འདི་གའི་གསར་འགོད་པས་ལ་དྭགས་དབུས་གཞུང་ནང་པའི་རིག་གནས་མཐོ་རིམ་སློབ་གྲྭའི་དགེ་རྒན་ཆེན་མོ་དང་སྐུའི་གསུང་བསྒྱུར་བ་རྒན་འཇམ་དབྱངས་རྒྱལ་མཚན་ལགས་སུ། ལ་དྭགས་ཁུལ་དུ་ནང་པའི་བསྟན་པ་དར་ཚུལ་དང་། ལ་དྭགས་ཀྱི་ཆོས་རྒྱལ་རིམ་བྱོན་དང་བོད་ཀྱི་འབྲེལ་ལམ་སོགས་ཀྱི་ཐད་བཅར་འདྲི་ཞུས་ཡོད།
དྲི་བ། ཐོག་མར་རྒན་ལགས་ཀྱིས་ལ་དྭགས་ཞེས་པའི་མིང་གི་ཐོགས་ཚུལ་གང་འདྲ་ཡིན་མིན་ངོ་སྤྲོད་ཅིག་གནང་རོགས།
ལན། སྤྱིར་བཏང་སྔོན་མར་ལ་དྭགས་ལ་མིང་ཞིག་ཡོད་པ་དེ་ལ་དྭགས་མ་རེད། མར་ཡུལ་ལབ་ཀྱི་ཡོད་པ་རེད། བར་ལམ་མང་ཡུལ་ལ་དྭགས་ཞེས་ལབ་ཡོད་པ་རེད། ཕྱིས་སུ་རིམ་པས་ལ་དྭགས་ཞེས་བའི་མིང་ཆགས་པ་རེད། མིང་དེ་ཐོགས་དགོས་པའི་རྒྱུ་མཚན་གཙོ་བོ་ལ་དྭགས་ནང་གི་ནུབ་ར་དང་ཟངས་དཀར། ཀ་ཤི་མུར། བོད་བཅས་ཉེ་འཁོར་གྱི་ས་ཆ་གང་དུ་འགྲོ་ཡང་རི་དང་ལ་མང་པོ་ཡོད་པ་དང་། དེའི་ལུང་ཁུག་ཏུ་ཆགས་ཡོད་སྟབས་ལ་དྭགས་ཞེས་པའི་མིང་ཐོགས་པ་རེད།
དྲི་བ། ལ་དྭགས་ལ་ནང་པ་སངས་རྒྱས་པའི་ཆོས་དར་སྟངས་གང་འདྲ་ཡིན་ནམ།
ལན། ལ་དྭགས་ཀྱི་ཆོས་རྒྱལ་བྱུང་སྟངས་བོད་ཀྱི་རྒྱལ་བོ་གླང་དར་མར་སྲས་འོད་སྲུང་དང་ཡུམ་བརྟན་གཉིས་བྱུང་བ་ལས། འོད་སྲུང་གི་སྲས་པ་འཁོར་ལྡེའུ་བཙན་ལ་སྲས་ཁྲི་བཀྲ་ཤིས་བརྩེགས་པ་དང་སྐྱིད་སྡེ་ཉི་མ་མགོན་གཉིས་ཡོད་པ་རེད། དེའི་སྐབས་སུ་རྒྱལ་པོའི་སྲས་གཉིས་མ་མཐུན་པར་བོད་ལ་མི་མང་གྱེན་ལོག་གི་འཇིགས་པ་བྱུང་སྟེ། སྐྱིད་སྡེ་ཉི་མ་མགོན་ལོ་ ༡༨ ཡས་མས་ཡིན་སྐབས་བོད་དུ་བཞུགས་མ་ཐུབ་པར་སྟོད་ཕྱོགས་སུ་བྲོས་ནས་ཕེབས་རྗེས། གུ་གེ་དང་པུ་ཧྲེང་དུ་དགེ་བཤེས་དེ་འདྲས་སྲས་མོ་སོགས་ཕུལ་ཏེ་ས་ཆ་དེར་དབང་བསྒྱུར་ནས་བསྡད་འདུག སྐྱིད་སྡེ་ཉི་མ་མགོན་ལ་སྲས་བླ་ཆེན་དཔལ་གྱི་མགོན། བར་བ་བཀྲ་ཤིས་མགོན། ཆུང་བ་ལྡེ་གཙུག་མགོན་བཅས་གསུམ་བྱུང་བ་རེད། དེ་ལ་སྟོད་ཀྱི་མགོན་གསུམ་ཞེས་བོད་ཀྱི་རྒྱལ་རབས་ནང་སྐད་གྲགས་ཡོད་པ་རེད། སྐྱིད་སྡེ་ཉི་མགོན་གྱི་ས་ཆ་དེ་དག་དབང་བསྒྱུར་སྐབས། ལ་དྭགས་ལ་རྒྱ་པ་ཇོ་ཞེས་པ་ཁོས་དབང་སྒྱུར་གྱི་ཡོད་པ་རེད། དེའི་སྐབས་ཧོར་ཡུལ་ནས་ལ་དྭགས་ལ་དམག་དྲངས་པ་རེད། རྒྱ་པ་ཇོ་ལགས་ཀྱིས་ཁ་གཏད་གཅོག་མ་ཐུབ་པ་སྟབས། སྐྱིད་སྡེ་ཉི་མ་མགོན་ལ་རོགས་རམ་གནང་དགོས་པའི་འབོད་སྐུལ་ཞུས་པ་ལྟར་རོགས་རམ་གནང་བ་རེད། སྐབས་དེའི་དམག་འཁྲུག་ནང་ཧོར་གྱི་དམག་ཕམ་པ་རེད། དེར་རྒྱལ་པ་ཇོ་སེམས་པ་དགའ་ནས་ལ་དྭགས་ཀྱི་གཞུང་འཁོར་སྐྱིད་སྡེ་ཉི་མ་མགོན་ལ་ཕུལ་བཞག་པ་རེད། རྗེས་སུ་རྒྱ་པ་ཇོ་ཏོག་ཙམ་གདུག་རྩུབ་ཆེན་པོ་ཡིན་སྟབས། ལ་དྭགས་མི་མང་མ་དགའ་བར་ཚང་མས་རྒྱ་པ་ཇོ་བཞག་ནས་སྐྱིད་སྡེ་ཉི་མ་མགོན་གྱི་མི་སེར་དུ་འཛུལ་བ་རེད། གུ་གེ་དང་པུ་ཧྲེང་། ཟངས་དཀར། གར་ཞ། སྤི་ཏི་ཚང་མ་སྐྱིད་སྡེ་ཉི་མ་མགོན་གྱི་འོག་ལ་བསླེབས་ཡོད། སྐྱིད་སྡེ་ཉི་མ་མགོན་དགུང་ལོ་ཆེན་པོ་ཆགས་སྐབས། ལ་དྭགས་གཞུང་འཁོར་བླ་ཆེན་དཔལ་གྱི་མགོན་དང་། གུ་གེ་དང་པུ་ཧྲེང་བཀྲ་ཤིས་མགོན། ཟངས་དཀར་དང་སྤི་ཏི། སྤི་མཆོག་བཅས་ལྡེ་གཅུག་མགོན་བཅས་ལ་བགོ་བྱ་བརྒྱབ་ནས་སྤྲད་པ་རེད། བཀྲ་ཤིས་མགོན་གྱི་སྲས་འཁོར་རེའམ་ཡེ་ཤེས་ལྡེ་དང་སྲུང་ངེ་བཅས་གཉིས་བྱུང་ཡོད། སྐབས་དེར་གླང་དར་མས་བོད་ཀྱི་བསྟན་པ་བསྣུབས་ཏེ་ནང་པའི་ཆོས་གཙང་མ་དེ་འདྲ་ཡོད་མ་རེད། དེར་ཡེ་ཤེས་སྡེ་སེམས་ཁྲལ་ལངས་ཏེ་རྒྱ་གར་ནས་པཎྟི་གདན་འདྲེན་ཞུ་རྒྱུའི་ཐབས་ཤེས་གནང་བ་རེད། སྐབས་དེར་རྒྱ་གར་ལ་འགྲོ་བར་ལས་སླ་བོ་མེད་པར་བླ་མར་གསེར་འབུལ་དགོས་སྟབས། རྒྱལ་པོ་གསེར་བསྡུ་རུབ་ཏུ་ཕེབས་སྐབས་གར་ལོག་ཅེས་པའི་ཡུལ་དུ་ཆོས་པ་ཚོས་དབང་སྒྱུར་བཞིན་ཡོད་པ་རེད། གར་ལོག་རྒྱལ་པོ་དེ་ཡང་ཆོས་པ་རེད། གར་ལོག་ཟེར་བ་དེ་ད་ལྟའི་ཞིན་ཅཱང་མིན་འགྲོ་བསམ་གྱི་འདུག ཡིན་ནའང་གསལ་བོ་ཧ་གོ་ཐུབ་ཀྱི་མི་འདུག སྐབས་དེར་ཁོང་ཚོས་འཁོར་རེ་བཙོན་ལ་བཞག་པ་རེད། དེའི་རྗེས་ཁོང་གི་ཚ་བོ་བྱང་ཆུབ་འོད་ཀྱིས་གར་ལོག་རྒྱལ་པོ་དང་མཉམ་དུ་སྐད་ཆ་བཤད་དེ། ཕུ་བོ་གཏོང་རོགས་ཞེས་ལབ་སྐབས། གར་ལོག་རྒྱལ་པོས་ཁྱེད་རང་དང་ཁྱེད་རང་གི་མི་ཚང་མ་ཆོས་པ་བཟོ་དགོས། དེ་མིན་ན་ཕུ་བོའི་སྐུ་གཟུགས་དང་མཉམ་པའི་གསེར་སྤྲོད་དགོས། དེ་དག་བྱུང་བ་ཡིན་ན་ངས་གཏོང་ཆོག་ཅེས་བཤད་འདུག དེ་ནས་ཁོང་གི་ཐབས་ཤེས་བྱས་ཏེ་གསེར་གང་འཚམ་རག་རྗེས་ཕུ་བོ་ཀློད་རོགས་ལབ་དུས་ཀློད་ཡོད་མ་རེད། གང་ཡིན་ཟེར་ན་ད་དུང་གསེར་དབུའི་ཚད་ཙམ་ཞིག་གིས་ལོང་གི་མེད་སྟབས། དེ་ནས་བྱང་ཆུབ་མགོན་ཕུ་བོའི་གམ་དུ་ཕྱིན་ཏེ་སེམས་ཁྲལ་མ་གནང་རོགས། ངས་གསེར་སྐུ་གཟུགས་ཆ་ཚང་རག་ཚར་སོང་། དབུ་ཙམ་རག་པར་དཀའ་ལས་ཡོད་པ་མ་རེད། ངས་ཐབས་ཤེས་བྱ་ཆོག་ཅེས་གསུངས་པ་རེད། ཕུ་བོས་ཁོང་ལ་ཁྱེད་རང་གིས་ངའི་གཟུགས་པོ་དང་འདྲ་བའི་གསེར་རག་པ་དེ་ངོ་མཚར་ཆེན་པོ་དང་ཧ་ལས་པ་རེད། ཡིན་ནའང་གསེར་དེ་གར་ལོག་རྒྱལ་པོར་མ་སྤྲད་རོགས། གསེར་དེ་འཁྱེར་ནས་རྒྱ་གར་ནས་ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤ་བོད་ལ་གདན་ཞུ་གནང་རོགས། ཇོ་བོ་རྗེར་ཁྱེད་རང་གི་ཆེད་དུ་ངས་སྲོག་གར་ལོག་རྒྱལ་པོར་སྤྲད་སོང་། ངའི་ལུས་རྩ་ཚང་མ་གར་ལོག་རྒྱལ་པོས་མེ་བཏང་ནས་ནུས་མེད་བཟོས་ཚར་སོང་། ང་ལོ་གཅིག་མ་གཏོགས་འཚོ་ཐུབ་རྒྱུ་མ་རེད། དེ་ལས་ཇོ་བོ་རྗེ་བོད་ལ་གདན་འདྲེན་ཞུས་ཏེ་སངས་རྒྱས་བསྟན་པ་སྤེལ་ན་བློ་བདེ་བོ་ཡོང་ས་རེད་ཅེས་གསུངས་བ་རེད། དེ་ནས་ཁོང་གིས་ནག་ཚོ་ལོ་ཙཱ་བ་རྒྱ་གར་ལ་ཇོ་བོ་རྗེ་གདན་འདྲེན་ཞུ་རུ་བཏང་བ་རེད། སྐབས་དེར་ཇོ་བོ་རྗེ་རྒྱ་གར་གྱི་ཆོས་སྡེ་ཆེན་མོ་ཝེ་ཀེམ་ཤི་ལར་བཞུགས་ཡོད། ད་དུང་རྒྱ་བརྩོན་འགྲུས་སེང་གེ་ཞེས་བའི་བོད་ཀྱི་ལོ་ཙཱ་བ་ཆེན་པོ་ཁོང་ཡང་དེར་ཡོད་པ་རེད། དེ་ནས་ཁོང་ཇོ་བོ་རྗེས་མཇལ། གསེར་ཚང་མ་ཕུལ་ཏེ་གནས་ཚུལ་ཚང་མ་ཞུས་ཏེ་བོད་ཀྱི་བསྟན་པ་སླར་གསོའི་ཆེད་ཕེབས་རོགས་ཞེས་ཞུས་པ་རེད། ཁྱེད་རང་གི་ཆེད་འཁོར་རེས་སྲོག་སྦྱིན་པ་བཏང་ཚུལ་སོགས་ཞུས་རྗེས། ཇོ་བོ་རྗེས་རྗེ་བཙུན་སྒྲོལ་མར་གསོལ་བ་བཏབས་ཏེ། རྗེ་བཙུན་སྒྲོལ་མས་ཁྱེད་རང་བོད་ལ་ཕེབས་ན་བསྟན་པར་ཕན་གྱི་འདུག