ཁ་སང་རྒྱ་ནག་ཕྱི་སྲིད་ལྷན་ཁང་གི་མགྲིན་ཚབ་པས་གསར་འགོད་གསལ་བསྒྲགས་སྤེལ་ཏེ། རྒྱ་ནག་གཞུང་དང་༧གོང་ས་མཆོག་གི་སྐུ་ཚབ་བར་སྐུ་སྒེར་གྱི་གནད་དོན་ཐོག་གྲོས་མོལ་བྱ་རྒྱུའི་སྒོ་མོ་ཕྱེ་ཡོད་ཀྱང་། བཙན་བྱོལ་བོད་གཞུང་ཟེར་བ་དང་བོད་ཀྱི་གནད་དོན་ཟེར་བའི་ཐད་གྲོས་མོལ་བྱ་རྒྱུའི་གཞི་རྩ་གང་ཡང་མེད་པ་མ་ཟད། སྲིད་སྐྱོང་མཆོག་ནི་བོད་རྒྱ་ནག་དང་ཁ་བྲལ་གཏོང་མཁན་ཞིག་ཡིན་སྐོར་བསྒྲགས་འདུག
རྒྱ་ནག་ཕྱི་སྲིད་ལྷན་ཁང་གི་མགྲིན་ཚབ་པ་ཧོང་ལེ་ཡིས། “ བཙན་བྱོལ་བོད་གཞུང་གི་མགོ་ཁྲིད་ནི་ཁ་བྲལ་རིང་ལུགས་པ་ཞིག་ཡིན་པ་མ་ཟད། ཁོས་ད་བར་བོད་ཀྱི་ས་ཁུལ་དང་བོད་ཀྱི་གནད་དོན་ཐད་བཟང་ཕྱོགས་ཀྱི་ལས་དོན་སྤུ་ཙམ་གྲུབ་མྱོང་མེད་པ་དང་། ཁོས་སྣེ་ཁྲིད་པའི་བཙན་བྱོལ་བོད་གཞུང་གིས་བོད་རྒྱ་ནག་དང་ཁ་བྲལ་ཐབས་ཀྱི་སྲིད་ཇུས་བཟུང་སྟེ། རྒྱལ་སྤྱིའི་ཐོག་ལས་འགུལ་འདྲ་མིན་སྤེལ་བཞིན་ཡོད་སྟབས། ཀྲུང་གོའི་སྲིད་གཞུང་གིས་སྒྲིག་འཛུགས་དེར་རྒྱལ་སྤྱིའི་སྒྲིག་འཛུགས་དང་རྒྱལ་ཁབ་སུས་ཀྱང་ལེན་བྱེད་ཀྱི་མེད་པའི་ཁྲིམས་འགལ་གྱི་སྒྲིག་འཛུགས་ཤིག་ཆགས་ཡོད།” ཅེས་བརྗོད་འདུག
དབུ་མའི་ལམ་གྱི་སྐོར་ལ། “ཏཱ་ལའི་བླ་མས་བཏོན་པའི་དབུ་མའི་ལམ་གྱི་སྲིད་ཇུས་ནི། བོད་རྒྱ་ནག་ནས་ཁ་བྲལ་གཏོང་རྒྱུའི་མངོན་པར་མི་གསལ་བའི་རང་བཙན་དང་། ཕྱེད་རང་བཙན་གྱི་ལྟ་གྲུབ་ཅིག་ཡིན་སྟབས། རྒྱ་ནག་གཞུང་གིས་དུས་ནམ་ཡང་ཁས་ལེན་བྱ་ཐབས་མེད་པ་ཞིག་ཡིན་སྟབས། ཏཱ་ལའི་བླ་མས་བོད་རྒྱ་ནག་ནས་ཁ་བྲལ་གཏོང་རྒྱུའི་ལས་འགུལ་མཚམས་འཇོག་བྱས་ཤིང་། བཤད་སྤྱོད་གཉིས་ཐད་ནས་རྒྱ་ནག་གཞུང་དང་མང་ཚོགས་ཀྱི་ཡིད་ཆེས་ཐོབ་པ་ཞིག་བྱ་རྒྱུ་གལ་ཆེན་ཆགས་ཡོད།” ཅེས་སོགས་བརྗོད་འདུག
