ཞྭ་དམར་རིན་པོ་ཆེ་མཆོག་དགོངས་པ་རྫོགས་རྗེས་ཁོང་གི་རྗེས་འཇུག་དད་ལྡན་པ་ཚོས་དཀའ་རྙོག་མང་པོ་བརྒྱུད་རྒྱ་གར་དང་འབྲུག་གི་ཆོས་སྒར་ཁག་བརྒྱུད་བལ་ཡུལ་ནང་གདན་འདྲེན་ཞུས་ཏེ་ཞུགས་འབུལ་ཞུས་ཡོད་འདུག
ཟླ་སྔོན་མའི་ཕྱི་ཚེས་ ༢༩ ཉིན་བལ་གཞུང་གིས་ཞྭ་དམར་རིན་པོ་མཆོག་གི་སྐུ་ཕུང་བལ་ཡུལ་ནང་གདན་ཞུ་ཆོག་པའི་བཀའ་འཁྲོལ་ཐོབ་པ་ལྟར། ཉིན་རྒྱབ་འབྲུག་གི་དམིགས་བསལ་གནམ་གྲུ་ཞིག་གིས་ཁོང་གི་སྐུ་ཕུང་རྒྱ་གར་ཀ་ལོན་སྤུག་ཌིཝཱཀར་ (Shri Diwakar) དགོན་པ་ནས་ལྡི་ལི་བརྒྱུད་བལ་ཡུལ་གནམ་ཐང་དུ་བསྐྱལ་ཡོད་དང་། དེ་ནས་སེར་སྐྱ་མི་མང་སྟོང་ཕྲག་མང་པོས་གདུང་བསུ་དང་བཅས་ཁོང་གིས་ཕྱག་བཏབ་པའི་མ་དགོན་ཤར་མི་ནུབ་དགོན་ཆེན་དུ་གདན་འདྲེན་ཞུས་ཏེ་ཆོས་ཕྱོགས་ཀྱི་བྱེད་སྒོ་སྣ་ཚོགས་གྲུབ་རྗེས། ཚེས་ ༣༡ སྟེ་ཆོས་འཁོར་དུས་ཆེན་ཉིན་ཁོང་སྐུ་གཤེགས་ནས་དགུང་ཞག་ཞེ་དགུ་ཚང་བ་བཅས་དང་བསྟུན་ཏེ། ཁོང་གིས་ངོས་འཛིན་གནང་བའི་ཀརྨ་པ་མཐའ་ཡས་རྡོ་རྗེ་དབུ་བཞུགས་ཐོག་མ་དགོན་མི་ནུབ་དགོན་ཆེན་དུ་སྐུ་ཕུང་ཞུགས་འབུལ་གནང་ཡོད་འདུག
སྐུ་ཕུང་བཞུགས་འབུལ་སྐབས་བལ་ཡུལ་ནང་ཡོད་པའི་ཐའེ་ལན་ཌིའི་གཞུང་ཚབ་ཆེན་མོ་སྐུ་ཞབས་ཀན་ཐོང་ (Kanthong Unakul)དང་། འབྲུག་རྒྱལ་པོའི་དབུ་བླ། དེ་བཞིན། བལ་ཡུལ་གྱི་བརྡ་འཕྲིན་བློན་ཆེན་མེ་ནེན་ཌི་ར་ (Dr Minendra Rijal)དང་ངལ་རྩོལ་བློན་ཆེན་ཊེ་ཁུ་བྷ་ཧཱ་ཊོར་ (Tek Bahadur Gurung)། བཀའ་རྒྱུད་པའི་བླ་ཆེན་ཁག་ཅིག་དང་ཆོས་རྒྱུད་གཞན་གྱི་སྐུ་ཚབ་བཅས་ཕེབས་ཡོད་པ་མ་ཟད། བལ་ཡུལ་གྱི་དད་ལྡན་རྗེས་མཇུག་པ་གཙོས་ཨ་རི་དང་འཇར་མན། དབྱིན་ཡུལ། རྒྱ་དཀར་ནག འབྲུག སིང་གྷ་ལ། སེང་གྷ་པུར། འབར་མ། ཐའེ་ལན་ཌི་བཅས་ནས་ཕེབས་པའི་དད་ལྡན་རྗེས་འཇུག་པ་ ༢༠༠༠༠ ལྷག་འཛོམས་ཡོད་འདུག
