དེ་རིང་དྷ་རམ་ས་ལའི་ནང་བསྟན་སྲི་ཞུ་ཁང་དབུ་བརྙེས་ཏེ་ལོ་གསུམ་འཁོར་བའི་མཛད་སྒོའི་སྟེང་། སྐད་ཡིག་དང་འབྲེལ་བའི་དཔེ་དེབ་ཁག་ཅིག་དབུ་འབྱེད་དང་བརྗོད་གཞི་འདྲ་མིན་ཐོག་གཏམ་བཤད། ཚོགས་པའི་འགན་འཛིན་གྱིས་ནང་བསྟན་སྲི་ཞུ་ཁང་གིས་བཀའ་བསྟན་གཉིས་ཞུ་དག་གཏོང་གི་མེད་པར་གྲ་སྒྲིག་བྱེད་ཀྱིན་ཡོད་སྐོར་བརྗོད་སོང་།
དེ་རིང་ཞོགས་པའི་ཆུ་ཚོད་ ༡༠།༠༠ སྟེང་དྷ་རམ་ས་ལའི་ནང་བསྟན་ཤེས་ཡོན་སྲི་ཞུ་ཁང་གི་ཚོགས་ཁང་དུ་ཚོགས་པ་དེ་ཉིད་དབུ་བརྙེས་ཏེ་ལོ་གསུམ་འཁོར་བའི་དུས་དྲན་མཛད་སྒོ་དང་བསྟུན་ཏེ་བགྲོ་གླེང་ཞིག་ཚོགས་སོང་ལ། དེར་སྐུ་མགྲོན་གཙོ་བོ་བོད་མིའི་སྒྲིག་འཛུགས་ཤེས་རིག་ལས་ཁུངས་ཀྱི་དྲུང་ཆེ་དངོས་འགྲུབ་ཚེ་རིང་ལགས་དང་བོད་ཀྱི་དཔེ་མཛོད་ཁང་གི་འགན་འཛིན་དགེ་བཤེས་ལྷག་རྡོར་ལགས། བོད་ཀྱི་བརྡ་འཕྲིན་ཞིབ་འཇུག་ཁང་གི་འགན་འཛིན་དགེ་བཤེས་བློ་བཟང་སྨོན་ལམ་ལགས་གཙོས་ཤེས་ཡོན་པ་དང་སྲི་ཞུ་ཁང་གི་ལས་བྱེད་བཅས་མི་ ༩༠ ལྷག་འཛོམས་སོང་།
མཛད་སྒོའི་སྔོན་འགྲོའི་ལས་རིམ་ཁག་གྲུབ་རྗེས། སྐུ་མགྲོན་རྣམ་པ་གསུམ་གྱིས་ནང་བསྟན་སྲི་ཞུ་ཁང་གིས་བཏོན་པའི་དཔེ་དེབ་༼སློབ་ཁྲིད་ཐབས་ལམ་ལག་དེབ་དང་ཁྲིད་ཆས་༽དང་༼ཡིག་རྨོངས་སེལ་བའི་ཐབས་ལམ༽། ནང་བསྟན་སྲི་ཞུ་ཁང་གི་སྡེ་ཚན་གསར་པ་༼དགེ་རྒན་འོས་སྦྱོང་འཛིན་གྲྭ་༽དང་༼སྒྲ་སྒྱུར་སློབ་གླིང་༽།༼ཕ་སྐད་གཙང་མའི་ཇ་ཁང་༽སོགས་དབུ་འབྱེད་དང་འབྲེལ། སྲི་ཞུ་ཁང་ནས་དགེ་རྒན་འོས་སྦྱོང་སློབ་མཐར་ཕྱིན་པའི་སློབ་ཕྲུག་རྣམས་ལ་ལག་འཁྱེར་གནང་རྗེས། འགན་འཛིན་ངག་དབང་འཕྲིན་ལས་ལགས་ཀྱིས་ལས་དོན་ངོ་སྤྲོད་གནང་དོན། དེ་རིང་ནང་བསྟན་སྲི་ཞུ་ཁང་བཙུགས་ནས་ལོ་གསུམ་འཁོར་བའི་དུས་དྲན་ཞིག་ཆགས་ཡོད། ང་ཚོས་དུས་དྲན་དང་བསྟུན་ཏེ་ཕ་སྐད་གཙང་མའི་ཇ་ཁང་ཞིག་དབུ་འབྱེད་བྱས་ཏེ། ཇ་ཁང་ནང་ཇ་འཐུང་ན་རིན་མེད་ཡིན་ཡང་བོད་སྐད་མ་ཡིན་པའི་ཚིག་གཅིག་ཤོར་ན་ཇ་རིན་སྤྲོད་དགོས་ཀྱི་ཡོད་པ་དང་། དེ་ནི་དྷ་རམ་ས་ལའི་སྤྱི་ཚོགས་ནང་སོ་སོས་ཕ་སྐད་ཐོག་བསམ་བློ་གཏོང་ཐུབ་པར་དམིགས་པ་ཡིན། ཅེས་བརྗོད་སོང་།