ཁྱེད་རང་གི་སྐུ་ཚེ་ལོ་བཅུའི་ཉུང་དུ་འགྲོ་རྒྱུ་རེད། ཅེས་གསུངས་བར། ཁོང་གིས་བསྟན་པར་ཕན་ཚེ་སྐུ་ཚེ་ཉུང་དུ་འགྲོ་ཡང་ཁྱད་པར་མི་འདུག་ཅེས་བོད་ལ་ཕེབས་པ་རེད། དེ་ནས་༼བྱང་ཆུབ་ལམ་སྒྲོན༽བརྩམས་གནང་སྟེ་བསྟན་པ་རྒྱས་པར་ཕན་ཐོགས་ཆེན་པོ་བྱུང་བ་རེད། བླ་ཆེན་དཔལ་གྱི་མགོན་ལ་སྲས་འགྲོ་མགོན་དང་ཆོས་མགོན་གཉིས་ཡོད་པ་རེད། སྐབས་དེར་ལོ་ཙཱ་བ་རིན་ཆེན་བཟང་པོ་བྱུང་བ་རེད། བརྒྱ་ཕྲག་ ༡༠ ཡས་མས་སུ་ཁ་ཆེ་ཀ་ཤི་མུར་སི་རེ་ནཱ་གྷར་དུ་ང་ཚོའི་ནང་པའི་བསྟི་གནས་ཆེན་པོ་ལྷ་ས་ལྟ་བུ་ཞིག་ཡོད་པ་རེད། དེར་ཕེབས་ནས་ལོ་ཙཱ་སྦྱངས་བླ་མ་མང་པོ་བསྟེན་རྗེས་ལ་དྭགས་ལ་ལྷ་ཁང་ ༡༠༨ དང་། མཆོད་རྟེན་ ༡༠༨། པུ་ཧྲེང་དུ་མཐོ་གླིང་དང་། ལ་དྭགས་སུ་ཉར་མ། སྤི་ཏིར་རྟ་ཕོ་བཅས་གསུམ་བཞེངས་པ་རེད། སྐབས་དེར་ཁོང་དགུང་ལོ་ ༩༦ རེད། ཇོ་བོ་རྗེར་མཇལ་སྐབས་ཁོང་ལ་ལོ་ཙཱ་བ་གནང་རོགས་ཞེས་ཞུས་འདུག སྐབས་དེར་ཁོང་གིས་དགུང་ལོ་བགྲེས་པོ་ཡིན་སྟབས་ལོ་ཙཱ་དཀའ་ལས་ཁག་པོ་ཡིན་ཚུལ་གསུངས་ཏེ་ལོ་ཙཱ་གནང་མི་འདུག དེ་ནས་ནག་ཚོ་ལོ་ཙཱ་བས་ཇོ་བོ་རྗེའི་ལོ་ཙཱ་གནང་པ་རེད། ལ་དྭགས་ལ་བསྟན་པ་ཡག་པོ་དེ་དུས་དར་བ་རེད། སྔོན་མ་ང་ཚོར་གྲྭ་ས་ལྟ་བུའི་ཆོས་སྡེ་ཆེན་པོ་བྱུང་བ་རེད། བོད་ཕྱོགས་ནས་ལ་དྭགས་ལ་ནང་པའི་ཆོས་དར་སྟངས་དེ་འདྲ་རེད།
དྲི་བ། ལ་དྭགས་ལ་རྒྱལ་རབས་ག་ཚོད་བྱུང་ཡོད་པ་དང་། དེ་དག་ལས་མཛད་རྗེས་ཆེ་ཤོས་གང་དག་ཡིན་ནམ།
ལན། སྤྱིར་བཏང་ལ་དྭགས་ལ་ཆོས་རྒྱལ་ ༣༧ དང་ ༣༨ རྩི་སྲོལ་རིགས་གཉིས་ཤིག་འདུག དེ་དག་ལས་ཆོས་རྒྱལ་སྐད་གྲགས་ཆེ་བ་བརྒྱ་ཕྲག་ ༡༤ དང་ ༡༥ ནང་གྲགས་པ་འབུམ་ལྡེ་བྱུང་བ་རེད། དེ་དུས་བོད་ལ་རྗེ་ཙོང་ཁ་བ་ཆེན་པོ་བཞུགས་ཡོད། ཁོང་གི་སྟོད་བྱང་སེམས་ཤེས་རབ་བཟང་པོ་ཞེས་པའི་སློབ་མ་ཞིག་བོད་ནས་ལ་དྭགས་ལ་ཕེབས་ཏེ་རྒྱལ་པོ་གྲགས་པ་འབུལ་ལྡེར་མཇལ། རྒྱལ་པོས་ཁོང་ལ་སྦྱིན་བདག་བྱས་ནས་ཁྲི་རྩེ་སྟག་མོ་ལུང་པར་དགོན་པ་ཆུང་ཆུང་ཞིག་བརྒྱབ་ཅིང་། གཞིས་བཟུང་གིས་ཆོ་ག་བཙུགས་གནང་བ་རེད། གྲགས་པ་འབུམ་ལྡེའི་སྲས་བློ་གྲོས་མཆོག་ལྡན་ཀླུ་འཁྱིལ་དགོན་པར་ཡོད་པ་རེད། དེ་དགེ་ལུགས་སུ་བསྒྱུར། དཔེ་ཐུབ་དགོན་པ་གསར་བཞེངས་གནང་བ་རེད། ཁོང་གི་སྐབས་མང་སྤྲོ་ཞེས་པའི་དགོན་པ་ཞིག་ཡོད་པ་རེད། བོད་ནས་ས་སྐྱའི་བླ་མ་དྲུང་པ་རྡོ་རྗེ་དཔལ་བཟང་ཕེབས་ཡོད། རྒྱལ་པོས་སྦྱིན་བདག་བྱས་ཏེ་མང་སྦྲོ་ཞེས་པར་ས་སྐྱའི་དགོན་པ་བརྒྱབ་པ་རེད། ས་སྐྱའི་ཆོས་རྒྱུད་མང་སྤྲོ་མ་གཏོགས་ཡོད་པ་མ་རེད། དེའི་རྗེས་ལ་རྒྱལ་པོ་སེང་གེ་རྣམ་རྒྱལ་རེད། ཁོང་བརྒྱ་ཕྲག་ ༡༧ པར་བྱུང་བ་རེད། ཁོང་ཆོས་རྒྱལ་སྐད་གྲགས་ཆེན་པོ་རེད། ཁོང་གིས་བོད་ནས་ཕེབས་པའི་བླ་མ་སྟག་ཚང་རས་པར་སྦྱིན་བདག་བྱས་ཏེ་ཧེ་མི་དགོན་པ་བཞེངས་པ་རེད། དགོན་པ་དེ་འབྲུག་པ་དགོན་པ་རེད། ད་དུང་ཐེག་མཆོག་དགོན་པ་དང་ཝམ་ལེའི་དགོན་པ་བཞེངས་ཤིང་དགེ་འདུན་པའི་སྡེ་ཡག་པོ་བཙུགས་གནང་པ་རེད། དེའི་རྗེས་བརྒྱ་ཕྲག་ ༡༦ ཡས་མས་ལ་རྒྱལ་པོ་བཀྲ་ཤིས་རྣམ་རྒྱལ་ཞེས་པ་བྱུང་སྟེ་ཁོང་གི་སྐབས་སུ་གངས་རིན་པོ་ཆེ་ནས་ཆོས་རྗེ་འདན་མ་ཀུན་དགའ་གྲགས་པ། ཁོང་འབྲི་གུང་རེད། ཁོང་ལ་དྭགས་སུ་གདན་འདྲེན་ཞུས་པ་རེད། ད་ལྟའི་ཕྱི་དབང་དགོན་པ། གཡུང་དྲུང་དགོན་པ། ཤངས་དགོན་པ་བཅས་ཀྱི་སྦྱིན་བདག་གནང་བ་རེད། འབྲི་གུང་བཀའ་རྒྱུད་ལ་དྭགས་ནང་དར་ཁྱབ་ཆེན་པོ་བྱུང་བ་རེད། དེའི་རྗེས་སུ་རྒྱལ་བོ་ཚེ་དབང་རབ་བརྟན་རེད། ཁོང་ ༡༨༣༤ ལོར་བྱུང་བ་རེད། དེའི་བར་དུ་ལ་དྭགས་རང་དབང་གི་རྒྱལ་ཁབ་ཅིག་རེད། ༡༨༣༥ ལོར་ལ་དྭགས་ཇམ་མུ་འོག་ཤོར་བ་རེད།
དྲི་བ། ཆབ་སྲིད་ཀྱི་ཕྱོགས་ནས་ལ་དྭགས་དང་བོད་གཉིས་བར་གནས་ཚུལ་གང་འདྲ་བྱུང་ཡོད་དམ།
ལན། ལ་དྭགས་ཀྱི་ནང་པ་དང་ཆེན་པོ་བོད་ཀྱི་ནང་པའི་འབྲེལ་ལམ་ཧ་ཅང་ཡག་པོ་ཡོད་པ་རེད། སྔོན་མ་བརྒྱ་ཕྲག་ ༡༧ ནང་བོད་ནང་རྒྱལ་དབང་ལྔ་བ་དང་སྡེ་སྲིད་སངས་རྒྱས་རྒྱ་མཚོ་བཞུགས་ཡོད་པ་རེད། སྐབས་དེར་ལ་དྭགས་དང་བོད་གཉིས་ཏོག་ཙམ་འཁྲུག་པ་ཤོར་བ་རེད། ལ་དྭགས་རྒྱལ་པོ་བདེ་ལེགས་རྣམ་རྒྱལ་གྱི་སྐབས་སུ། སོག་པོ་དགའ་ལྡན་ཚེ་དབང་དམག་དཔོན་རེད། དེ་དུས་ལ་དྭགས་ལ་དམག་བརྒྱབ་པ་རེད། ལ་དྭགས་རྒྱལ་པོས་བརླག་མ་ཁེལ་བར་བོད་ཀྱི་དམག་སླེ་བར་དུ་བསླེབས་པ་རེད། ལ་དྭགས་རྒྱལ་བོ་གཏིང་མོ་སྒང་དུ་བཞུགས་པ་རེད། བ་མགོ་གྲོང་གསེབ་དུ་རྒྱལ་བོའི་མཁར་ཡོད་པ་རེད། ལ་དྭགས་དམག་མི་ཚང་མ་རི་མགོར་ཡོད་པའི་མཁར་ནང་འཛུལ། བོད་དམག་གྲོང་གསེབ་དུ་བསྡད་དེ་ལོ་གསུམ་བསྡད་པ་རེད། ད་དུང་ཟ་མ་མ་ཚར་བར་རྩམ་པ་བརྫིས་ནས་བོད་དམག་གི་མགོར་རྒྱག་གི་ཡོད་པ་རེད་ཟེར། དེ་ནས་ཁོང་ཚོས་ལ་དྭགས་པ་ཚོ་སྲུང་ནས་ལོ་གསུམ་རིང་བསྡད་ཀྱང་། ད་དུང་ཟ་མ་མ་ཚར་བ་དེ་འདྲ་ཁྱད་མཚར་ཞེས་ལབ་ཡོད་པ་རེད་ཅེས་བཤད་སྲོལ་འདུག དེ་ནས་ཤི་རུ་ན་གྷར་གྱི་ཁ་ཆེ་རྒྱལ་བོ་ཨོ་རང་ཟེབ་ཅེས་པའི་གདུག་རྩུབ་ཅན་ཞིག་ཡོད་པ་དེར། ཁ་ཆེའི་དཔོན་པོ་ཞིག་གིས་ཁོང་ལ་ལ་དྭགས་ལ་དམག་རོགས་སྤྲོད་རོགས་ལབ་ཀྱི་འདུག་ཅེས་སྤྲོད་མིན་སྐད་ཆ་དྲིས་སྐབས། ཁོས་རྒྱལ་པོས་ཁ་ཆེ་ཆོས་ཁས་བླངས་པ་ཡིན་ན། རོགས་པ་གནང་རོགས། དེ་མིན་རོགས་པ་གནང་མི་དགོས་ཞེས་ལབ་པ་རེད། དེ་དུས་ལ་དྭགས་རྒྱལ་པོའི་བློན་པོས་འགྲིག་གི་རེད། ང་ཚོ་ཆོས་པ་བཟོ་ཆོག་ཅེས་ལབ་དེ་གནས་སྐབས་རིང་ཁ་ཆེའི་ཐོད་དང་མིང་བསྒྱུར་ནས་ཆོས་པ་བཟོས་པ་རེད། རྒྱལ་པོ་བཟོས་ན་མི་མང་བསྒྱུར་ཆོག་ཆོག་ཡིན་སྟབས། ཁ་ཆེའི་དམག་མི་སྟོང་ཕྲག་མང་པོ་བསླེབས་ཏེ། བོད་ཀྱི་དམག་གུ་གེ་པུ་