག་ངོ་ཚ་དགོས་པ་བཟོས་ཡོད་སྟབས། ༡༩༣༧ ལོའི་མཇུག་ཏུ་རྒྱ་ནག་གོ་མིན་ཏང་གིས་ཉི་ཧོང་དང་ཁ་གཏད་གཅོག་ཐབས་མེད་པ་ཤེས་བཞིན་དུ། ཅང་ཅེ་ཧྲེ་ (Chiang Kai-shek) ཡིས་ཉི་ཧོང་དང་དམག་འཐབ་བྱས་པ་རེད། ལོ་དེའི་ཟླ་ ༧ པའི་ནང་ཉི་ཧོང་དམག་མིས་ཅང་ཅེ་ཧྲེས་སྣེ་ཁྲིད་པའི་གོ་མིན་ཏང་དམག་མི་དང་འཐབ་འཁྲུག་བརྒྱབ་སྟེ། ཉི་ཧོང་དམག་མིས་པེ་ཅིན་ལྷོ་ནུབ་གྱི་མར་ཁོ་པོ་ལོ་ (Marco Polo) ཟམ་པར་མ་བསླེབས་བར་རྒྱ་ནག་ལ་བཙན་འཛུལ་བྱས་པ་རེད། དམག་འཐབ་དེ་ནི་ད་ལྟའི་ང་ཚོའི་བསླབ་བྱ་ཞིག་ཆགས་ཡོད། སྔོན་མའི་ཉི་ཧོང་གི་བྱ་སྤྱོད་དང་ད་ལྟའི་རྒྱ་ནག་གི་ཐབས་ཇུས་འདྲ་པོ་ཡིན་སྟབས། ང་ཚོས་ངེས་པར་དུ་ཆུ་མ་ཡོང་སྔོན་ལ་ཆུ་རགས་དང་སྐྱོན་མ་བྱུང་སྔོན་ལ་དོགས་ཟོན་བྱ་དགོས།
གནའ་བོའི་ཉི་ཧོང་དམག་མི་དེ་ཚོ། ད་ལྟའི་རྒྱ་ནག་གི་དམག་མི་ལྟར་སོ་སོའི་རྒྱལ་ཁབ་ཆེད་རང་སྲོག་བློས་གཏོང་ཐུབ་མཁན་ཤ་སྟག་ཡིན་སྟབས། ང་ཚོས་ངེས་པར་དུ་རྒྱ་གཞུང་གི་བྱ་སྤྱོད་ལ་དོ་སྣང་བྱེད་དགོས། སྔོན་མ་ཉི་ཧོང་ཨེ་ཤ་ཡའི་ནང་དམག་དཔུང་མང་ཤོས་ཀྱི་རྒྱལ་ཁབ་ཅིག་ཡིན་ཡང་། དེང་སྐབས་དེ་ལྟར་མིན། འོན་ཀྱང་གསར་འགྱུར་བརྒྱུད་ལམ་ཁག་གིས། ཉི་ཧོང་ཨེ་ཤ་ཡའི་ནང་དམག་དཔུང་མང་ཤོས་ཡིན་སྐབས་ཀྱང་ཉི་ཧོང་དགྲ་བོས་བསྐོར་ཏེ། ཡར་ལངས་བཅུག་གི་མེད་ཅེས་འུད་སྒྲོག་བྱས་པ་ལྟར། ད་ལྟ་རྒྱ་གཞུང་གིས་ཀྱང་རྒྱལ་སྤྱིའི་ཐོག་དེ་ལྟར་ཕྱི་བསྒྲགས་བྱེད་ཀྱི་ཡོད།
ཨ་རིས་ད་ལྟ་རྒྱ་གཞུང་གིས་ལག་བསྟར་བྱེད་བཞིན་པའི་ཐབས་ཇུས་དེ་ཚོ་སྣང་མེད་གཏོང་གི་ཡོད་ཀྱང་། ང་ཚོས་དོན་དངོས་ལ་བསམ་གཞིགས་བྱས་ཚེ། རྒྱ་ནག་གི་ཁྱིམ་མཚེས་རྒྱལ་ཁབ་ཚོས། པེ་ཅིན་གྱི་བཙན་འཛུལ་འགོག་ཆེད་ཁོ་ཚོས་ ༡༩༣༧ ལོར་ཅང་ཅེ་ཧྲེས་ཉི་ཧོང་དམག་མིས་རྒྱ་ནག་ལ་བཙན་འཛུལ་བྱས་བར་ཐབས་ཟད་འུ་ཐུག་གི་དམག་འཐབ་བྱས་པ་ལྟར། རྒྱ་ནག་གི་ཁྱིམ་མཚེས་རྒྱལ་ཁབ་ཚོས་ཀྱང་ད་ལྟའི་པེ་ཅིན་གྱི་བཙན་འཛུལ་དག་ལ་དམག་བརྒྱབ་སྟེ་འགོག་རྒོལ་བྱ་ངེས་ཡིན། ང་ཚོས་དྲན་དགོས་པ་ཞིག་ལ། ༡༩༣༩ ལོར་འཛམ་གླིང་དམག་ཆེན་གཉིས་པ་ཡུ་རོབ་རྒྱལ་ཁབ་ནང་མགོ་འཛུགས་མ་བྱས་པའི་ལོ་གཉིས་གོང་ནས་པེ་ཅིན་ཉེ་འགྲམ་དུ་མགོ་འཛུགས་བྱས་ཚར་བ་རེད།