ངག་དབང་འཕྲིན་ལས་ལགས་ཀྱིས་མུ་མཐུད་དུ་བརྗོད་དོན། དང་པོ་ཚོགས་པའི་མིང་ལ་ནང་བསྟན་སྲི་ཞུ་ཁང་བཏགས་སྟབས་དེང་སང་མི་མང་པོ་ཞིག་གིས་ཁ་སྐད་སློབ་གྲྭ་ཞིག་ལ་མིང་རྫིག་པོ་དེ་འདྲ་འདོགས་དགོས་དོན་གང་ཡིན་འདྲི་བཞིན་འདུག ཡིན་ནའང་། ང་ཚོས་ཚོགས་པ་འདི་ཐོག་མར་འཛུགས་དུས་སངས་རྒྱས་བསྟན་པ་འཛམ་གླིང་སྤྱི་ལ་ཁྱབ་ཐུབ་པའི་དམིགས་ཡུལ་བཟུང་བ་གཙོ་བོ་༧གོང་ས་མཆོག་དང་བླ་མ་ཚོའི་དགོངས་པ་རེད། སྔོན་མ་བོད་ནང་ལ་མཚོན་ནའང་ལོ་ཙཱ་བ་མང་པོ་གསོ་སྐྱོང་བྱས་ཏེ་བཀའ་བསྟན་གཉིས་བོད་ཡིག་ནང་ཚུར་བསྒྱུར་སྟབས་བོད་གངས་ཅན་ལྗོངས་སུ་ནང་བསྟན་དར་ཐུབ་པ་བྱུང་ཡོད། ད་ལྟའི་ཆར་དབྱིན་སྐད་ཐོག་ནས་སྐད་བསྒྱུར་མང་པོ་ཞེ་དྲག་ཡོད་ཀྱང་མང་ཆེ་བ་སྐད་སྒྱུར་ཚད་ལྡན་མིན་པ་དང་ཐ་ན་སོ་སོས་བསྒྱུར་བའི་བོད་ཡིག་གི་ཁུངས་དེའང་མཐར་ཕྱིན་པ་མེད་པའི་སྒང་ལ་དཔར་མ་འདྲ་མིན་ལ་དག་ཆ་དང་ནང་དོན་ཁྱད་པར་ཡོད་པའི་དཀའ་རྙོག་ ཡོང་གི་ཡོད་སྟབས། ང་ཚོས་གང་ཐུབ་ཀྱིས་ལས་རིམ་ཡག་པོ་སྒྲིག་ནས་ཞབས་ཞུ་གང་ཐུབ་ཞུ་བའི་དམིགས་ཡུལ་བཟུང་སྟེ་ཚོགས་པ་འདི་བཙུགས་པ་རེད། ཅེས་དང་བརྗོད་བྱུང་།
ཁོས་ལས་རིམ་བྱེ་བྲག་གིས་ངོ་སྤྲོད་གནང་དོན། ང་ཚོས་ལས་རིམ་གཙོ་བོ་བཞིའི་ཐོག་ནས་ལས་ཀ་བྱེད་ཀྱིན་ཡོད། དང་པོ་ང་ཚོའི་ཕུགས་ཀྱི་དམིགས་ཡུལ་གཙོ་བོ་བཀའ་བསྟན་གཙོས་པའི་ནང་བསྟན་གཞུང་ལུགས་གང་མང་འཛམ་གླིང་གི་ལུང་པ་སོ་སོའི་སྐད་ཡིག་ནང་བསྒྱུར་ཁག་པོ་ཡོད་སྟབས། ཐོག་མ་དབྱིན་ཡིག་ནང་བསྒྱུར་ཚར་ན་འཛམ་གླིང་སྤྱི་ཡོངས་སུ་ཁྱབ་ཐུབ་པ་འདྲ་བོ་ཡོད་སྟབས། ང་ཚོས་ཐོག་མར་བཀའ་བསྟན་གཉིས་གཙོས་པའི་ནང་བསྟན་གཞུང་ལུགས་གང་མང་བསྒྱུར་སྤུས་དག་དང་ཚད་ལྡན་ཡོང་ཐབས་སུ། བོད་ཡིག་སྟེང་ཡོད་པའི་བཀའ་འགྱུར་དང་བསྟན་འགྱུར་གཉིས་ཀྱི་མ་དཔེ་ལ་རྙོག་དྲ་དང་རྩོད་པ་མེད་པ། དཔར་མ་འདྲ་མིན་ནང་དག་ཆ་སོགས་ཀྱི་དཀའ་རྙོག་གང་ཐུབ་སེལ་ཐབས་ཆེད་བཀའ་བསྟན་དཔེ་བསྡུར་གྱི་ལས་རིམ་ཞིག་འགྲོ་བཞིན་ཡོད། གཉིས་པ། ད་ལྟའི་བར་བོད་སྐད་བོད་ཡིག་ནས་བཀའ་བསྟན་ཚུར་བསྒྱུར་ཐུབ་པའི་སྐད་བསྒྱུར་དང་ཡིག་བསྒྱུར་གྱི་ཆེད་ལས་བ་མེད། ད་ལྟ་དབྱིན་ཡིག་ནང་ཕར་སྒྱུར་མཁན་མང་པོ་བོད་རིགས་པའི་ཞིབ་འཇུག་པ་དང་ལྟ་གྲུབ་ཆེད་མཁས་པ་རྐྱང་རྐྱང་ཡིན་སྟབས། སྐད་བསྒྱུར་རང་གི་ཐོག་ཆེད་ལས་བ་ཡོང་ཆེད་སྐད་བསྒྱུར་གྱི་ཆེད་ལས་པའི་གནས་ཚད་དང་མཐུན་པའི་སློབ་སྦྱོང་ཆེད་ལོ་གསུམ་རིང་སྐད་ཡིག་རང་གི་ཐོག་ཤུགས་བརྒྱབ་ནས་སློབ་མ་འཐོན་ཐུབ་པ་བྱུང་ཡོད་ལ། དེ་རིང་སྒྲ་བསྒྱུར་སློབ་གླིང་དབུ་འབྱེད་བྱས་ཏེ་ལོ་ལྔའི་རིང་སློབ་ཕྲུག་བཅུ་གྲངས་ཤིག་ལ་དེང་དུས་ཆེད་ལས་ཀྱི་གནས་ཚད་ལྡན་པའི་སློབ་སྦྱོང་སྤྲད་དེ་སྒྲ་བསྒྱུར་ཆེད་ལས་གསོ་སྐྱོང་བྱ་འཆར་ཡོད། གསུམ་པ། སྒྲ་བསྒྱུར་པ་རྣམས་ལ་རོགས་རམ་བྱེད་མཁན་བོད་པའི་མཁས་པ་དགོས་ཀྱི་ཡོད། ཕྱི་རྒྱལ་མཁས་པ་ཚོས་བོད་ཀྱི་མཁས་པ་ཚོ་དང་མཉམ་དུ་ལས་ཀ་བྱེད་ཐུབ་ཀྱི་མེད། བོད་པའི་མཁས་པ་ཚོས་རྩོད་པ་རྒྱག་པ་དང་རྟགས་གསལ་གཏོང་བ། དཔེ་ཁྲིད་བྱེད་པ་སོགས་ངག་ཐོག་གི་སློབ་སྦྱོང་ཙམ་ཡིན། དེང་སང་གི་སྐད་བསྒྱུར་ལས་ཀ་བྱེད་མཁན་ཕྱི་རྒྱལ་པ་བརྒྱ་ཆ་དགུ་ཅུ་གོ་བརྒྱད་ཀྱིས་བོད་སྐད་ཤེས་ཀྱི་མེད། ཁོང་ཚོས་བོད་སྐད་ཤེས་ཀྱི་མེད་པར་བརྡ་སྤྲོད་དང་ཚིག་མཛོད་ཐོག་ནས་བཀའ་བསྟན་ཚུར་བསྒྱུར་སྐབས། བོད་པའི་མཁས་པ་དང་མཉམ་དུ་ལས་ཀ་བྱེད་དུས་བརྡ་སྤྲོད་སྐོར་གྱི་དྲི་བ་མ་གཏོགས་ཡོང་ཐུབ་ཀྱི་མེད། ཕར་ཕྱོགས་ལྟ་གྲུབ་ཀྱི་མཁས་པ་ཡིན་དུས་བརྡ་སྤྲོད་དང་རྩོམ་རིག་མཁྱེན་རྒྱ་དེ་ཙམ་མེད་པར་ཕྱག་ལས་མཉམ་དུ་གནང་ཐུབ་ཀྱི་མེད་སྟབས། བོད་པའི་མཁན་པོ་དགེ་བཤེས་སོགས་ལ་བརྡ་སྤྲོད་དང་སྐད་བརྡ་རིགས་པ། བསྒྱུར་གྱི་ཐབས་ལམ། རྩོམ་རིག་བཅས་ཀྱི་སྐོར་ལ་ལོ་ཤས་རིང་ཟབ་སྦྱོང་སྤྲོད་འཆར་ཡོད། ལས་རིམ་བཞི་པ། ཆོས་ཚིག་ཐ་སྙད་རིགས་དབྱིན་ཡིག་ནང་གང་ཐུབ་ཀྱིས་གཅིག་གྱུར་བྱེད་པའི་ལས་རིམ་ཁ་ཤས་ཤིག་ཡོད། ཅེས་བརྗོད་སོང་།
ཤེས་རིག་དྲུང་ཆེ་དངོས་འགྲུབ་ཚེ་རིང་ལགས་ཀྱིས་ཁ་སྐད་སློབ་གསོ་ཞེས་པའི་བརྗོད་གཞིའི་སྐོར་ལ། ངས་ཁ་སྐད་ཀྱི་བརྗོད་གཞི་རིག་གནས་དང་འབྲེལ་བ་ཆེན་པོ་ཆགས་ཀྱི་ཡོད་དུས་ང་རང་གིས་སོ་སོའི་ཤེས་ཚད་ཐོག་ནས་ཞུ་ཐུབ་ཀྱི་མི་འདུག ང་ཚོའི་བཙན་བྱོལ་སྤྱི་ཚོགས་ནང་རིག་གནས་ལ་དོ་སྣང་ཡོད་མཁན་ཚོར་བགྲོ་གླེང་ཡོང་གི་འདུག བོད་ནང་དུའང་དེའི་སྐོར་བགྲོ་གླེང་ཤུགས་ཆེན་པོ་འགྲོ་བཞིན་ཡོད། སྦྱིར་བཏང་ཁ་སྐད་ཟེར་དུས་ངས་ཤེས་ཀྱི་མེད་སྟབས་ཤེས་རིག་ལས་ཁུངས་ནང་སྐད་རིགས་ལས་བྱེད་ལ་ཁ་སྐད་སྐོར་ལ་སྐད་ཆ་འདྲི་དུས། ཁོང་ཚོས་ངོས་འཛིན་གསལ་བོ་བྱེད་ཐུབ་ཀྱི་མེད་པར་ཡིག་ཐོག་ལ་འབྲི་མི་ཐུབ་པ་དང་འབྲི་པར་བདེ་བོ་མེད་པ། བརྡ་སྤྲོད་ཀྱི་གཞུང་དང་མ་མཐུན་པའི་རིགས་ལ་ཁ་སྐད་ཟེར་གྱི་མེད་འགྲོ་བསམ་སོང་། སྦྱིར་བཏང་ང་ཚོའི་ཁ་སྐད་དང་ཕ་སྐད། སྤྱི་སྐད་ཟེར་བ་མང་པོ་ཞིག་ཡོད་དུས་ཁ་སྐད་ཟེར་ན་དབྱིན་ཡིག་ནང་ Colloquial