ཧྲེང་བར་དུ་བསྐྲད་པ་རེད། དེ་ནས་བོད་དང་ལ་དྭགས་བར་ནང་འགྲིག་བཟོས་ཤིང་། དེ་དུས་གུ་གེ་པུ་ཧྲེང་དེ་ཚོ་སེང་གེ་རྣམ་རྒྱལ་འོག་རེད། དེ་ནས་གུ་གེ་པུ་ཧྲེང་ཕར་བོད་གཞུང་ལ་འབུལ་རྒྱུ་དང་། ལ་དྭགས་ནས་སློབ་སྦྱོང་བྱེད་དུ་འགྲོ་མཁན་ཚོར་འཚོ་བའི་མཐུན་རྐྱེན་གཏོང་རྒྱུ། གངས་རིན་པོ་ཆེར་ཡོད་པའི་མེན་མཚར་གྲོང་གསེབ་ལ་དྭགས་འོག་བཞག་པ་རེད། རྒྱུ་མཚན་གངས་རིན་པོ་ཆེར་མཚམས་དང་སྒྲུབ་པ་ཉམས་ལེན་གནང་མཁན་ཚོར་མི་མང་ལ་ཡོང་སྒོ་བྱུང་ན། ཁོང་ཚོར་འཚོ་བའི་མཐུན་རྐྱེན་འབུལ་ཆེད་རེད། ༡༩༥༦ བར་ལུང་པ་དེ་ལ་དྭགས་འོག་ཡོད་པ་རེད། ༡༩༥༩ ལོར་བོད་ས་ཤོར་རྗེས་ལུང་པ་དེ་རྒྱ་མིས་འཁྱེར་ཡོད། སྔོན་མ་བོད་སྡེ་བ་གཞུང་གིས་ཚུར་ཚོང་པ་ལོ་ལྟར་དཀར་འཁྱིལ་བར་དུ་ཡོང་གི་རེད། རྟ་དྲེལ་ ༡༠༠ དང་ ༢༠༠ ཡས་མས་ལ་མངའ་རིས་ཁམ་བུ་དང་ཀ་ར། གུར་གུམ། འབྲས་བཅས་བཀལ་ནས་ལྷ་ས་བར་བསྐྱལ་གྱི་ཡོད་པ་རེད། དེར་གཞུང་ཚོང་ལབ་ཀྱི་འདུག ངས་ཆུང་དུས་མཐོང་མྱོང་ཡོད། དེ་དག་ཕར་འཁྱེར་རྗེས་༸གོང་ས་མཆོག་དང་། གྲྭ་ས་ཁག་གི་གྲྭ་བ་ཚོར་བག་བཙོས་མའི་ནང་སྣུམ་དང་མངའ་རིས་ཁམ་བུ་བླུག་དེ་ཕུལ་གྱི་འདུག ལ་དྭགས་ནས་ལོ་གསུམ་པར་ཡང་ལོ་ཕྱག་པ་ཞེས་ཕར་བོད་ལ་ཚོང་པ་གཏོང་གི་ཡོད་པ་རེད། ༸རྒྱལ་བ་རིན་པོ་ཆེ་སོགས་ལ་ཕུལ། གཞུང་ཚོང་གི་རྟ་དྲེལ་དེ་ཚོར་ཁྲལ་འགེལ་གྱི་ཡོད་པ་རེད། ཚུར་ནས་ཕར་ཕྱོགས་ཀྱི་ས་མཚམས་བར་བསྐྱལ། ལ་དྭགས་པ་ལོ་ཕྱག་ལ་འགྲོ་སྐབས་བོད་ནས་ཚུར་བསྐྱལ་དགོས་པ་རེད། དེ་འདྲ་རེད། ད་ལྟ་༸གོང་ས་མཆོག་གི་བཀའ་དྲིན་ལ་ཧ་ཅང་ཡག་པོ་ཡོད་པ་རེད། ང་ཚོས་བོད་རྒྱ་མིར་ཤོར་བ་དེ་རྐྱེན་ངན་གྲོགས་ཤར་ཞེས་ལབ་ཀྱི་ཡོད་པ་རེད། གང་ཡིན་ཞེ་ན། བོད་རྒྱ་མིས་འཕྲོག་པ་དེ་སེམས་ཕམ་པོ་ཡིན་ཡང་། ཧི་མ་ལ་ཡའི་གཞུང་དང་འཇིག་རྟེན་ཡོངས་ལ་ཁེ་ཕན་ཆེན་པོ་བྱུང་ཡོད་པ་རེད། གལ་ཏེ། བོད་རྒྱ་མིས་མ་འཕྲོག་པ་ཡིན་ན། སྐུ་མདུན་གྱི་མཛད་པ་འདི་འདྲ་ཞིག་རྒྱས་རྒྱུ་བཤད་ཁག་པོ་རེད། ང་ཚོ་ཧི་མ་ལ་ཡའི་རི་རྒྱུད་ཀྱི་མི་རྣམས་བོད་ལ་སོང་ནས་གསུང་ཆོས་ཉན་པའི་གོ་སྐབས་རག་མིན་ཡང་བཤད་ཁག་པོ་རེད། ང་ཚོར་ཡག་པོ་བྱུང་ཡོད་པ་རེད། ཡིན་ནའང་། བོད་སྤྱི་ལ་གྱོང་རག་ཡོད། ཉིན་ཞིག་བོད་ལ་ཉི་མ་ཤར་ཡོང་གི་རེད།
དྲི་བ། ལ་དྭགས་ནང་ཆོས་ལུགས་ཆོས་བརྒྱུད་ག་ཚོད་ཡོད་པ་དང་། དེ་དག་གི་མཐུན་ལམ་གནས་སྟངས་གང་འདྲ་ཡིན།
ལན། ལ་དྭགས་ནང་རྙིང་མ་དང་བཀའ་བརྒྱུད། ས་སྐྱ། དགེ་ལུགས་བཅས་ཆོས་བརྒྱུད་བཞི་བོ་ཡོད་པ་རེད། བཀའ་བརྒྱུད་ལ་ཆེ་བཞི་ཆུང་བརྒྱད་ཡོད་པ་ལས། བོད་པ་སྐྱབས་བཅོལ་བ་ཚང་མ་ཀརྨ་བཀའ་བརྒྱུད་རེད། ད་ལྟ་ཕོ་བྲང་ཉེ་འཁྲིས་སུ་ཡོད་པའི་དགོན་པ་དེ་ཀརྨ་བཀའ་བརྒྱུད་རེད། དེ་མིན་པའི་ལ་དྭགས་རང་གི་མི་མང་ནང་ཀརྨ་བཀའ་བརྒྱུད་ཡིན་མཁན་ཡོད་པ་མ་རེད། བཀའ་བརྒྱུད་ཆུང་བརྒྱད་ཀྱི་ནང་ནས་འབྲུག་པ་བཀའ་བརྒྱུད་དང་འབྲི་གུང་བཀའ་བརྒྱུད་གཉིས་རེད། དེ་ནས་དགེ་ལུགས་མང་ཤོས་རེད། ལ་དྭགས་པ་མིན་པར་བོད་པ་སྐྱབས་བཅོལ་བའི་ནང་བོན་པོ་ཡོད་པ་རེད། ལྕོག་ལམ་སའི་ཉེ་འཁྲིས་སུ་བོན་གྱི་དགོན་པ་ཞིག་ཀྱང་ཡོད་པ་རེད། ཆོས་བརྒྱུད་ཁག་གི་གནས་སྟངས་ཡག་པོ་ཡོད་རེད། ང་ཚོའི་སྤྱི་ཚོགས་ནང་ས་དགེ་བཀའ་རྙིང་ཞེས་ཆོས་བརྒྱུད་ཀྱི་ཞེན་ཁོག་ཡོད་མ་རེད། དེ་མིན་ཆོས་ལུགས་གཞན་ཁ་ཆེའི་སུ་ནི་དང་སྦལ་ཏིའི་ཤི་ཡ། ཡེ་ཤུ་བཅས་ཡོད་པ་རེད། ཧིན་རྡུ་གཅིག་ཀྱང་ཡོད་པ་མ་རེད། སྔོན་མར་ང་ཚོ་ཆོས་ལུགས་ཕན་ཚུན་བར་འཛིང་རེ་མང་པོ་བྱུང་ཡོད་ཀྱང་། ད་ལྟ་ཆོས་ལུགས་ཚང་མའི་མཐུན་ལམ་ཧ་ཅང་ཡག་པོ་ཡོད། དེ་ཡང་གཙོ་བོ་༸གོང་ས་མཆོག་ཐེངས་མང་ཕེབས་ཏེ་བཀའ་སློབ་ནན་པོ་གནང་བའི་བཀའ་དྲིན་རེད།
དྲི་བ། ལ་དྭགས་རང་དུ་ཆོས་འབྱུང་དང་རྒྱལ་རབས། དུས་དེབ། ཚགས་པར་སོགས་ཀྱི་རིགས་གང་དག་ཡོད་དམ།
ལན། ལ་དྭགས་དགོན་ཁག་ཚང་མའི་ལོ་རྒྱུས་ཡོད་པའི་ཆོས་འབྱུང་ <<དགོན་རབས་ཀུན་གསལ་ཉི་སྣང་>> ཡོད་པ་རེད། རྒྱལ་རབས་ <<རྒྱལ་རབས་འཆི་མེད་གཏེར། >> དང་<<རྒྱལ་རབས་ཀུན་གསལ་མེད་ལོང་>> གཉིས་ཡོད་པ་རེད། དུས་དེབ། སེང་གེ་ཁ་འབབ་དང་། རིག་པའི་བདུད་རྩི། ཡོན་ཏན། སྒྲ་དབྱངས་བཅས་ཡོད་པ་རེད། ཚགས་པར། ལ་དྭགས་གསར་འགྱུར་དང་ཕོ་ཉ། ཡར་རྒྱས་གོང་འཕེལ་བཅས་ཡོད་པ་རེད། དེ་མིན། མཁས་པ་སོ་སོས་བརྩམས་བཞག་པ་དང་ཤེས་རིག་གིས་ལོ་རེར་དེབ་ ༤ ཡས་མས་དཔར་བཞིན་ཡོད་པ་རེད།
དྲི་བ། ལ་དྭགས་ཁུལ་དུ་དགོན་པ་མང་པོ་འདུག་སྟབས་གྲྭ་བའི་གྲངས་འབོར་གང་འདྲ་ཡོད་དམ།
ལན། ལ་དྭགས་རང་དུ་གྲྭ་བའི་གྲངས་ཀ་ཉུང་དུ་འགྲོ་བཞིན་ཡོད་པ་རེད། གང་ཡིན་ཞེ་ན། སྐྱེས་སྒོ་འགོག་རྒྱུ་ཤུགས་ཆེར་དར་ནས་ད་ཆར་ཁྱིམ་ཚང་གཅིག་ལ་བུ་གཅིག་དང་བུ་མོ་གཅིག་ལས་ལྷག་སྐྱེ་འཇུག་གི་མི་འདུག གྲྭ་བ་བྱེད་མཁན་མི་འདུག ལ་དྭགས་དགོན་ཁག་ ༥༠ ནང་ང་ཚོ་མཚན་ཉིད་སློབ་གྲྭའི་ཡན་ལག་སློབ་གྲྭ་ཡོད། དེ་ཚོར་གྲྭ་བ་ཧ་ཅང་དཀོན་པོ་རེད་ཅེས་ལབ་ཀྱི་འདུག ད་ལྟའི་གནས་སྟངས་འདི་ལྟར་བསྡད་ན་མ་འོངས་པའི་ལོ་ ༤༠ དང་ ༥༠ ནང་གྲྭ་བ་རེ་གཉིས་ལས་མེད་པའི་ཉེ་ཁ་འདུག ཡིན་ནའང་། ང་ཚོ་ནང་ཚོགས་དང་དགོན་ཚོགས་བཅས་ཀྱིས་སྐྱེས་སྒོ་བཀག་པ་དེ་འགྲིག་གི་མི་འདུག ཕྲུ་གུ་ག་ཚོད་སྐྱེས་ན་སྐྱེ་འཇུག་དགོས། མང་པོ་སྐྱེས་མི་འཇུག་རུང་གསུམ་ངེས་པར་དུ་སྐྱེ་འཇུག་རོགས། གཅིག་གྲྭ་བ་བྱེད་དགོས་ཀྱི་འདུག་ཅེས་ལབ་བསྡད་ཡོད་པ་རེད། དེའི་ཐོག་ཤུགས་རྒྱག་གི་ཡོད་ཀྱང་གྲུབ་འབྲས་ག་ཚོད་འཐོན་ཐུབ་མིན་ཧ་གོ་ཡི་མ་རེད།
དྲི་བ། ལ་དྭགས་ཡུལ་མི་ཚོ་༸གོང་ས་མཆོག་ལ་ཡིད་ཆེས་དང་དད་པ་གང་འདྲ་འདུག