ང་ཚོ་དམག་ཆེན་མེད་པའི་དུས་རབས་ནང་འཚོ་སྡོད་བྱེད་ཀྱི་ཡོད་ཀྱང་། དེ་མུ་མཐུད་གནས་རྒྱུ་དཀའ་ལས་ཁག་པོ་ཆགས་ཡོད། ད་ལྟའི་གནས་སྐབས་སུ་ང་ཚོས་བརྟན་བརླིང་མེད་པའི་རྒྱ་ནག་སྲིད་གཞུང་འདི། དུས་རབས་ཉེར་གཅིག་གི་བཙན་རྒྱལ་རིང་ལུགས་པ་ཞིག་ཆགས་མིན་བརྗོད་དཀའ་ཡང་། ང་ཚོས་རེ་བ་བཟང་ས་ནས་བརྒྱབ་ཏེ་གྲ་སྒྲིག་སྡུག་ས་ནས་བྱ་དགོས་པ་ཆགས་ཡོད། གང་ཡིན་ཞེ་ན། ང་ཚོ་ད་ལྟ་རང་རྒྱལ་གཞན་ཕམ་གྱི་དུས་སྐབས་ཤིག་ནང་འཚོ་སྡོད་བྱེད་བཞིན་ཡོད་སྟབས་བྱ་མ་དཀྲོག་གོང་སྒོ་ང་ངེས་པར་དུ་ལེན་ཐུབ་པ་བྱ་དགོས།
རྩོམ་པ་པོ་ངོ་སྤྲོད། གྷོར་ཌོན་ཇི་ཆང་ (Gordon Guthrie Chang) ལགས་ནི། ཨ་མི་རི་ཀའི་རྒྱ་རིགས་ཁྱིམ་ཚང་ཞིག་ཏུ་སྐྱེས་ཤིང་། ཨ་རིའི་ཀོ་ལོམ་བྷི་ཡའི་མཐོ་འབྲིང་སློབ་གྲྭ་ཐོན་རྗེས། ཁོར་ནེལ་ཁྲིམས་ལུགས་མཐོ་སློབ་ཏུ་ (Cornell Law School) ཁྲིམས་ལུགས་ཆེད་སྦྱོང་གནང་སྟེ། ༡༩༧༦ སློབ་མཐར་བསྒྲུབས་མཚམས། སྔ་རྗེས་སུ་ཨ་རིའི་བརྙན་འཕྲིན་ གསར་འགྱུར་བརྒྱུད་ལམ་སི་ཨན་ཨན་ ( CNN) དང་། ཧྥོག་སེ་ (Fox News) སོགས་ཀྱི་བློ་འདྲི་གནང་ཡུལ་གྱི་མི་སྣ་ཆགས་ཡོད་པ་མ་ཟད། གསར་འགྱུར་བརྒྱུད་ལམ་མང་པོ་ཞིག་ནང་རྒྱ་ནག་གཙོས་རྒྱལ་སྤྱིའི་ཆབ་སྲིད་འཕོ་འགྱུར་སྐོར་ལ་རྩོམ་ཡིག་མང་པོ་སྤེལ་གནང་ཡོད། ཁོང་གིས་ ༢༠༠༡ ལོར་༼རྒྱ་ནག་འཐོར་བཤིག་འགྲོ་བཞིན་འདུག༽(The Coming Collapse of China) ཕྱག་དེབ་ཅིག་བརྩམས་ཡོད།
མ་རྩོམ་གྱི་འབྲེལ་ཐག http://www.nytimes.com/roomfordebate/2013/07/25/if-china-rises-will-the-us-fall/chinese-economy-on-the-edge
ཨ་རིས་རྒྱ་ནག་ལ་སྣང་ཆུང་གཏོང་མི་རུང་ཟེར་བ་དེ་བདེན་པ་རེད། ང་ཚོ་བོད་མི་རེ་ཟུང་གིས་ཀྱང་རྒྱ་ནག་ལ་སྣང་ཆུང་གཏོང་གི་ཡོད་པ་དེ་དགོད་བྲོ་བོ་ཞིག་རེད། བཙན་བྱོལ་སྤྱི་ཚོགས་ནང་རྒྱ་ནག་ཟེར་དུས་མཐོང་ཆུང་གཏོང་ས་ཞིག་དང་རྒྱ་མི་ཟེར་ནད་འཕྱ་དམོད་བྱེད་ས་ཞིག་བྱེད་ཀྱི་ཡོད་པ་དེ་ནོར་འཁྲུལ་ཆེན་པོ་ཞིག་དང་སོ་སོར་གྱོང་རེག་བྱེད་གཙོ་བོ་ཞིག་ཆགས་ཡོད།
རྒྱ་ནག་འཐོར་སོང་ན། རྡ་ས་ད་དུང་རྩ་ཁྲིམས་འོག་འགྲོའམ།