ལྷོ་ཨེ་ཤ་ཡའི་ས་ཁུལ་མཉམ་འབྲེལ་ལྷན་ཚོགས་ཀྱི་འཐུས་མིའི་རྒྱལ་ཁབ་ཚོའི་བར་རང་དབང་ཚོང་འབྲེལ་བྱེད་པར་གྲོས་བསྡུར་བྱས་ཡོད་འདུག
ཟླ་འདིའི་ཚེས་ ༢༢ དང་ ༢༣ ཉིན་གཉིས་རིང་འབྲུག་གི་རྒྱལ་ས་ཐིམ་ཕུག་ཏུ་ལྷོ་ཨེ་ཤ་ཡའི་རང་དབང་ཚོང་འབྲེལ་ས་ཁུལ་ (SAFTA) ཀྱི་ཆེད་མཁས་ཚོགས་ཆུང་གིས་ཚོགས་འདུ་ཐེངས་དགུ་པ་ཚོགས་ཏེ།Â ལྷོ་ཨེ་ཤ་ཡའི་ས་ཁུལ་མཉམ་འབྲེལ་ལྷན་ཚོགས་ (SAARC) ཀྱི་འཐུས་མི་རྒྱ་གར་དང་འབྲུག བལ་ཡུལ། པ་ཀི་སི་ཐན། ཨབ་གྷན། སིང་གྷ་ལ་ (Sri Lanka)། བྷང་ག་ལ། མལ་ཌེབ་སི་ (Maldives) བཅས་ཀྱི་བར་ཚོང་ཟོག་ཕྱིར་གཏོང་དང་ནང་འདྲེན་གྱི་དཔྱ་ཁྲལ་ཆག་ཡང་གཏོང་ཕྱོགས་དང་། ཚོང་ཟོག་སྐྱེལ་འདྲེན་གྱི་སྒྲིག་གཞི་དང་མྱུར་ཚད། ཞབས་ཞུ་བཅས་ཀྱི་སྐོར་ལ་གྲོས་བསྡུར་བྱས་ཡོད་འདུག
ཐེངས་འདིར་ཚོང་ལས་ཆེད་མཁས་པ་ཚོས་བཏོན་པའི་གྲོས་གཞི་ཁག སང་ཉིན་ནས་ཉིན་གཉིས་རིང་འབྲུག་གི་རྒྱལ་སར་ལྷོ་ཨེ་ཤ་ཡའི་རང་དབང་ཚོང་འབྲེལ་ས་ཁུལ་གྱི་བློན་ཆེན་ལྷན་ཚོགས་ཀྱི་ཚོགས་འདུ་ཐེངས་ ༨ ཞེས་པའི་སྟེང་གྲོས་བསྡུར་བྱས་ཏེ། ལྷོ་ཨེ་ཤ་ཡའི་རྒྱལ་ཁབ་ཁག་གི་བར་དཔལ་འབྱོར་ཚོང་འབྲེལ་གཅིག་གྱུར་གྱི་ལམ་ཕྱོགས་ཤུགས་ཆེ་རུ་བཏང་ནས་མི་མང་གི་བདེ་དོན་དང་འཚོ་བའི་མཐུན་རྐྱེན་གོང་འཕེལ་གཏོང་རྒྱུ་ཡིན་འདུག
གནད་དོན་འདིའི་ཐད་ལྷོ་ཨེ་ཤ་ཡའི་ས་ཁུལ་མཉམ་འབྲེལ་ལྷན་ཚོགས་ཀྱི་དྲུང་ཆེ་ཨར་ཇོན་བྷ་ཧྰ་ཊོར་ (Arjun Bahadur Thapa) ལགས་ཀྱིས་གསར་འགོད་པར། ས་ཁུལ་གཅིག་གྱུར་གྱི་རྒྱལ་ཁབ་ཚང་མས་ཚོང་འབྲེལ་དང་མ་རྩ་འཛུགས་འཇོག་དང་། འཛུགས་སྐྲུན་སོགས་ལ་མཉམ་འབྲེལ་བྱས་ཀྱིས་ས་ཁུལ་རིམ་པའི་དཔལ་འབྱོར་ཡར་རྒྱས་གཏོང་དགོས་སྟབས། འཐུས་མིའི་རྒྱལ་ཁབ་ཁག་གིས་རང་དབང་ཚོང་ལས་ཀྱི་ས་ཁུལ་རྒྱ་སྐྱེད་གཏོང་བར་གལ་ཆེན་ཡིན་སྐོར་བརྗོད་འདུག
ལྷོ་ཨེ་ཤ་ཡའི་རང་དབང་ཚོང་འབྲེལ་ས་ཁུལ་ (SAFTA) འདི། ༢༠༠༤ ལོའི་ཟླ་ ༡ ཚེས་ ༦ ཉིན་ལྷོ་ཨེ་ཤ་ཡའི་ས་ཁུལ་མཉམ་འབྲེལ་ལྷན་ཚོགས་ཀྱི་ཚོགས་ཆེན་ཐེངས་ ༡༢ པའི་སྟེང་གྲོས་མཐུན་བྱུང་སྟེ། འཐུས་མིའི་རྒྱལ་ཁབ་ཁག་གི་ཕྱི་སྲིད་བློན་ཆེན་ཚོས་གྲོས་ཆོད་ལ་མིང་རྟགས་བཀོད་ནས་རྒྱལ་ཁབ་ཕན་ཚུན་བར་གྱི་ཚོང་འབྲེལ་དང་དཔལ་འབྱོར་མཉམ་འབྲེལ་བྱེད་ཆེད་དུ་དམིགས་པ་ཞིག་ཡིན་འདུག་ལ། ༢༠༡༦ ལོའི་བར་འཐུས་མིའི་རྒྱལ་ཁབ་ཚོའི་བར་ཚོང་ཟོག་གི་དཔྱ་ཁྲལ་མེད་པ་བཟོས་ཏེ་རང་དབང་ཚོང་ལས་འོག་མི་མང་ཐེར་འབུམ་ ༡།༦ ཙམ་གྱི་འཚོ་གནས་ཡར་རྒྱས་གཏོང་རྒྱུའི་འཆར་གཞི་ཡོད་འདུག
ÃÃÂ གསར་འགོད་པ། ལྷ་སྐྱབས་རྒྱལ།