ལན། དེ་གཞན་དང་མི་འདྲ་བ་ཧང་སང་པ་རེད། ལ་དྭགས་པ་ཚོར་༸གོང་ས་མཆོག་གིས་ག་རེ་བྱས་ཀྱང་བྱེད་ཆོག་ཆོག་ཡོད་པ་རེད། སྐུ་མདུན་གྱིས་འདི་བཟོ་དགོས་ལབ་ན་བཟོ་རྐྱང་རེད། ང་ཚོ་ལ་དྭགས་ཀྱི་ཕྱི་ནང་ཚང་མས་ཡིད་བཞིན་གྱི་ནོར་བུ་ཞིག་ལ་ངོས་འཛིན་གནང་གི་ཡོད་པ་རེད། ཧ་ཅང་རྩ་ཆེན་པོར་བརྩི་གི་ཡོད་པ་རེད། སྐུ་མདུན་གྱིས་བཀའ་སློབ་ཅིག་གནས་རྗེས་བསྒྲུབ་མ་ཐུབ་ན་བློ་ཕམ་ཆེན་པོ་གནང་གི་ཡོད་པ་རེད། སྔར་ལོ་སྐུ་མདུན་འདིར་ཕེབས་སྐབས་ང་ཚོར་དུས་འཁོར་དབང་ཆེན་གནང་རོགས་ཞེས་ཞུ་བ་ཕུལ་བ་རེད། སྐུ་མདུན་གྱིས་ཞལ་བཞེས་གནང་བར་མ་ཟད། དུས་དབང་ལ་ཕྱིའི་གྲ་སྒྲིག་དང་ནང་གི་གྲ་སྒྲིག་གཉིས་དགོས་པ་རེད། ཕྱིའི་གྲ་སྒྲིག་ཇ་མུ་ཀ་ཤི་མུར་གཞུང་དང་རང་སྐྱོང་ཚོགས་པ། ནང་ཚོགས་དགོན་ཚོགས་བཅས་ནས་གནང་ཡོང་གི་རེད། དེ་དཀའ་ལས་ཁག་པོ་མ་རེད། ནང་གི་གྲ་སྒྲིག་རྩ་ཆེ་ཤོས་རེད། ནང་གི་གྲ་སྒྲིག་སྔོན་འགྲོའི་གསུང་ཆོས་དང་བཤེས་སྦྲིངས། གྲུབ་མཐའ་རིན་ཆེན་ཕྲེང་བ་བཅས་ཀྱི་སྐོར་ལ་དྭགས་མི་མང་ལ་སློབ་སྦྱོང་སྤྲོད་དགོས་པ་དེ་རེད། ཅེས་གསུངས་བ་ལྟར། ང་ཚོས་མི་མང་ནང་སློབ་སྦྱོང་སྤྲད་པ་རེད། དེ་དག་གི་ཐོག་ནས་༸གོང་ས་མཆོག་ལ་དད་པ་འགྱུར་བ་མེད་པ་དང་ཧང་སང་པ་རེད།
དྲི་བ། ལ་དྭགས་ཡུལ་མི་དང་ཧི་མ་ལ་ཡའི་རི་རྒྱུད་ཀྱི་ཡུལ་མི་ཚོས་བོད་པའི་ཛ་དྲག་གི་གནས་སྟངས་སྐོར་ལ་རྒྱུས་མངའ་ག་འདྲ་ཡོད་པར་གཟིགས་ཀྱི་ཡོད་དམ།
ལན། ང་ཚོ་ཧི་མ་ལ་ཡའི་རི་རྒྱུད་ཀྱི་མི་མང་གིས་བོད་ཀྱི་གནས་སྟངས་ཡག་པོ་ཧ་གོ་གི་ཡོད་པ་རེད་ལ། བློ་འཚབ་ཀྱང་བྱེད་ཀྱི་ཡོད་པ་རེད། བོད་ལ་རང་དབང་རག་དགོས་ཟེར་ནས་ང་ཚོའི་གྲོས་ཚོགས་འཐུས་མི་ཚོར་བོད་དོན་རྒྱ་གར་གཞུང་ལ་ཧ་གོ་བར་བྱ་དགོས་ཞེས་ཐབས་ཤེས་བྱེད་ཀྱི་ཡོད་པ་རེད། ང་ཚོས་བོད་ལ་མགྱོགས་པོར་རང་དབང་གི་ཉི་མ་ཤར་གྱི་རེད་ཅེས་རེ་བ་བཅངས་ཏེ་སྒུག་བསྡད་ཡོད་པ་རེད། དྲི་བ། ལ་དྭགས་ཡུལ་མི་དང་བོད་མི་སྐྱབས་བཅོལ་བའི་བར་གྱི་མཐུན་ལམ་དང་འབྲེལ་ལམ་གང་འདྲ་ཡོད་དམ། ལན། ཡུལ་མི་དང་བོད་མིའི་བར་གྱི་མཐུན་ལམ་ཧ་ཅང་ཡག་པོ་ཡོད་པ་རེད། ཡིན་ནའང་། མི་མང་སྤྱིའི་བསམ་ཚུལ་ཡིན་མིན་ཧ་གོ་རྒྱུ་མི་འདུག་ཀྱང་། ང་རང་གི་བསམ་པར་ཆང་ས་རྒྱག་རྒྱའི་སྐོར་ལ་དྭགས་དང་ཡུལ་མིའི་ནང་དེ་ཙམ་འདྲེས་ཐུབ་ཀྱི་མི་འདུག་བསམ་པ་བྱུང་སོང་། བོད་པ་ལོགས་ག་དང་ལ་དྭགས་ལོགས་གར་བསྡད། ཆང་ས་སོགས་སོ་སོའི་ནང་དུ་བརྒྱབ་ནས་གཉེན་འབྲེལ་རིགས་དེ་ཙམ་ཡོང་ཐུབ་ཀྱི་མི་འདུག སྤྱིར་བཏང་གི་ཐོག་ནས་འབྲེལ་ལམ་ཧ་ཅང་ཡག་པོ་ཡོད་པ་རེད།
དྲི་བ། མ་འོངས་པར་བོད་དང་ལ་དྭགས་གཉིས་ཀྱི་འབྲེལ་ལམ་སྔར་ལྷག་ཡག་ཏུ་འགྲོ་བར་ཐབས་ལམ་གཙོ་བོ་ག་རེ་གཟིགས་ཀྱི་ཡོད་དམ།
ལན། ང་རང་གི་བསམ་པར་ང་ཚོའི་གཞིས་ཆགས་པ་ཚོས་ཁོང་ཚོ་ལ་དྭགས་ཀྱི་མི་སེར་བཟོ་དགོས་པ་རེད་དྲན་གྱི་འདུག ད་ལྟ་ལྡི་ལི་བོད་སྒར་གྱི་བོད་མི་ཚོས་རྒྱ་གར་མི་སེར་བཟོ་མཁན་མང་པོ་འདུག དེ་བཞིན་ཧི་མ་ཅལ་དུའང་མི་མང་པོ་ཞིག་གིས་བླངས་ཚར་འདུག འོན་ཀྱང་བོད་གཞུང་གི་ངོས་ནས་བོད་ཀྱི་ངོ་བོ་བརླག་འགྲོ་བར་ཐུགས་འཚབ་གནང་གི་འདུག་ཀྱང་། ངའི་བསམ་པར་དེ་མ་རེད་དྲན་གྱི་འདུག རྒྱ་གར་གྱི་མི་སེར་བཟོས་ནའང་བོད་ལ་རང་དབང་ཐོབ་ན་ང་ཚོ་ཚང་མ་བོད་ལ་འགྲོ་ཆོག་གི་རེད། རང་དབང་རག་པ་ཡིན་ན་ང་ཚོ་ཕར་ཚུར་དབྱར་ས་དགུན་ས་ནང་བཞིན་བྱས་ནས་འགྲོ་ཆོག་གི་རེད།