ཟེར་བ་ཕལ་སྐད་འདྲ་བོ་ཞིག་མིན་འགྲོ་བསམ་པའི་ཐོག་ནས་ཞུས་ན། སྦྱིར་བཏང་ཁ་སྐད་འདི་ང་ཚོའི་རྒྱུན་སྤྱོད་ཞིག་ཆགས་ཡོད་། ང་ཚོའི་བོད་མིའི་སྒྲིག་འཛུགས་ཀྱི་ཤེས་ཡོན་སློབ་གསོའི་ནང་ཡིག་སྐད་སྒང་ལ་ཤུགས་ཆེ་ཤོས་རྩི་ཡི་ཡོད་པ་བོད་ཆོལ་ཁ་གསུམ་ནང་གཅིག་གྱུར་བེད་སྤྱོད་གཏོང་གི་ཡོད་སྟབས། ཁ་སྐད་རང་གི་ཐོག་བཤད་ན། དཔེར་ན། དུང་དཀར་བློ་བཟང་འཕྲིན་ལས་ལགས་ཀྱིས་ཁ་སྐད་དང་ཡིག་སྐད་གཉིས་གཅིག་པ་ཡིན་པ་ཁོང་གི་རྩོམ་ཡིག་ཞིག་ནང་མཐོང་སོང་། ཁ་སྐད་དང་ཡིག་སྐད་གཅིག་མཚུངས་བཤད་ན་ལུང་ཚན་མ་འདྲ་བ་རེར་ཡུལ་སྐད་རེ་ཡོད་དུས་གཅིག་གྱུར་ཡོང་བ་དཀའ་ལས་ཁག་པོ་ཡོད། ད་ལྟ་གཞུང་འབྲེལ་གྱི་ལངས་ཕྱོགས་ནང་ཡིག་སྐད་རང་ཡིན་དགོས་པ་ཐ་སྙད་གསར་བ་ག་ཚོད་ཡོད་ནའང་གང་ལྟར་ང་ཚོའི་སྐད་ཐོག་ནས་རྒྱུན་ལྡན་གྱི་ལས་ཀ་བྱེད་ཐུབ་དགོས་ཀྱི་ཡོད། ལྷག་པར་དུ་༧གོང་ས་མཆོག་གིས་ནང་ཆོས་དང་འབྲེལ་བའི་གསུང་ཆོས་དང་བཀའ་སློབ་གནང་སྐབས་སློབ་མ་ཚོར་སྟབས་བསྟུན་གྱིས་དབྱིན་ཡིག་བེད་སྤྱོད་གནང་བ་མ་གཏོགས་བོད་སྐད་རང་ཐོག་ནས་དུས་ཚོད་མང་པོའི་རིང་གསུང་ཐུབ་ཀྱི་ཡོད། སློབ་གྲྭའི་ནང་སློབ་ཕྲུག་དེ་ལྟར་བཤད་ཐུབ་ཀྱི་མེད་པ་དེ་བོད་རང་གི་སྐད་ཡིག་གིས་ཕོངས་བ་མིན་པར། ང་ཚོ་རང་གི་ཤེས་ཚད་ཀྱིས་ཕོངས་པ་རེད་བསམ་གྱི་འདུག ཅེས་སོགས་བརྗོད་སོང་།
དགེ་བཤེས་ལྷག་རྡོར་ལགས་ཀྱིས་བསྒྱུར་གྱི་དཀའ་གནད་སྐོར་བརྗོད་དོན། བསྒྱུར་ཟེར་བ་ཕྱི་རྒྱལ་མཁས་པ་ཚོས་འདི་ལབ་ཀྱི་རེད་ལ། བོད་ཀྱི་མཁས་པ་ཚོས་འདི་ལབ་ཀྱི་རེད། ནང་ཆོས་མཁས་པ་ཞིག་ཡིན་ན་ནང་པའི་སློབ་དཔོན་ཚད་ལྡན་ཞིག་དགོས་པ་ནང་ཆོས་ནང་གསལ་བོ་བཤད་ཡོད་པ་རེད། ཕྱི་རྒྱལ་དུའང་བསྒྱུར་གྱི་སྐོར་མང་པོ་ཤོད་ཀྱི་འདུག དཔེར་ན། བསྒྱུར་ཟེར་བ་དེ་ལས་སླ་བོ་རྩ་བ་ཉིད་ནས་ཡོད་པ་མ་རེད། ང་ཚོ་བོད་ནང་དང་པོ་སྒྱུར་འདི་རྩ་ཆེན་པོར་རྩིས་ནས་སྒྱུར་པ་པོ་འདེམས་སྐབས་ལོ་ཆེན་པོ་བདམས་མེད་པར་བྱིས་པ་ཁ་བདེ་བོ་དང་རིག་པ་རྣོན་པོ། དུས་ཚོད་ཐུང་ཐུང་ནང་སྐད་ཆ་མང་པོ་བཤད་ཐུབ་མཁན་དང་སྐད་ཆ་མང་པོ་བསམ་བློར་འཁོར་ཐུབ་མཁན་རིགས་བདམས་པ་འཆར་གཞི་ཡག་པོ་ཞེ་དྲག་བཏང་འདུག