ཟླ་འདིའི་ཚེས་ ༥ ཉིན་ངྷ་སྟེང་བོད་ཁྱིམ་དུ་༧གོང་ས་མཆོག་གིས་སློབ་ཕྲུག་ཚོར་ནང་ཆོས་ངོ་སྤྲོད་གནང་གི་ཡོད་པ་དང་བསྟུན་ཏེ། བོད་མིའི་སྒྲིག་འཛུགས་ཕྱི་དྲིལ་ལས་ཁུངས་ཀྱིས་དབུ་མའི་ལམ་གྱི་དྲ་རྒྱ་དབུ་འབྱེད་དང་འབྲེལ། དྲིལ་བསྒྲགས་བཀའ་བློན་བདེ་སྐྱིད་ཆོས་དབྱངས་དང་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་རྣམ་གཉིས་ཀྱིས་དབུ་མའི་ལམ་གྱི་སྐོར་ལ་གཏམ་བཤད་སྤེལ་ཡོད་ཅིང་། སྲིད་སྐྱོང་མཆོག་གིས་ “རང་བཙན་རྩོད་ཆོག་གི་མེད་ཅེས་སུ་གང་གིས་ཀྱང་གསུང་གི་ཡོད་པ་མ་རེད་ལ། ལོ་རྒྱུས་ཐོག་ནས་བོད་ལུང་པ་རང་བཙན་ཡིན་པ་གསལ་བོ་ཞེ་དྲག་རེད། རང་བཙན་རྩོད་པའི་ཐོབ་ཐང་ཡོད་པ་༧གོང་ས་མཆོག་གིས་དུས་རྟག་ཏུ་གསུང་གི་ཡོད་པ་རེད། ད་ལྟའི་ཆར་དབུ་མའི་ལམ་ཟེར་བ་དེ་རྒྱལ་སྤྱི་དང་རྒྱ་ནག བོད་པའི་སྤྱི་ཚོགས་ཁྱོན་ཡོངས་ནས་རྒྱབ་སྐྱོར་བྱེད་དགོས་པ་དེ་༧གོང་ས་མཆོག་ལ་དད་གུས་དང་བརྩི་བཀུར་གཅིག་པུའི་ཐོག་ནས་མ་རེད། དེའི་ནང་དོན་ཧ་གོ་བའི་ཐོག་ནས་བོད་ནང་གི་བོད་མི་ཚོའི་དཀའ་ངལ་མགྱོགས་མྱུར་ངང་སེལ་བའི་ཐབས་ལམ་ཡག་ཤོས་སུ་ངོས་འཛིན་གནང་གི་ཡོད་པ་རེད།”ཅེས་བརྗོད་འདུག
ཚེས་ ༦ ཉིན་ཨ་རིའི་ཕྱི་སྲིད་ལས་ཁུངས་ཀྱི་མགྲིན་ཚབ་པ་གཞོན་པ་ལྕམ་སྐུ་མཱ་རི་ཡ་ཧབ་ (Marie Harf )ཀྱིས། རྒྱ་ནག་གཞུང་གིས་ཆ་རྐྱེན་གང་ཡང་མེད་པའི་ཐོག་ནས་བོད་མིའི་དབུ་ཁྲིད་༧གོང་ས་ཏཱ་ལའི་བླ་མ་མཆོག་གམ་ཡང་ན་ཁོང་གི་སྐུ་ཚབ་དང་ལྷན་དུ་དོན་སྙིང་ལྡན་པའི་གྲོས་མོལ་གནང་སྟེ་བོད་དོན་ཐག་གཅོད་གནང་དགོས་སྐོར་དང་། ༢༠༠༢ ལོར་ཨ་རིས་བོད་དོན་རྒྱབ་སྐྱོར་གྱི་སྲིད་བྱུས་ཞེས་པ་གཏན་འབེབས་བྱས་པ་ལྟར། ང་ཚོས་ལྷ་སར་ཨ་རིའི་ཚོང་དོན་གཞུང་ཚབ་ཁང་ཞིག་འཛུགས་རྒྱུར་འབད་བརྩོན་མུ་མཐུད་བྱ་རྒྱུ་དང་། རྒྱ་ནག་གཞུང་གིས་ཨ་རིའི་གཞུང་ཚབ་ལས་བྱེད་བོད་རིགས་ནང་གནས་ཚུལ་རྟོག་ཞིབ་ཆེད་བསྐྱོད་རྒྱུར་ཆོག་མཆན་སྤྲོད་དགོས་སྐོར་སོགས་བརྗོད་འདུག
