ཡུའུ་ཁུ་རེན་གཞུང་གིས་ཡུའུ་ཁུ་རེན་ཤར་ཕྱོགས་གྲོང་ཁྱེར་ཁག་ནང་ཟིང་འཁྲུག་མཚམས་འཇོག་ཡོང་ཐབས་ཀྱི་ཞི་བའི་དོན་ཚན་ ༡༤ བཏོན་པར་གྱེན་ལོག་ཤོག་ཁག་གིས་ངོས་ལེན་བྱས་མེད།
དེ་རིང་ཞོགས་པར་ཡུའུ་ཁུ་རེན་སྲིད་འཛིན་ལས་ཁུངས་ཀྱིས་ཡུའུ་ཁུ་རེན་གྱི་དཀའ་རྙོག་གང་མགྱོགས་སེལ་ཆེད་ཞི་བའི་དོན་ཚན་ ༡༤ ཞེས་པའི་བསྒྲགས་གཏམ་ཞིག་སྤེལ་ཡོད་པ་དང་། དེའི་ནང་སྲིད་གཞུང་གིས་རྩ་ཁྲིམས་བསྐྱར་བཅོས་བྱས་ཏེ་དབུས་གཞུང་གི་དབང་ཚད་ཉུང་དུ་གཏོང་རྒྱུ་དང་། ཨུ་རུ་སུར་དགའ་མོས་བྱེད་མཁན་གྱེན་ལོག་པ་ཚོས་མཚོན་ཆ་ཕྱིར་སྤྲད་བྱས་ཚེ་ཁོ་ཚོའི་ནག་ཉེས་གུ་ཡངས་གཏོང་རྒྱུ། ཨུ་རུ་སུའི་རྒྱལ་ཁོངས་སུ་འགྲོ་འདོད་ཡོད་མཁན་ཚོར་སྲུང་སྐྱོབ་འོག་འགྲོ་ལམ་སྤྲོད་རྒྱུ་སོགས་བཀོད་ཀྱང་། གྱེན་ལོག་པ་ཚོས་ཞི་བའི་དོན་ཚན་ལ་ངོས་ལེན་བྱས་མེད་པར་ཨུ་རུ་སུའི་རྒྱབ་སྐྱོབ་ཡོང་རྒྱུར་འབོད་སྐུལ་བྱས་ཡོད་འདུག
དེ་ནི་ཟླ་འདིའི་ཚེས་ ༡༧ ཉིན་ཡུའུ་ཁུ་རེན་གྱི་སྲིད་འཛིན་པོ་རོབ་ཤེན་ཀོ་ (Petro Poroshenko)དང་ཨུ་རུ་སུའི་སྲིད་འཛིན་པུ་ཊིན་གཉིས་ཀྱིས་ཁ་པར་བརྒྱུད་དེ་ཡུའུ་ཁུ་རེན་གྱི་དཀའ་རྙོག་སེལ་ཆེད་ཡུའུ་ཁུ་རེན་ཤར་ཕྱོགས་ས་ཁུལ་ཊོབ་ནེ་ཌི་སི་ཁུ་ (Donetsk) དང་། ལོ་ཧན་སི་ཁུ་ (Luhansk)གཙོས་གྲོང་ཁྱེར་ཁག་ནང་བྱུང་བཞིན་པའི་ཟིང་འཁྲུག་མཚམས་འཇོག་སྐོར་ལ་གྲོས་མོལ་བྱས་པ་ལས་བྱུང་བ་ཞིག་ཡིན་འདུག
ཡུའུ་ཁུ་རེན་གྱི་སྲིད་འཛིན་ལས་ཁུངས་ཀྱིས་བརྗོད་པ་ལྟར་ན། ཟླ་འདིའི་ཚེས་ ༡༩ ཉིན་ཨུ་རུ་སུའི་སྲིད་འཛིན་པུ་ཊིན་ཀྱིས། ཧྥ་རན་སིའི་སྲིད་འཛིན་ཧོད་ལན་ཌི་ (Francois Hollande)དང་འཇར་མན་གྱི་སྲིད་བློན་ལྕམ་ཨན་རྗི་ལཱ་ (Angela Merkel) གཉིས་ལ་ཁ་པར་བཏང་སྟེ། ཡུའུ་ཁུ་རེན་ཤར་ཕྱོགས་གྲོང་ཁྱེར་ཁག་ཏུ་ཡུའུ་ཁུ་རེན་གྱི་དམིགས་བསལ་དམག་དཔུང་དང་ཨུ་རུ་སུར་དགའ་མོས་བྱེད་མཁན་གྱེན་ལོག་པ་ཚོའི་བར་གྱི་ཟིང་འཁྲུག་མཚམས་འཇོག་ཡོང་ཐབས་དང་། ཡུའུ་ཁུ་རེན་གྱིས་ཨུ་རུ་སུ་ལ་སོལ་རླངས་བུ་ལོན་ཨ་སྒོར་ཐེར་འབུམ་ ༡།༩༥ སྤྲོད་དགོས་པའི་དཀའ་ངལ་གྱིས་ཡུ་རོབ་ཀྱི་དཔལ་འབྱོར་དང་སོལ་རླངས་ལས་དོན་ཐོག་ཤུགས་རྐྱེན་འགྲོ་སྲིདཔའི་གནད་དོན་སྐོར་ལ་གྲོས་མོལ་བྱས་ཡོད་འདུག
ཟླ་འདིའི་ཚེས་ ༢༧ ཉིན་སྦེལ་ལྗམ་གྱི་རྒྱལ་སར་སྲིད་འཛིན་པོ་རོབ་ཤེན་ཀོ་ (Petro Poroshenko)ཀྱིས། ཨུ་རུ་སུའི་གནོན་ཤུགས་སྤྲོད་མིན་ལ་མ་ལྟོས་པར་ཡུ་རོབ་མཐུན་ཚོགས་དང་མཉམ་དུ་དཔལ་འབྱོར་ཚོང་ལས་ཀྱི་གྲོས་གཞི་ཁག་ཅིག་ལ་མིང་རྟགས་འགོད་རྒྱུ་ཡིན་པའི་གསལ་བསྒྲགས་བྱས་ཡོད་ཅིང་། དེ་ནི་སྔ་ལོར་ཡུའུ་ཁུ་རེན་གྱི་སྲིད་འཛིན་ཡཱ་ཎོ་ཁོ་བེ་ཆི་ཡིས་ཨུ་རུ་སུའི་གནོན་ཤུགས་འོག་གོང་གི་ཚོང་འབྲེལ་གྲོས་གཞི་དེར་མིང་རྟགས་མ་བཀོད་པའི་རྐྱེན་གྱིས་མང་ཚོགས་ཀྱིས་སྲིད་གཞུང་ལ་ངོ་རྒོལ་མུ་མཐུད་བྱུང་སྟབས། གྲོས་ཚོགས་ཀྱིས་ཛ་དྲག་གྲོས་ཚོགས་ཚོགས་ཏེ་མང་མོས་ཐག་གཅོད་འོག་སྲིད་འཛིན་ཁོ་རང་ཕྱིར་འཕུད་བྱས་པ་དང་བར་བརྒལ་སྲིད་གཞུང་བཙུགས་རྗེས། ཡུའུ་ཁུ་རེན་ནང་ལ་སྲིད་དོན་གྱི་དཀའ་རྙོག་ཆེན་པོ་བྱུང་བ་ཡོད་འདུག
གསར་འགོད་པ། ལྷ་སྐྱབས་རྒྱལ།