ཐོན་མི་སམ་བྷོ་ཊ་དང་ཅོག་རོ་ཀླུའི་རྒྱལ་མཚན་སོགས་ཀྱི་བསྒྱུར་དེ་ཚོ་ཧ་ལས་པ་རེད། སྒྱུར་པ་པོས་བསྒྱུར་བྱ་ཡག་པོ་ཤེས་ནས་སྐད་གཉིས་ནང་བསྒྱུར་བར་དཀའ་ལས་ཁག་པོ་ཞེ་དྲག་རེད། ལོ་ཙཱ་བ་ཚོས་ནང་ཆོས་ཉམས་ལེན་དང་གོ་རྟོགས། ཉམས་མྱོང་བཅས་ཚད་དང་ལྡན་པ་ཞིག་དང་རྒྱ་གར་གྱི་དེ་དང་མཐུན་པའི་ཆོས་ཀྱི་གནས་ཚད་ཡོད་མཁན་གཉིས་མཉམ་དུ་འཛོམས་ནས་ནང་ཆོས་མང་ཆེ་བ་བསྒྱུར་ཡོད་སྟབས། མི་ཞིག་གིས་ང་ཡིན་ཟེར་ནས་བསྒྱུར་རྒྱུ་ཁག་པོ་ཞེ་དྲག་རེད། ཡིན་ནའང་། ང་ཚོས་སྒྱུར་ཐུབ་མི་འདུག་ཟེར་ནས་བཞག་ན་འགྲིག་མེད་པར་མུ་མཐུད་སྒྱུར་བསྡད་པའི་ལམ་ཁ་དེའི་སྒང་ལ་བསླེབ་ཡོང་གི་རེད། སྦྱིར་བཏང་ཕྱི་རྒྱ་ཚོས་སྒྱུར་བ་པོ་ཡག་པོ་ཆགས་དགོས་ཀྱི་ཡོད་ན། དང་པོ་སློབ་གྲྭར་འགྲོ་དགོས་པ་མེད་པ་དང་དབྱིན་ཇིའི་མཉམ་དུ་ཆང་ས་བརྒྱབ་སྟེ། དབྱིན་ཇིའི་ལུང་པར་ཕྱིན་ཏེ་ཁོང་ཚོའི་ཟ་སྟངས་འཐུང་སྟངས། སྐད་ཆ་བཤད་སྟངས་ཚང་མ་ཤེས་དགོས་པ་དང་དེའི་རྗེས་མཐོ་རིམ་སློབ་གྲྭར་སོང་སྟེ། སྒྱུར་གྱི་ཐབས་ལམ་སོགས་སྦྱངས་ཏེ་ཆེད་ལས་བྱེད་དགོས་ཟེར་མཁན་ཡང་ཡོད། ང་ཚོ་བོད་རིགས་སྒྱུར་མཁན་ཚོས་དོན་སྒྱུར་གལ་ཆེན་དུ་རྩིས་ནས་ཤུགས་རྒྱག་གི་ཡོད་པ་གནད་འགག་ཆེན་པོ་རེད། ཡིན་ནའང་དོན་སྒྱུར་རྐྱང་རྐྱང་ལ་བསམ་བློ་བཏང་བསྡད་ན་དབྱིན་ཡིག་གི་ཚིག་གཅིག་བོད་ཡིག་ནང་བསྒྱུར་དུས་ཚིག་རིང་པོ་ཆགས་པའི་ཉེན་ཁ་ཡོད་སྟབས། བོད་པའི་ཁ་ནང་བཤད་བདེ་བོའི་ཚིག་རིགས་བསྒྱུར་ན་ཡག་པོ་མཐོང་གི་མི་འདུག དེང་སང་ཕྱི་རྒྱལ་ཁག་གི་ཚིག་མཛོད་ནང་ Lama དང་ Bodhisattva ཟེར་བའི་ཚིག་རྙེད་ཐུབ་ཡོད། ཅེས་སོགས་བརྗོད་སོང་།
དགེ་བཤེས་བློ་བཟང་སྨོན་ལམ་ལགས་ཀྱིས་ཕ་སྐད་གཙང་མ་དར་སྤེལ་ཇི་ལྟར་བྱེད་པའི་སྐོར་གྱི་བརྗོད་གཞིའི་སྐོར་ལ། ཕ་སྐད་གཙང་མ་ཟེར་དུས་ལྟ་གྲུབ་ཐོག་ནས་བཤད་དགོས་པ་ཞིག་ཆགས་ཡོད་སྟབས། མི་རིགས་ཀྱི་ལྟ་གྲུབ་དང་རིག་གཞུང་གི་ལྟ་གྲུབ། དེང་སང་ཡིན་ན་འཐབ་རྩོད་ཀྱི་ལྟ་གྲུབ་བཅས་གསུམ་ཚང་བའི་སྒོ་ནས་བཤད་དགོས་པ་རེད་མ་ གཏོགས་ནམ་རྒྱུན་སློབ་གྲྭར་སོང་སྟེ་ཡི་གེ་སྦྱོང་བ་ལྟར་བྱས་ན་ཕ་སྐད་གཙང་མ་ཆགས་པར་དཀའ་ལས་ཁག་པོ་རེད། སྤྱི་ཚོགས་ནང་གལ་ཆེ་ཤོས་མི་རིགས་ཀྱི་ལྟ་བ་དང་རིག་གཞུང་གི་ལྟ་བ། འཐབ་རྩོད་ཀྱི་ལྟ་གྲུབ་གསུམ་གྱི་སྒང་ནས་སློབ་གསོ་ཡག་པོ་ཞིག་སྤྲོད་མ་ཐུབ་པ་ཡིན་ན། ཞེ་དྲག་སྦྱོང་བ་བྱས་པ་སོགས་ཀྱིས་ཡོང་གི་མ་རེད་དྲན་གྱི་འདུག དེ་སྡོམ་བརྒྱབ་ན་མཁས་དབང་བསྟན་པ་རྒྱ་མཚོས་སྐད་རིགས་སྣ་ཚོགས་ཤེས་ན་བཟང་མོད་ཀྱང་། རང་གི་ཕ་སྐད་བརྗེད་ན་ངོ་ཚ་ཡིན་ཞེས་པ་མི་རིགས་ཀྱི་ལྟ་བ་ཡིན་སྟབས། ང་ཚོས་དང་པོ་བསམ་བློའི་སློབ་གསོ་གལ་ཆེན་དུ་འཛིན་དགོས་ཀྱི་ཡོད། ༡༩༩༩ ལོར་བྷིང་གྷ་ལའི་ནང་ཁ་ཆེའི་ཡི་གེ་ཤུགས་ཆེན་པོ་ཆགས་ནས་བྷིང་གྷ་ལའི་སྐད་ཡིག་བེད་སྤྱོད་ཐོག་དཀའ་ངལ་འཕྲད་ནས་ངོ་རྒོལ་བྱས་ཏེ་མི་ལྔ་ཙམ་གྱི་ཚེ་སྲོག་ཤོར་བར་བརྟེན། ལོ་རེའི་ཟླ་ ༢ ཚེས་ ༢༡ ཉིན་རྒྱལ་སྤྱིའི་སྐད་ཡིག་ཉིན་མོར་སྲུང་གཙི་གནང་དགོས་ཆགས་ཡོད། ཕ་སྐད་གཙང་མ་དར་སྤེལ་གཏོང་སྟངས་གཙོ་བོ་མི་རིགས་ཀྱི་འདུ་ཤེས་དང་རིག་གཞུང་འདུ་ཤེས། འཐབ་རྩོད་འདུ་ཤེས་བཅས་ཀྱི་བསམ་བློའི་སློབ་གསོ་རྒན་གཞོན་ཚང་མར་སྤེལ་རྒྱུའི་ཐོག་ཚང་མས་ཤུགས་རྒྱག་དགོས་ཀྱི་ཡོད། ཅེས་བརྗོད་སོང་།
མཇུག་ཏུ། འགན་འཛིན་ངག་དབང་འཕྲིན་ལས་ལགས་ཀྱིས་བཀའ་བསྟན་དཔེ་བསྡུར་ལས་རིམ་དང་འབྲེལ་བའི་སྐོར་ལ་གསལ་བཤད་གནང་དོན། ད་ལྟ་ང་ཚོར་ལས་བྱེད་མང་པོ་ཆགས་ཏེ་སྤྱི་ཚོགས་ནང་ང་ཚོས་བཀའ་བསྟན་ཞུ་དག་གཏོང་གི་ཡོད་པ་དེ་ཧམ་པ་ཚ་བོ་རེད་ཟེར་བའི་སྐད་ཆ་མང་པོ་ཡོང་གི་འདུག སྦྱིར་བཏང་ང་ཚོའི་དགོས་པ་གང་ལ་ཐུག་བསྡད་པ་རེད་ཟེར་ན། ད་ལྟ་རྫོང་གསར་མཁྱེན་བརྩེ་རིན་པོ་ཆེ་མཆོག་གིས་བཀའ་བསྟན་སྒྱུར་བཞིན་ཡོད། སྐད་སྒྱུར་བ་མང་པོ་ཞིག་ང་རང་གི་ངོ་ཤེས་པ་དང་འདྲེས་པོ་ཡོད་པ་དེ་འདྲ་རེད། ཁོ་ཚོ་མང་པོ་ཞིག་གིས་བོད་སྐད་ཤེས་ཀྱི་མེད་ཀྱང་ནང་ཆོས་ཡག་པོ་ཤེས་ཀྱི་ཡོད་ཟེར། ང་ཁོ་ཚོར་ཡིད་ཆེས་མེད། ཁོང་ཚོས་བོད་སྐད་རང་གི་ཐོག་ནས་དཔེ་ཁྲིད་ཐེངས་གཅིག་ཞུ་རྒྱུའང་རག་ཡོད་པ་མ་རེད། ད་ལྟ་ང་ཚོར་བཀའ་བསྟན་གཉིས་ཀྱི་དཔར་མའི་ཐད་དཀའ་ངལ་འཕྲད་ཀྱི་ཡོད། དཔེར་ན། སྣར་ཐང་དཔར་མ་དང་སྡེ་དགེ་དཔར་མ་ཟེར་བའི་དཔར་མ་མང་པོ་ཡོད། དཔར་མ་རེ་རེའི་ནང་ཡིག་ནོར་དང་བརྡ་སྙིང་མང་པོ་ཡོང་གི་འདུག དཔེར་ན། ང་ཚོས་བཀའ་འགྱུར་ཞིབ་བསྡུར་བྱས་པའི་བརྒྱུད་རིམ་ནང་ཤིང་དཔར་དང་ལྕགས་དཔར། ལག་བྲིས་བཅས་གཙོ་བོ་གསུམ་ཡོད་པའི་ནང་ལག་བྲིས་ནང་ཡིག་ནོར་མང་པོ་མེད་སྟབས་ཞུ་དག་ཡག་པོ་ཞིག་བྱུང་མེད་འགྲོ་བསམ་པ་བྱུང་སོང་། བཀའ་འགྱུར་ལ་ཆ་བཞག་ན་ཤིང་དཔར་དང་ལྕགས་དཔར་ཁག་བརྒྱུད་ནས་བསྡུར་ཡོང་དུས་ཕལ་ཆེར་བཀའ་འགྱུར་གཅིག་པུར་དག་ཆའི་སྒང་ནས་རྙོད་གྲ་ཡོད་ས་དཔར་མ་གཅིག་གི་ནང་བྱེད་སྒྲ་ཡིན་པ་ཡང་། དཔར་མ་གཞན་ཞིག་གི་ནང་འབྲེལ་སྒྲ་ཡིན་པ། བཀའ་འགྱུར་གཅིག་པུར་དག་ཆའི་ཁྱད་པར་གཏན་འབེབས་བྱེད་མ་ཐུབ་པ་ཚིག་ ༨༦༠༠༠༠ ཙམ་ཡོང་གི་འདུག ཅེས་བརྗོད་བྱུང་།