དྲི་བ། ལ་དྭགས་ནང་དགོན་སྡེ་དང་ནང་པའི་གནས་ཆེན་ཁག་ག་ཚོད་ཅིག་ཡོད་དམ།
ལན། དགོན་སྡེ་ཁག་ལས་གཙོ་ཆེ་ཤོས་ཨ་ལྕི་རེད། དེར་རིན་ཆེན་བཟང་པོའི་སྐབས་སུ་བཞེངས་པའི་དགོན་པ་ཡོད་པ་རེད། ལོ་ ༡༢༠༠ ལྷག་འགྲོ་བཞིན་ཡོད། ལྡེབས་རིས་དང་རྫོགས་སྐུ་ངོ་མཚར་ཅན་དེ་འདྲ་ད་ལྟ་བཞུགས་ཡོད་པ་རེད། མཚོའི་ཕྱོགས་ནས་སྦང་ཀོང་མཚོ་ཡོད་པ་རེད། མཚོ་དེའི་རིང་ཚད་ལ་ཀེ་ལོ་མུ་ཊར་ ༤༠༠ ལྷག་ཡོད་པ་རེད། ཕྱེད་ཀ་ལ་དྭགས་དང་ཕྱེད་ཀ་བོད་ནང་ཡོད་པ་རེད། དེ་ནས་མཁར་རྫོང་ལ་རེད། མཁར་རྫོང་ལ་བརྒྱུད་ནས་ནུབ་རར་འགྲོ་དགོས་པ་རེད། དེར་མཐོ་ཚད་ཕི་ཊིར་ ༡༨༠༠ ལྷག་ཡོད་རེད། རྒྱ་གར་གྱི་ཡུལ་སྐོར་སྤྲོ་འཆམ་པ་ཚོར་འདིར་བསླེབས་སྐབས་མཚོ་སྤང་ཀོང་དང་མཁར་རྫོང་ལར་ངེས་པར་དུ་འགྲོ་གི་རེད། ཕྱི་རྒྱལ་བ་ཚོ་མང་ཆེ་བ་དགོན་པར་འགྲོ་གི་རེད།
དྲི་བ། རྒན་ལགས་ལ་ད་ལྟའི་བར་ལོ་རྒྱུས་གཙོས་པའི་བརྩམས་ཆོས་ག་ཚོད་ཅིག་ཡོད་དམ། ད་ཆར་ཕྱག་ལས་གཙོ་བོ་ག་རེ་གནང་ཡོད།
ལན། ད་ལྟའི་བར་ང་རང་ཉིད་ཀྱིས་བརྩམས་པའི་ལོ་རྒྱུས་དང་ཆོས་འབྱུང་། ལ་དྭགས་ཀྱི་ཕྲུ་གུ་ཚོར་དམིགས་ཏེ་བརྩམས་པའི་སུམ་རྟགས་ཀྱི་དེབ་༼ནོར་བུའི་རྒྱན༽དང་། མི་མང་ལ་ནང་ཆོས་ངོ་སྤྲོད་ཆེད་བྲིས་པའི་༼ནང་པའི་རྒྱལ་པོ༽བཅས་དེབ་ ༡༥ ཡོད། དཔེ་དེབ་དག་གི་ཐོག་ནས་ང་ལ་ཇ་མུ་ཀ་ཤི་མུར་གཞུང་ནས་བྱ་དགའ་མང་པོ་རག་མྱོང་། ད་ཆར་དབུས་གཞུང་ནང་པའི་རིག་གནས་མཐོ་རིམ་སློབ་གྲྭའི་དགེ་རྒན་ཆེན་མོའི་མིང་ཐོག་ནས་རིག་གནས་དང་སྙན་ངག་འཁྲིད་ཀྱི་ཡོད་། ཞོར་དུ་སྐུའི་གསུང་བསྒྱུར་དང་། ཉེ་བའི་དུས་ནས་མཚན་ཉིད་ཀྱི་གཞུང་ལས། བསྡུས་གྲྭ་དང་བློ་རིག རྟགས་རིག་བཅས་བོད་ཡིག་ནས་ཧིན་རྡུའི་སྐད་ཐོག་སྒྱུར་བཞིན་ཡོད། ཐར་ལམ་གསལ་བྱེད་ཀྱི་ལེའུ་གཉིས་བསྒྱུར་ཚར་ཏེ་ཞུ་དག་གཏོང་གི་ཡོད། ལེའུ་གཞན་གཉིས་སྒྱུར་བཞིན་པ་ཡིན། གཞན། རང་ཉིད་ཀྱི་ལས་ཀའི་ཞོར་དུ་ང་ཚོ་ཁག་ཅིག་གིས་བོད་ཡིག་ཇ་མུ་ཀ་ཤི་མུར་གྱི་སློབ་ཚན་ནང་འཇོག་རྒྱུར་འབད་བརྩོན་བྱེད་བཞིན་ཡོད། ད་ལྟ་འཛིན་རིམ་བརྒྱད་པ་བར་སློབ་ཚན་བཟོས་ཡོད། ལ་དྭགས་ཀྱི་མཁས་པ་ཚོ་དང་བགྲོ་གླེང་མང་པོ་འཚོགས་ཀྱི་ཡོད། ང་ཚོ་དཀའ་ངལ་ཞིག་ཡོད་པ་དེ། ལ་དྭགས་ཀྱི་བླ་སྤྲུལ་ཁག་ཅིག་གིས། ལ་དྭགས་ཀྱི་སྒྲ་གདངས་གང་ཐོན་པ་ལྟར་ཡི་གེ་བསྒྲིག་དགོས་པ་རེད། ཐོན་མི་སམ་བྷོ་ཊའི་བརྡ་སྤྲོད་ཀྱི་གཞུང་ལ་བསྟུན་དགོས་པ་མ་རེད་ཅེས་དེབ་ཁ་ཤས་སྤེལ་ཡོད་པ་རེད། དེར་སྐུ་མདུན་གྱིས་སྔོན་མ་དགག་པ་སྐྱོན་གནང་བ་རེད། དེ་མ་གཏོགས་ང་ཚོས་གཞོན་སྐྱེས་ཚོར་སྦྱོང་བརྡར་ཡག་པོ་སྤྲོད་ཀྱི་ཡོད།
གསར་འགོད་པ་དོན་གོས་ལ་དྭགས་ཀྱི་རྒྱལ་ས་སླེ་ནས།