༢༠༠༢ ལོ་ནས་བཟུང་ ༢༠༡༠ ལོའི་བར་༧གོང་ས་མཆོག་གི་སྐུ་ཚབ་དང་རྒྱ་གཞུང་བར་འབྲེལ་མོལ་ཐེངས་ ༩ ཙམ་གནང་ཡོད་པ་དང་། ༢༠༠༨ ལོའི་ཟླ་ ༡༠ པའི་ཚེས ༣༡ ཉིན་བོད་པའི་སྐུ་ཚབ་ཚོས་རྒྱ་ནག་གཞུང་ལ་༼བོད་རིགས་ཡོངས་ལ་མིང་དོན་མཚུངས་པའི་རང་སྐྱོང་ཡོང་ཐབས་ཀྱི་བསམ་འཆར།༽ ཞེས་པའི་ཡིག་ཆ་ཞིག་ཀྱང་སྤྲད་ཡོད།
ཟླ་འདིའི་ཚེས་ ༨ དང་ ༩ བཅས་ཉིན་གཉིས་རིང་རྒྱ་ནག་གི་ཕྱི་སྲིད་བློན་ཆེན་ཝང་ཡི་རྒྱ་གར་ནང་སྐོར་སྐྱོད་དང་འབྲེལ། རྒྱ་གར་གྱི་ཕྱི་སྲིད་བློན་ཆེན་ལྕམ་སོ་ཞི་མཱ་ (Sushma Swaraj) མཆོག་དང་མཇལ་འཕྲད་གནང་སྟེ། རྒྱ་དཀར་ནག་གཉིས་ཀྱི་ས་མཚམས་དང་ཕྱི་འབྲེལ་སྲིད་ཇུས་སྐོར་ལ་གོ་བསྡུར་དང་། དེ་རྗེས་སྲིད་བློན་ནཱ་རེན་ཌ་མུ་དྷེ་མཆོག་དང་མཇལ་འཕྲད་ཀྱིས་རྒྱལ་ཁབ་གཉིས་ཀྱི་མཉམ་ལས་གོང་མཐོར་གཏོང་ཐབས་སོགས་ཀྱི་སྐོར་ལ་གོ་བསྡུར་བྱ་འཆར་ཡོད་འདུག
གསར་འགོད་པ། དོན་གྲུབ།
ངོ་མ་བཤད་ན། ༸གོང་ས་མཆོག་གིས་ཆབ་སྲིད་ཀྱི་སྐུ་དབང་ཡོངས་སུ་མཚམས་འཇོག་གནང་བར་བརྟེན་ཁོང་གི་སྐུ་ཚབ་དང་རྒྱ་གཞུང་གི་བར་སྔར་ལས་གྲོས་མོལ་གྱི་ཆ་རྐྱེན་ཇེ་བཟང་དུ་འགྲོ་དགོས་མོད། ད་དུང་འདི་སྐད་བདག་ཐོས་མེད་པ་དེ་སྐུ་ཚབ་ཚོགས་ཆུང་དང་ལྷག་པར་ཚོགས་གཙོ་སོགས་ཀྱི་ཙོང་གི་པགས་པ་འདྲ་བའི་བསམ་བློའི་གཡོ་འགུལ་ལ་རག་ལས་པ་ཟུར་བལྟས་ལེབ་མཐོང་རེད་སྙམ།
༈བཙན་བྱོལ་པ་ལས་སྟོབས་ཤུགས་འདབ་མང་པོའི་རྒྱ་དམར་གཞུང་ཆེ་བ་ཡིན་པའི་གྲོས་མོལ་མེད་ཐག་ཆོད་རེད།
རྒྱ་མི་སྨྱོ་ན་ཅི་ལབ་འདི་ལབ་མེད། ཧཧཧཧཧ
༈རྒྱ་དམར་གྱི་ཕྱི་སྲིད་མགོ་པ་ཝང་ཡི་རྒྱ་གར་སྲིད་གཞུང་གསར་པར་གཡོ་རྒྱུ་བཤདམཁན་སླེབས་ཀྱི་ཡོད་ཚུལ་ངོ་རྒོལ་ཡོད་