ཁོས་མུ་མཐུད་དུ་བརྗོད་དོན། ༧གོང་ས་མཆོག་གི་སྐུ་མདུན་དུ་བཅར་དུས་གཏན་འབེབས་བྱེད་པར་རིམ་པ་གསུམ་གསུངས་སོང་། རིམ་པ་དང་པོ། སྦྱིར་བཏང་བརྡ་སྤྲོད་དང་འགལ་བསྡད་པ་དང་གོ་དོན་ཐོག་ལ་ཁྱད་པར་དེ་ཙམ་མེད་པའི་རིགས་༧གོང་ས་མཆོག་གི་ལས་སླ་བོ་ཡིན་སྟབས་སུས་ཀྱང་བཅོས་ཐུབ་ཀྱི་རེད། ཡིན་ནའང་ནང་དོན་གྱི་ཆ་ནས་ཁྱད་པར་ཤོར་ཚར་ན་དཔེ་མི་སྲིད་པའི་རྙོག་དྲ་ཚ་བོ་ཡིན་སྟབས་ལས་སླ་བོ་ཡོད་པ་མ་རེད། སྔོན་མ་ལྷོ་ཕྱོགས་སྒོ་མང་དཔེ་མཛད་ནང་འབྲེལ་སྒྲ་དང་བྱེད་སྒྲ་གཉིས་ཀྱི་ཁྱད་པར་སྐོར་ལ་དགེ་བཤེས་ལྷ་རམས་པ་མང་པོ་འདུས་ནས་ཉིན་ཁ་ཤས་རིང་རྩོད་པ་བརྒྱབ་ཀྱང་ཐག་གཅོད་གནང་མ་ཐུབ་སྟབས་ཧ་ལས་པའི་རྙོག་དྲ་ཚ་བོ་རེད་ཅེས་དང་། དེར་བརྒྱུད་རིམ་གཉིས་ངེས་པར་དུ་འགྲོ་དགོས་ཤིང་དང་པོ་ཁུངས་གཏུགས་སའི་ལེགས་སྦྱར་སྐད་དང་རྒྱ་སྐད་གཉིས་བསྡུར་ནས་དག་ཆ་དང་ནང་དོན་གཉིས་ཁྱད་པར་ཡོད་ན་དེའི་ཚིག་ཐག་ཉེ་བ་གཏན་འབེབས་བྱེད་དགོས་པ་དང་། དེ་ལྟར་ཐག་གཅོད་བྱེད་པའི་རིགས་དང་ཁུངས་གཏུགས་སའི་མ་དཔེ་མ་རག་པ་ཡིན་ན་བོད་པའི་མཁས་པ་གཅིག་གཉིས་ཤིག་གིས་ཐག་གཅོད་བྱེད་ཐུབ་ཀྱི་མེད་པར་བོད་ཕྱི་ནང་གཉིས་ནང་གི་མཁས་པ་མང་པོས་གྲོས་བསྡུར་བྱས་ཏེ་མང་མོས་ཀྱིས་ཐག་གཅོད་བྱ་དགོས་ཞེས་བཀའ་སློབ་ཕེབས་སོང་། ང་ཚོས་བཀའ་སློབ་གཞིར་བཟུང་འོག་ལོ་ལྔའི་རིང་ལས་རིམ་ཚང་མ་འགྲོ་ཐུབ་པར་རེ་བ་རྒྱག་གི་ཡོད། ད་ལྟ་ང་ཚོ་རིམ་པ་དང་པོའི་སྟེང་འགྲོ་བཞིན་ཡོད་སྟབས་གློག་ཀླད་ནང་ནས་གཤིབ་བསྡུར་བྱེད་ཀྱིན་ཡོད་སྟབས། མཁན་པོ་དང་དགེ་བཤེས་ལྷ་རམས་པ། མཁས་པ་སོགས་དགོས་ཀྱི་མེད། ཉིན་གང་རྐུབ་སྟེགས་སྟེང་བསྡད་ནས་དཀའ་ལས་རྒྱག་ཐུབ་མཁན་དགོས་ཀྱི་ཡོད། ད་ལྟ་ང་ཚོའི་ལས་ཁུངས་ནང་ཡོད་པའི་ལས་བྱེད་ཚོས་བཀའ་བསྟན་ཞུ་དག་གཏོང་གི་མེད་པར་གྲ་སྒྲིག་བྱེད་ཀྱི་ཡོད། དེ་མིན་མི་མང་པོ་ཞིག་གིས་ཕོ་གསར་མོ་གསར་མང་ཞིག་བསྡུས་ཏེ་བཀའ་བསྟན་ལ་ལག་པ་འཆང་གི་ཡོད་ཟེར་བ་གཏན་ནས་མིན་པའི་གསལ་བཤད་ཅིག་ཞུ་དགོས་བསམ་བྱུང་། ཞེས་སོགས་བརྗོད་སོང་།
གསར་འགོད་པ། ལྷ་སྐྱབས་རྒྱལ།