ཉིན་དེར་འབྲུག་གི་པད་རོབ་ (Paro) རྫོང་དུ་འབྲུག་གི་རྒྱལ་པོ་འཇིགས་མེད་གེ་སར་རྣམ་རྒྱལ་དབང་ཕྱུག་མཆོག་དང་བཙུན་མོ་རྗེ་བཙུན་པདྨ་མཆོག་རྣམ་གཉིས་ཀྱིས་ཀྱང་ཞྭ་དམར་རིན་པོ་མཆོག་ལ་ཆོས་ཕྱོགས་ཀྱི་མཛད་སྒོ་ཚོགས་ཏེ་སྐུ་པར་ལ་མཆོད་མཇལ་དང་ཁ་བཏགས་སྒྲོན་འབུལ་གནང་ཡོད་ཅིང་། གསར་འགྱུར་རྒྱུད་ལམ་ཁག་ཏུ། དེ་ནི་འབྲུག་གི་རྒྱལ་པོ་ཟུར་བ་འཇིགས་མེད་སེང་གེ་དབང་ཕྱུག་མཆོག་དང་ཞྭ་དམར་རིན་པོ་གཉིས་བར་ཆོས་ཕྱོགས་ཀྱི་འབྲེལ་ལམ་དམ་ཟབ་ཡོད་པ་མཚོན་ཆེད་ཡིན་སྐོར་བརྗོད་འདུག
ཟླ་སྔོན་མའི་ཟླ་མགོར་བལ་གཞུང་གིས་ཞྭ་དམར་རིན་པོ་ཆེའི་སྐུ་ཕུང་བལ་ཡུལ་ནང་ཞུགས་གདན་ཞུ་ཆོག་པའི་བཀའ་ཁྲོལ་གནང་ཡོད་ཀྱང་། རྗེས་སུ་ཁོང་གི་ཡིག་ཆར་རྟོག་ཞིབ་བྱས་པ་བརྒྱུད། ཞྭ་དམར་རིན་པོ་ཆེ་མཆོག་གིས་འབྲུག་གི་མི་སེར་གྱི་ཕྱི་སྐྱོད་ལག་ཁྱེར་བསྣམས་ཡོད་པ་ཤེས་རྟོགས་བྱུང་སྟེ། ཚེས་ ༡༣ ཉིན་བལ་གཞུང་གིས་ལྡི་ལིར་ཡོད་པའི་བལ་ཡུལ་གཞུང་ཚབ་ཁང་བརྒྱུད་ཕྱི་རྒྱལ་མི་རིགས་ཀྱི་སྐུ་ཕུང་བལ་ཡུལ་ནང་ཞུགས་འབུལ་ཆེད་འཁྱེར་ཡོང་མི་ཆོག་སྐོར་བརྗོད་དེ་བཀའ་ཁྲོལ་ཕྱིར་བསྡུ་བྱས་ཡོད་པ་མ་ཟད། བལ་ཡུལ་ནང་ཁོང་གི་ཆེད་དུ་ཆོས་ཀྱི་བྱེད་སྒོ་སོགས་ཀྱང་སྤེལ་མི་ཆོག་པའི་བཀའ་བཏང་ཡོད་སྟབས། རྒྱལ་སྤྱིའི་གསར་ལམ་ཁག་ནང་བལ་ཡུལ་གཞུང་གི་ཐག་གཅོད་དེར་སྐྱོན་བརྗོད་དང་། དེ་ནི་རྒྱ་ནག་གཞུང་གི་གནོན་ཤུགས་ལ་བལ་ཡུལ་གྱིས་དང་ལེན་བྱས་པ་ཡིན་སྐོར་སོགས་བརྗོད་ཡོད།