རྒྱ་ནག་གཞུང་ལ་བཀའ་དྲིན་ཆེ་ཞེས་ཞུ་དགོས་ཀྱི་འདུག ང་ཚོའི་སྲིད་སྐྱོང་དང་བཀའ་བློན་ཚོར་གཤེ་གཤེ་ཕར་ཟད། ཁ་ཡ་མ་བྱས་པར་ལོ་གསུམ་ལ་འགྲོ་ལ་ཉེ། གཤེ་གཤེ་ཙམ་ཡང་མ་བཏང་བར་འདི་ལྟར་བཞག་པ་ཡིན་ན། སྲིད་དབང་ཡོངས་རྫོགས་རྩིས་སྤྲོད་གནང་རྗེས་ཀྱི་བཀའ་བློན་ལྷན་རྒྱས་རླུང་གིས་ཅིག་ལ་བསྐྱལ་ཡོང། ཧཧཧཧ
ད་འབྲེལ་མོལ་ཐད་སྲིད་སྐྱོང་ལ་གྲ་སྒྲིག་ཚད་ལྡན་ཞིག་མེད་པ་ཚང་མས་ཤེས་གསལ་ཡིན་སྟབས། སྲིད་སྐྱོང་འདི་བའི་ལོ་ལྔ་འདིར་འབྲེལ་མོལ་ལ་རེ་བ་མེད་པ་གསལ་བོ་རེད་ལ། སྤྱན་བསལ་ཀེ་རྡོར་ལྟ་བུའི་སྐུ་ཚབ་ཅིག་བསྐོ་རྒྱུ་མ་རྙེད་པར་ད་བར་རང་དོན་དང་སྤྱི་དོན་བར་གྱི་དབྱེ་མཚམས་འབྱེད་མ་ཤེས་པར་བསྡད་ཡོད་སྟབས། རྒྱ་ནག་གིས་རྒྱ་ནག་གི་སྐུ་ཞབས་མུར་ཏི་མཆོག་ལ་ཐུག་འཕྲད་སྐབས་བོད་རྒྱ་འབྲེལ་མོལ་གྱི་སྲིད་བྱུས་ལ་འགྱུར་བ་གང་ཡང་ཐེབས་མེད་ཅེས་བཤད་གདའ་བཤད། འབྲེལ་མོལ་ཐད་གྲོས་ཚོགས་དང་མི་མང་གཉིས་ཀར་འགན་མ་འཁུར་བ་སྲིད་སྐྱོང་ལྷན་རྒྱས་རེད་མ་གཏོགས། སུ་གང་ཡང་མ་རེད།
དེ་ནས་ཧ་ཅང་དགའ་དགོས་པ་ཞིག་ནི། རྒྱ་ནག་གཞུང་གིས་རྣམ་དཔྱོད་ཅི་ལྟར་སྤྲུགས་ཀྱང་དབུ་མའི་ལམ་ལ་དཀར་པོ་མཐོང་བཞིན་ནག་པོ་རེད་ཅེས་ཧམ་པ་བཤད་རྒྱུ་ཙམ་ལས། ལན་གང་ཡང་རྙེད་ཀྱི་མེད་པའི་ཐབས་ཟད་འུ་ཐུག་གི་གནས་བབ་འདི་ཅི་ནས་ཀྱང་ངོས་འཛིན་གསལ་བོ་ཐུབ་དགོས་པ་རེད། ལོ་རྒྱུས་དང་ཁྲིམས་ལུགས། དངོས་ཡོད་གནས་བབ་གང་གི་ཕྱོགས་ནས་ཀྱང་གནད་དོན་ཞིབ་ཚགས་པོའི་སྟེང། མཛུབ་མོ་བཙུགས་ནས་བཀའ་མོལ་གནང་སྤོབས་མེད་པ་འདི། དབུ་མའི་ལམ་གྱིས་རྒྱ་ནག་གཞུང་གི་མགོ་ཁྲིད་ཅི་བྱ་གཏོལ་མེད་བཟོས་པའི་དཔང་རྟགས་གསལ་ཤོས་དེ་ཡིན་པས། ཅོལ་ཆུང་བསམ་ཕྱོགས་ནོར་བ་ཚོའི་རྗེས་སུ་འབྲངས་ནས་དབུ་མའི་ལམ་ལ་བསྙོན་འཛུགས་བྱེད་ན་ད་ག་རེ་བྱེད་དགོས་པ་རེད་ཅེས་བསམ་བློ་འཁོར་བ་ཡིན་ན། དཀའ་ལས་ཐོལ་བ་ཆགས་འགྲོ་གི་རེད།
