ཉེ་སྔོན་རྒྱ་ནག་ཨན་ཝེ་ཞིང་ཆེན་གྱི་སྲིད་གཞུང་གི་འཁྲུས་རྫིང་ཞིག་ལ་འབག་བཙོག་ཤོར་ཏེ། བྱིས་པ་ ༢༠༠ ཙམ་ལ་ན་ཚ་ཕོཊ་ཡོད་པ་དང་། ནད་པའི་ཁྱིམ་མི་ཚོར་ཉེན་རྟོག་པས་འཛིན་བཟུང་གཅར་རྡུང་བཏང་ཡོད་འདུག
རྒྱ་ནག་ཨན་ཝེ་ཞིང་ཆེན་ཁྲི་ཀྲུའུ་གྲོང་ཁྱེར་གྱི་སྲིད་གཞུང་གི་འཁྲུས་རྫིང་ཞིག་ཏུ་འཁྲུས་རྫིང་ཚ་ནད་ཅེས་པའི་འགོས་ནད་ཅིག་ཁྱབ་སྟེ། རྫིང་བུ་དེའི་ནང་ཆུ་བསྐྱལ་བྱས་པའི་བྱིས་པ་ ༢༠༠ ཙམ་ལ་ཚ་བ་འབར་བ་དང་། མགྲིན་པ་སྐྲངས་ནས་དབུགས་ལམ་འགག་པའི་ན་ཚ་ཞིག་བྱུང་སྟེ། བྱིས་པ་མང་པོ་སྨན་ཁང་དུ་བསྐྱལ་ཡོད་པ་དང་། ནད་པའི་ཁྱིམ་མི་མང་པོ་ས་གནས་སྲིད་གཞུང་ལ་གནས་ཚུལ་ཡར་ཞུ་བྱེད་དུ་ཐེངས་མང་ཕྱིན་ཡོད་ཀྱང་། གནད་དོན་ཅི་ཡིན་གྱི་ཐག་གཅོད་གང་ཡང་བྱས་མེད་སྟབས། ཟླ་འདིའི་ཕྱི་ཚེས་ ༡༨ ཉིན་ནད་པའི་ཁྱིམ་མི་ ༡༠༠ ལྷག་ས་གནས་སྲིད་གཞུང་གི་སྒོ་ཁར་འཛོམས་ཏེ། ཁྲིམས་ལྟར་གནད་དོན་ཐག་གཅོད་དགོས་པའི་རེ་སྐུལ་བྱེད་སྐབས། སྤྱི་ཚོགས་བརྟན་ལྷིང་ལ་ཁ་གཡར་ཏེ་དྲག་ཆས་ཉེན་རྟོག་པས་མི་མང་ལ་གང་བྱུང་གཅར་རྡུང་བཏང་ནས་རྨས་སྐྱོན་བཟོས་ཡོད་པ་མ་ཟད། མི་ ༣ འཛིན་བཟུང་བྱས་ཡོད་འདུག
ཁྲི་ཀྲུའུ་གྲོང་ཁྱེར་གྱི་མི་ཞིག་གིས་དྲ་ཐོག་ཏུ། དྲག་ཆས་ཉེན་རྟོག་པས་ཡུལ་མི་འཛིན་བཟུང་བྱས་ཏེ་རླངས་འཁོར་ནང་བཅུག་རྗེས། མི་གཅིག་རེར་དྲག་ཆས་ཉེན་རྟོག་པ་ ༧ ཙམ་གྱིས་རུབ་བརྒྱབ་ཏེ་གཅར་རྡུང་བཏང་ཡོད་པ་དང་། ཁྲི་ཀྲུའུ་གྲོང་ཁྱེར་དྲག་ཆས་ཉེན་རྟོག་པ་ཚོས་ལག་ཏུ་མཚོན་ཆ་གང་ཡང་མེད་པའི་མི་མང་ལ་བརྙས་བཅོས་བྱས་ཀྱང་། གནས་ལུགས་བཤད་ས་མེད་སྐོར་བརྗོད་འདུག
རྒྱ་ནག་གསར་འགྱུར་དྲ་བའི་ཐོག རྫིང་བུ་དེ་འདི་ལོའི་ཕྱི་ཟླ་ ༧ ཚེས་ ༡ ཉིན་གསར་དུ་སྒོ་ཕྱེས་པ་དང་། ཟླ་འདིའི་ཟླ་མགོར་ཆུ་ལ་འབག་བཙོག་ཤོར་ཏེ་འཁྲུས་རྫིང་ཚ་ནད་ཅེས་པའི་ན་ཚ་ཞིག་འགོས་ཡོད་ཅིང་། ན་ཚའི་འབྱུང་རྐྱེན་ནི་ན་ཚ་དེ་རིགས་ཕོགས་པའི་ནད་པ་དྲག་སྐྱེད་མ་བྱུང་གོང་རྫིང་བུའི་ནང་ཆུ་བསྐྱལ་བརྒྱབ་པ་དང་། རྫིང་ཆུའི་སྤུས་ཚད་ཞན་པ་བཅས་ཀྱིས་ཡིན་ལུགས་དང་། འདས་པའི་ཉིན་ ༥ ཙམ་གྱི་ནང་ཚ་ན་དེ་འགོས་བ་མང་ཆེ་ཤོས་ལོ་ན་ ༤ ནས་༩ བར་གྱི་བྱིས་པ་ཡིན་ལ། ད་ལྟའི་ཆར་སྨན་ཁང་དུ་བསྡད་ནས་སྨན་བཅོས་བྱེད་བཞིན་པ་ནད་པ་ ༦༦ ཡོད་ཀྱང་། ནད་པ་ཚབས་ཆེན་མེད་སྐོར་དང་། ཟླ་འདིའི་ཕྱི་ཚེས་ ༡༡ ཉིན་འཁྲུས་རྫིང་དེ་གནས་སྐབས་སུ་སྒོ་བརྒྱབ་ཡོད་ལུགས་བསྒྲགས་འདུག
གསར་འགོད་པ། པདྨ་མཚོ།