ཟླ་སྔོན་མའི་ཚེས་ ༢༩ ཉིན་གྱི་ཞོགས་པར་བལ་ཡུལ་བརྡ་འཕྲིན་བློན་ཆེན་མེ་ནེན་ཌི་ར་ (Dr Minendra Rijal) ལགས་ཀྱི་གསར་འགོད་པར། དད་ལྡན་མི་མང་གི་རེ་འདོད་ལྟར། ཁོང་ཚོས་ཕྱི་རྒྱལ་མི་རིགས་ཀྱི་སྐུ་ཕུང་ཞུགས་འབུལ་བལ་ཡུལ་ནང་ཆོག་པའི་སྲིད་བྱུས་གསར་བ་གཏན་འབེབས་བྱས་མཐར། འབྲུག་ཡུལ་གྱི་མི་སེར་ཡིན་པའི་རིན་པོ་ཆེ་མཆོག་གི་སྐུ་ཕུང་བལ་ཡུལ་ནང་ཞུགས་འབུལ་བྱེད་པའི་ཆོག་མཆན་སྤྲད་ཡིན་ཚུལ་བརྗོད་འདུག
གཞུང་གི་ཐག་གཅོད་ཀྱི་ཐད་བལ་ཡུལ་སྤྱི་ཚོགས་ལས་འགུལ་པ་སྐུ་ཞབས་ར་མེ་ཞི་ ( Dr Ramesh Dhungel)ལགས་ཀྱིས་གསར་འགོད་པར། “སྲིད་གཞུང་གིས་རིན་པོ་མཆོག་གི་སྐུ་ཕུང་བལ་ཡུལ་ནང་གདན་འདྲེན་ཞུའི་ཆོག་མཆན་མ་སྤྲད་པ་ཡིན་ན། བལ་ཡུལ་མི་མང་གིས་གཞུང་ལ་ངོ་རྒོལ་བྱེད་སྲིད་པ་མ་ཟད། འགག་རྩ་དེ་རྒྱ་ནག་ལ་ཐུག་ཡོད་པའི་ངོས་འཛིན་ཐོག་རྒྱ་ནག་ལའང་ངོ་རྒོལ་བྱེད་སྲིད་པར་ཞེད་སྣང་སྐྱེས་ཏེ་ཆོག་མཆན་སྤྲད་པ་རེད” ཅེས་བརྗོད་འདུག ཞྭ་དམར་པའི་དགེ་རྩ་ཚོགས་པའི་སྐུ་ཕུང་ཞུགས་འབུལ་གོ་སྒྲིག་པ་ཚེ་རིང་དོན་གྲུབ་ལགས་ཀྱིས། རིན་པོ་ཆེ་མཆོག་གིས་སྐུ་ཕུང་ཞུགས་འབུལ་གནང་ཡུལ་བལ་ཡུལ་བདམས་པ་ལྟར། བལ་ཡུལ་གཞུང་གིས་བསམ་ཤེས་ཀྱི་ཐོག་ནས་ཆོག་མཆན་གནང་བར་དགའ་བོ་བྱུང་སོང་ཞེས་བརྗོད་འདུག
ཚེས་ ༡༤ཉིན་ཀརྨ་པ་རྒྱལ་སྤྱིའི་ནང་པའི་ལྷན་ཚོགས་ (KIBI) གཙོས་བལ་ཡུལ་གྱི་གནད་ཡོད་མི་སྣ་ཁག་ཅིག་དང་དད་ལྡན་མི་མང་གིས་བལ་ཡུལ་གཞུང་དང་བལ་ཡུལ་གྱི་སྲིད་བློན་སོ་ཤེལ་ཀོ་རེ་ལཱ་ ( Susshil Koirala) ལ་སྙན་ཞུ་ཕུལ་སྟབས། ཚེས་ ༢༩ ཉིན་བལ་ཡུལ་གཞུང་གི་བློན་ཆེན་ལྷན་ཚོགས་ཀྱིས་དམིགས་བསལ་ཚོགས་འདུ་བསྐོངས་ཏེ། ཞྭ་དམར་རིན་པོ་ཆེ་མཆོག་གིས་བལ་ཡུལ་གྱི་ཆོས་དང་རིག་གཞུང་སོགས་ལ་ཞབས་འདེགས་རླབས་ཆེན་བསྒྲུབས་པའི་ངོས་འཛིན་དང་། ཁོང་འདས་ཁར་སྐུ་ཕུང་བལ་ཡུལ་ནང་ཞུགས་འབུལ་དགོས་པའི་ཁ་ཆེམས་བཞག་ཡོད་པ་བཅས་ལ་བརྟེན་ཏེ། ཁོང་གི་སྐུ་ཕུང་བལ་ཡུལ་ནང་ཞུགས་འབུལ་ཆོག་པའི་བཀའ་ཁྲོལ་སྤྲད་པ་ཞིག་ཡིན་འདུག
དཔལ་རྒྱལ་བ་ཞྭ་དམར་པ་སྐུ་ཕྲེང་ ༡༤ མི་ཕམ་ཆོས་ཀྱི་བློ་གྲོས་རིན་པོ་མཆོག་ད་ལོའི་ཕྱི་ཟླ་ ༦ ཚེས་ ༡༡ ཉིན་གྱི་སྔ་དྲོར་འཇར་མན་དུ་གློ་བུར་དུ་མགུལ་སྙིང་གི་ཁྲག་རྩ་འགག་པའི་སྙུང་གཞིའི་འོག་དགོངས་པ་རྫོགས་ཡོད་པ་དང་། ཟླ་དེའི་ཚེས་ ༢༢ ཉིན་གྱི་ཞོགས་པར་སྐུ་ཕུང་ལྡི་ལིར་འབྱོར་ཏེ་ལྡི་ལིར་རྟེན་གཞི་བྱས་པའི་ཀརྨ་རྒྱལ་སྤྱིའི་ནང་པའི་ལྷན་ཚོགས་ཀྱི་བསྟི་གནས་སུ་གདན་འདྲེན་ཞུས་པ་དང་། ཟླ་ ༧ ཚེས་ ༡ ཉིན་ལྡི་ལི་ནས་ཀ་ལོན་སྤུག་ཌིཝཱཀར་ (Shri Diwakar) དགོན་པར་གདན་ཞུས། ཚེས་ ༢༩ ཉིན་བལ་ཡུལ་གཞུང་གི་ཆོག་མཆན་འོག་ཀ་ལོན་སྤུག་ནས་ལྡི་ལི་བརྒྱུད་བལ་ཡུལ་དུ་གདན་འདྲེན་ཞུས་ཡོད་འདུག
གསར་འགོད་པ། ལྷ་སྐྱབས་རྒྱལ།
དུས་བབ་འདོན་ཐེངས་སྔོན་མའི་ནང་ཀུན་གཟིགས་ཞྭ་དམར་རིན་པོ་ཆེ་མཆོག་གི་ སྐུ་གདུང་ཞུགས་འབུལ་སྐོར་གནས་ཚུལ་ཞིག་བཀོད་འདུག་ཀྱང་། དེའི་ནང་དོན་རྣམས་ཕྲན་གྱིས་ཞིབ་ཕྲ་ཀློག་སྐབས་གནས་ཚུལ་ཁ་ཤས་མ་མཁྱེན་པ་ཡིན་ནམ་མཁྱེན་ནས་མ་མཁྱེན་མདོག་མདོག་གནང་བ་ཡིན་ནམ། གང་ལྟར་བདེན་པ་མ་ཡིན་པའི་གནས་ཚུལ་ཁ་ཤས་ཁོད་ཡོད་པ་གསལ་པོ་འདུག