སྲིད་སྐྱོང་མཆོག་རྒྱལ་འགྱུར་ཅིག །
བདེན་པ་ཉིད་རྒྱལ་འགྱུར་ཅིག །
༈ད་ལམ་རྒྱ་དཔོན་གྱི་ཁ་ནས་གཡོ་ཚིག་ཁ་ཤས་བཤད་པ་ནི་ཝང་ཡི་ཟེར་པ་དེ་རྒྱ་གར་གྱི་སྲིད་གཞུང་གསར་པ་ལ་གཡོ་རྒྱུ་མགོ་སྐོར་གཏོང་མཁན་རོ་ཁྱམ་དུ་སླེབས་ཀྱི་ཡོད་པར་མཐའ་ཅིག་ཏུ་ངོ་རྒོལ་ཡོད་
༈རྒྱ་གཞུང་གི་གཡོ་ཐབས་དང་དྲག་གནོན་མ་གཏོགས་མེད།
ད་ལྟའི་རྒྱ་གཞུང་དང་དེའི་སྲིད་བྱུས་ཀྱི་ངོས་ནས། ཁུངས་སྐྱེལ་དང་དཔང་རྟགས་གང་ཡང་མེད་པའི་སྐྱོན་འཛུགས་རྐྱང་རྐྱང་གིས། བོད་རྒྱའི་གནད་དོན་འདི་སེལ་ཐུབ་ཀྱི་མ་རེད། མ་གཞི་ནས་བོད་རྒྱའི་དཀའ་རྙོག་འདི་ཞི་བའི་གྲོས་མོལ་གྱི་ལམ་ནས་སེལ་ཐབས་མ་བྱས་པར་གཡོལ་ཐབས་ཁོ་ནས་རྒྱ་གཞུང་གི་དམིགས་ཡུལ་འགྲུབ་སྲིད་པ་ཞིག་དེ་བས་ཀྱང་མ་རེད།
བོད་པའི་ལོ་རྒྱུས་ཀྱི་བདེན་པའི་སྙིང་སྟོབས་དང་མི་རབས་གསར་བའི་བློས་གཏོང་འདིས། རྒྱ་གཞུང་དང་དེའི་སྲིད་བྱུས་ལ་གསལ་འདེབས་བྱས་པ་ཉུང་ཉུང་གཏན་ནས་མིན། ད་དུང་མུ་མཐུད་ནས་ཨུ་ཚུགས་མཁྲེགས་འཛིན་གྱིས་བོད་ཐོག་ལ་འཛིན་བཞིན་པའི་གདུག་རྩུབ་ཅན་གྱི་སྲིད་བྱུས་ལ་འགྱུར་བ་མ་བཏང་ན། མཇུག་འབྲས་ཅི་འབྱུང་རྒྱ་གཞུང་ལ་ཡོད་པ་འཛམ་གླིང་ཡོངས་གྲགས་རེད།
མ་འོངས་པའི་ལམ་ནི། དངོས་ཡོད་ལ་བསྟུན་ནས་གསར་གཏོད་ཐུབ་པ་ཞིག་རེད་མོད། ད་ལྟའི་རྒྱ་གཞུང་གི་ངན་སེམས་འདི་ཇེ་ཆེར་སོང་སྟེ། ད་ལྟའི་དངོས་ཡོད་གནས་བབ་ལ་མི་གཞིགས་པར་རྫུན་སྒྲིག་འགེབས་སྲུང་རྐྱང་རྐྱང་གིས། འབྱུང་འགྱུར་གྱི་རྒྱ་གཞུང་ལ་མདུན་ལྗོངས་ཡངས་པོ་ཞིག་ཡོད་དམ། ལྷག་པར་དུ་དྲག་གནོན་གདུག་རྩུབ་ཅན་གྱི་སྲིད་བྱུས་ཀྱིས། བོད་དང་བོད་མིས་མཚོན་པའི་གྲངས་ཉུང་མི་རིགས་རྣམས་ལ་ཕོག་ཐུག་གཉའ་གནོན་བཏང་བ་ཚད་ལས་བརྒལ་ཡོད།