སྡེ་དགེ་རྒྱལ་ཡོངས་ལྷན་ཚོགས་ཀྱིས་བསྒྲགས་གཏམ་སྤེལ་ཏེ། རྒྱ་གཞུང་གིས་འཛིན་བཟུང་བྱས་པའི་སྡེ་དཔོན་དང་མི་མང་ཀློད་གྲོལ་གཏོང་རྒྱུ་དང་ཤུག་པ་སྡེ་བའི་དམག་མི་ཕྱིར་འཐེན་བྱ་དགོས་ཚུལ་བརྗོད་འདུག
ཟླ་འདིའི་ཕྱི་ཚེས་ ༡༡ ཉིན་རྒྱ་གཞུང་གིས་སྡེ་དགེ་འདན་མར་དམག་མི་འགྲེམས་འཇོག་གིས་སྡེ་དཔོན་གཙོ་གཞོན་གཉིས་གཙོས་བོད་མི་ཁག་ཅིག་འཛིན་བཟུང་དང་། གང་བྱུང་བོད་མི་ཚོར་གཅར་རྡུང་དང་དྲག་གནོན་བྱས་རྗེས། བཙན་བྱོལ་ནང་ཡོད་པའི་སྡེ་དགེ་རྒྱལ་ཡོངས་ལྷན་ཚོགས་དབུས་སྤྱི་ཁྱབ་རྒྱུན་ལས་ཁང་གིས་རྒྱ་གཞུང་ལ་ངོ་རྒོལ་གྱི་བསྒྲགས་གཏམ་ཞིག་སྤེལ་ཡོད་འདུག བསྒྲགས་གཏམ་ནང་བོད་ས་ཁྱོན་ཡོངས་སུ་རང་དབང་དང་ཐོབ་ཐང་ཆེད་རང་ལུས་ཀྱང་མེར་བསྲེགས་བཞིན་པ་ནི། གུ་དོགས་དང་དྲག་གནོན་གྱི་བྱ་སྤྱོད་རྒྱུན་ཆད་ཀྱིན་མེད་པས་ཡིན། ༢༠༡༤།༨།༡༡ ཉིན་སྡེ་དགེ་འདན་མ་ཕྱོགས་ནས་སྡེ་དཔོན་དབང་གྲགས་ལགས་རང་ཁྱིམ་ནས་མཚན་ཆུ་ཚོད་ ༡༢ ཙམ་ལ་བཙན་ཁྲིད་བྱས་པ་དང་། ཚེས་ ༡༢ ཉིན་སྲིད་གཞུང་སྒོ་འགྲམ་དུ་མང་ཚོགས་ཀྱིས་ཁོང་ཀློད་གྲོལ་དགོས་པའི་མཐེ་བོང་གནམ་སློང་གི་ཞི་བའི་འབོད་སྐུལ་བྱས་པར་དུག་རླངས་དང་མེ་མདས་དྲག་གནོན་བྱས་ཏེ། དབང་གྲགས་ཀྱི་བུ་ཀུན་དགའ་ཤེས་རབ་དང་། སྤུན་མཆེད་བཟང་པོ་སོགས་བོད་མི་ ༡༠ ཙམ་ལ་རྨས་སྐྱོན་ཚབས་ཆེན་བཟོས་འདུག ད་དུང་སྡེ་དཔོན་གཞོན་པ་དབང་ཆེན་གཙོས་བོད་མི་ ༢༠ ཡན་མན་ཞིག་འཇུ་བཟུང་དང་། ཚེས་ ༡༣ ཉིན་ཤུག་པ་གྲོང་སྡེ་ཁྱོན་ཡོངས་དྲག་པོའི་དམག་གིས་བསྐོར་ཏེ། ད་ལྟ་མེ་མདའི་སོ་ཁ་ན་ཉེས་མེད་མང་ཚོགས་འ་ཆད་འུ་ཐུག་ངང་ལུས་འདུག་པར་སྡེ་དགེ་རྒྱལ་ཡོངས་ལྷན་ཚོགས་ཀྱི་ངོས་ནས་སེམས་ཚོར་ཆེན་པོའི་ཐོག་གདུང་སེམས་མཉམ་བསྐྱེད་ཞུ་བཞིན་ཡོད་ལ། སྐྱོ་གདུང་དང་དཀའ་སྡུག་ཇི་ཙམ་ཆེ་ནའང་བཟོད་བསྲན་དང་ཞི་བའི་ལམ་ནས་སེལ་ཐབས་ལས་བཟང་བ་མེད་པ་དྲན་གསོ་ཞུ་བཞིན་ཡོད། ཅེས་བཀོད་འདུག
བསྒྲགས་གཏམ་ནང་། རྒྱ་གཞུང་གིས་མི་རིགས་ས་གནས་རང་སྐྱོང་གི་བཅའ་ཁྲིམས་དོན་ཚན་ ༡༠ པར། རང་ཉིད་ཀྱི་ཡུལ་སྲོལ་གོམས་གཤིས་སྔར་མུས་འཛིན་པའམ་བསྒྱུར་བཅོས་བྱེད་པའི་རང་དབང་ཡོད་པར་འགན་སྲུང་བྱ་རྒྱུ་ཞེས་པ་དང་། དོན་ཚན་ ༡༡ པར། མི་རིགས་ཁག་གི་སྤྱི་དམངས་ལ་ཆོས་དད་རང་མོས་ཀྱི་རང་དབང་ཡོད་པར་འགན་སྲུང་བྱ་རྒྱུ་ཞེས་གཏན་འབེབས་དྲིལ་བསྒྲགས་བྱེད་བཞིན་ཡོད་ཀྱང་། ཚེས་ ༡༡ ཉིན་འདན་མའི་བསང་གསོལ་གྱི་ཆོས་ཕྱོགས་བྱེད་སྒོ་དང་རྟ་རྒྱུགས་འགྲན་བསྡུར་གྱི་སྲོལ་རྒྱུན་བྱེད་སྒོ་ཁག་ལ་སྲིད་གཞུང་གིས་དམ་དྲག་ཤུགས་ཆེར་བྱས་པར་མ་ཟད། ཤུག་པ་སྡེ་བའི་བྲོ་བ་དག་ལ་མཐོང་ཆུང་དང་བརྙས་བཅོས་བྱས་ཡོད། གོང་གསལ་གནས་ཚུལ་དག་ནི་འགྲོ་བ་མིའི་བཟང་སྤྱོད་ལས་ཡོངས་སུ་འདས་ཤིང་། རྒྱ་གཞུང་རང་ཉིད་ཀྱིས་གཏན་འབེབས་བྱས་པའི་བཅའ་ཁྲིམས་ལའང་འགལ་འཛོལ་བྱས་འདུག་པར་ཧ་ཅང་བློ་ཕམ་བྱུང་། ནམ་རྒྱུན་རྒྱ་ནག་གི་སྲིད་འཛིན་ཞི་ཅིང་ཕིན་གྱིས་གཙོས་དཔོན་རིགས་ཚོས་སྤྱི་ཚོགས་འཆམ་མཐུན་ཡར་སྐུལ་ཞེས་ཤུགས་ཀྱིས་སྒྲོགས་བཞིན་ཡོད་པ་དག་འདྲ་མཉམ་གྱི་ལྟ་བ་དང་། ཞི་མོལ་གྱི་ལམ་ནས་ཡོང་དགོས་པ་ཞིག་ལས་དེ་དག་ལས་ལྡོག་ཚེ། མ་འོངས་པའི་འཇིག་ཉེན་ནི་ཁ་ཙམ་གྱིས་ཐག་གཅོད་ཐུབ་པ་ཞིག་གཏན་ནས་མིན་པས། གཤམ་གསལ་འབོད་བསྐུལ་དག་སྐབས་འཕྲལ་ལག་བསྟར་མ་བྱས་ཚེ། འདན་མའི་ཡུལ་ཕྱོགས་འདིར་མཚོན་ན་ཞིང་ཆེན་གསུམ་དང་། རྫོང་ཁག་བཞིའི་མི་མང་འཚོ་སྡོད་བྱས་ཡོད་པས་འུ་ཐུག་ཐབས་ཟད་ཀྱི་གནས་སུ་གྱར་བཞིན་པ་འདི་དག་གི་མཇུག་འབྲས་ཅི་ཡོང་ཚོད་དཔག་དཀའ་བ་ཞིག་ཡིན་སྟབས། དེའི་འགན་ཚང་མ་ས་གནས་སྲིད་གཞུང་དང་རྒྱ་ནག་གཞུང་གི་ལས་བྱེད་ཚོས་ཁུར་དགོས། ཞེས་བཀོད་ཡོད་འདུག
ཐེངས་འདིར་སྡེ་དགེ་རྒྱལ་ཡོངས་ལྷན་ཚོགས་ཀྱིས་རྒྱ་གཞུང་ལ། དང་པོ༽ སྡེ་དཔོན་རྒན་གཞོན་གཙོས་འཇུ་བཟུང་བྱས་པ་རྣམས་ཆ་རྐྱེན་མེད་པའི་ཐོག་འཕྲལ་དུ་ཀློད་གྲོལ་དགོས་རྒྱུ་དང་། གཉིས་པ༽ ཤུག་པ་སྡེ་བའི་ནང་ཡོད་པའི་དམག་མི་རྣམས་འཕྲལ་དུ་ཕྱིར་འཐེན་གནང་རྒྱུ། གསུམ་པ༽ རྨས་མ་རྣམས་ལ་གཡས་ཁག་གཡོན་དཀྲི་མེད་པར་དུས་ཐོག་སྨན་བཅོས་གང་ལེགས་བྱ་དགོས་པ་བཅས་ཀྱིས་འབོད་སྐུལ་གནང་ཡོད་པ་མ་ཟད། རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་གཙོས་དྲང་བདེན་དང་ཞི་བདེར་དགའ་བའི་འཛམ་གླིང་རྒྱལ་ཁབ་ཁག་དང་། ཚོགས་པ། དེ་བཞིན་མི་མང་ཡོངས་ཀྱིས་སྡེ་དགེ་འདན་མའི་ཛ་དྲག་དཀའ་སྡུག་འཕྲལ་དུ་སེལ་ཐབས་སུ་སྒོ་ཀུན་ནས་རྒྱབ་སྐྱོར་དང་ནུས་པ་འདོན་རྒྱུའི་འབོད་སྐུལ་གནང་འདུག
གསར་འགོད་པ། དོན་གོ
བཙན་བྱོལ་ཁྲོད་ཚོགས་པ་བྱེ་བྲག་པ་ཞིག་བོད་སྤྱི་དོན་དུ་སྐད་བཤད་པ་ཉུང་ཉུང་རེ།ོ