གནས་ཚུལ་དངོས་བདེན་དེ་ཁ་གསལ་ཞུ་ན། སྐུ་གདུང་དེ་དང་པོ་ཀ་སྦུག་ན་ཡོད་བཞིན་པའི་སྐབས་ཞུགས་འབུལ་གྱི་ཆེད་བལ་གཞུང་ལ་ཆོག་མཆན་ཞུས་ཀྱང་། ཐོག་མར་ཆོག་མཆན་མ་གནང་བ་དང་རྗེས་སོར་ཆོག་མཆན་གནང་བས་མཚོན་སྲིད་དོན་གྱི་ཟློས་གར་སྣ་ཚོགས་ཤིག་བསྟན་ནའང་། ཐ་མ་གནང་གཏན་འཁེལ་བ་ལ་བརྟེན་ནས་ཀུན་གཟིགས་རིན་པོ་ཆེ་མཆོག་གི་སྐུ་གདུང་དེ་ཀ་སྦུག་ནས་འབྲུག་སྤ་རོ་དང་དེ་ནས་བལ་ཡུལ་དུ་གདན་འདྲེན་ཞུས་པ་ལས་དྷི་ལི་བརྒྱུད་ནས་གདན་ཞུ་བྱས་མེད་པ་ནི་གསལ་པོ་རེད། དེ་བཞིན་དུ་གནས་ཚུལ་གཞན་ཞིག་ལ་འབྲུག་རྒྱལ་ཁབ་ཀྱི་མི་དབང་ཆོས་རྒྱལ་ཆེན་པོ་འཇིགས་མེད་གེ་སར་རྣམ་རྒྱལ་དབང་ཕྱུག་མཆོག་དང་བཙུན་མོ་རྗེ་བཙུན་པདྨ་རྣམ་གཉིས་ཀྱིས་ཀྱང་ཞུགས་འབུལ་སྐབས་ཏེ། ཕྱི་ཚེས་ 31 ཉིན་སྐུ་པར་ལ་མཆོད་མཇལ་ཞུས་ལུགས་ཀྱི་གནས་ཚུལ་ཞིག་ཀྱང་བཀོད་འདུག་པ་དེའང་དངོས་བདེན་མ་ཡིན་ཏེ། དེ་ནི་ཕྱི་ཚེས་27 ནས་ 29 བར་བལ་གཞུང་ནས་ཆོག་མཆན་གཏན་འཁེལ་མ་བྱུང་རིང་སྐུ་གདུང་རིན་པོ་ཆེ་དེ་འབྲུག་སྤ་རོ་རྒྱལ་ཁང་ནང་དུ་འཇོག་གནང་དང་འབྲེལ་མཆོད་མཇལ་ཞུ་སྐབས་བསྒྲོན་པའི་སྐུ་པར་དེ་ཡིན། དེས་ན་གནས་ཚུལ་དེ་དག་ད་ཆ་གསལ་པོ་ཡོང་བའི་རེ་བ་ཡོད།
ཞྭ་དམར་རིན་པོ་ཆེ་མཆོག་གི་ཐུགས་དགོང་ཕྱག་རྒྱ་ཆེན་པོར་བསྟིམས་པ་ལ། སྨོན་ལམ་དད་གུས་དང་། ཁོང་དང་འབྲེལ་བའི་སློབ་འབངས་ཡོངས་ལ་མཉམ་དུ་གདུང་སེམས་མཉམ་ཁུར་ཞུ།
བལ་ཡུལ་གྱི་ཆོས་དང་རིགས་སོགས་ལ་ཞབས་འདེགས་རླབས་ཆེན་བསྒྲུབས་ཡོད་པ་སོང་ཙང་ཕུང་པོ་བལ་ཡུལ་ནང་ཁྱེར་མཁན་ཚོར་དཀའ་ངལ་དང་ལས་ཉོག་གི བྱ་དགའ་མང དག་ཅིག་སྤྲད་དེ་མཐའ་མ་སྐུ་ཕུང་བལ་ཡུལ་ནང་ཁྱེར ཏེ་མེར་བསྲེགས་བྱེད་བཅུག་ཚུལ་དུས ཚག་སྟེང་བཀོད་འདུག