བསོད་ནམ་དང་ཤེས་རབ་གཉིས་ཀྱིས་དབེན་པའི་འགན་འཛིན་པ་ངག་དབང་འཕྲིན་ལས་ཞེས་པ་ཁྱོད་ཀྱིས་ཉོན་ཤིག སྔོན་དཀའ་བསྟན་རྒྱ་གར་གྱི་སྐད་ནས་བོད་སྐད་དུ་སྒྱུར་སྐབས་རྒྱ་གར་གྱི་ལོ་རྩ་བ་དེ་ཚོས་བོད་སྐད་ཤེས་ཀྱི་མེད་པས་དེ་དག་ལའང་ཁྱོད་ཀྱིས་ཡིད་ཆེས་མེད་པ་རེད་དམ། རྒྱ་ནག་ནས་པར་བསྐྲུན་བྱས་པའི་དཀའ་བསྟན་དེ་དག་གཤིབས་བསྡུར་མཐར་ཕྱིན་པ་བྱས་ཚར་བས། ཁྱོད་ཀྱིས་ཅི་ཞིག་བྱ་ཆར་ཡོད། ཉིན་གང་རྐུབ་སྟེགས་སྒང་ལ་སྡད་ཡ་ལ་དཀའ་ལས་རྒྱག་ཐུབ་མཁན་ཞིག་ལས་མཁས་པའི་ཡོན་ཏན་མི་དགོས་ན་མིའི་ལུས་ལ་དུད་འགྲོ་རྣམ་ཤེས་ཞུག་པ་ཁྱོད་འདྲ་བ་དགའ་ཡོད་ན་འགྲིག་པ་རེད། ཕོ་གསར་མོ་གསར་མང་པོ་ཞིག་བསྡུས་ནས་དཀའ་བསྟན་ལ་ལག་པ་འཆང་གི་མེད་ཟེར་ན་ཁྱེད་རང་ཕོ་ལོག་མོག་དེ་འདྲ་ཡིན་པས་དེ་མིན་ཁྱོད་ཀྱིས་དཀའ་བསྟན་ལ་ལག་པ་མ་འཆང་ནས་རྐང་པ་འཆང་གི་ཡོད་དམ། ཕྱོགས་རིས་ཀྱི་སྐད་ཆ་ད་ནས་བཟུང་ནས་མཚམས་འཇོག་རོག
ནང་བསྟན་སྲི་ཞུ་ཁང་གི་འགན་འཛིན་དེ་བོད་ཡིག་བོད་སྐད་མཁྱེན་མཁན་གྱི་ཧྥ་རན་སིའི་མི་ཞིག་ཡིན་བསམ་སོང་། དེང་སྐབས་བཀའ་བསྟན་འགྱུར་ཕྱི་སྐད་ཐོག་བསྒྱུར་མཁན་གྱི་ཚོགས་སྡེ་མང་པོ་ཞིག་འདུག རྡ་རམ་ས་ལའི་ནང་བསྟན་སྲི་ཞུ་ཁང་ལ་མཚོན་ན་བོད་ནས་གསར་འབྱོར་ཕེབས་མཁན་མང་པོ་ཞིག་ལ་ལས་ཀ་སྤྲད་ཡོད་པ་རེད། དེ་བཞིན་བོད་སྐད་བོད་ཡིག་ཕྱི་རྒྱལ་བ་ཚོར་སློབ་ཁྲིད་ཀྱི་ལས་རིམ་ཡང་ཁ་ཤས་ཡོད་ས་རེད། དེ་ཡག་པོ་ཞེ་དྲག་རེད། ཡིན་ནའང་བཀའ་བསྟན་འགྱུར་ལ་ཞུ་དག་དང་གཤིབ་བསྡུར་ཟེར་བ་དེ་དཀའ་ལས་ཁག་པོ་ཡིན་རྒྱུ་རེད་བསམ་གྱི་འདུག ལས་གཞི་འདི་རིགས་མ་འོངས་བོད་པའི་རིག་གཞུང་ལ་ཕན་པ་ཞིག་ཡིན་ནམ་གནོད་པ་ཞིག་ཡིན་བཤད་ཁག་པོ་ཡོད་པ་རེད། གཟབ་གཟབ་ཡག་པོ་གནང་དགོས་པ་རེད།
དགའ་བསུ་ཞུ། ད་བོད་ཀྱི་ན་གཞོན་དེ་ཚོ་དོན་ཤོག་ཨང་ལེགས་པོ་རེད། བསྔགས་བརྗོད་སྙིང་དབུས་ནས་ཡོད། ཡག་པོ་རེད། རང་དང་མི་རིགས་ཀྱི་གནད་དོན་གང་ལའང་ལས་དོན་སྒྲུབ་དགོས་པ་ལས་དེ་མུར་བསྡད་ན་མི་དགོས་སོ།།།
ལས་ཀ་འདི་ལྷག་མ་ཞིག་རེད། རྒྱ་ནག་ནང་པར་བསྐྲུན་བྱས་པའི་བཀའ་བསྟན་དེའི་མིང་ལ་ཀྲུང་ཧ྄་བཀའ་བསྟན་བཏགས་ཡོད་པ་མ་གཏོགས་གཤིབས་བསྡུར་ནི་ཡག་ཐག་ཆོད་ཅིག་གནང་ཡོག་རེད། གཤིབས་བསྡུར་ཡང་དང་བསྐྱར་དུ་གནང་དགོས་དོན་མི་འདུག དེ་ལས་བཀའ་བསྟན་གྱི་ཚན་པ་རེ་རེར་ཞིབ་འཇུག་གནང་ནས་དཔྱད་རྩོམ་སྤེལ་ཐུབ་མཁན་བྱུང་ན་རབ་རེད།
དེང་སང་ཁ་ཐུར་འཁོར་ཚང་གི་རྡ་ས་ན་བླུན་པོ་འབྲོག་རྒན་ཁ་ཤས་ཀྱིས་ཚིག་མཛོད་བསྒྲིག་པ་དང་། མི་འཁྱམ་མོ་སྡོམ་ཁ་ཤས་ཀྱིས་བཀའ་བསྟན་གཤིབ་བསྡུར་བྱས་ཀི་ཡོད་རབས་ཤིག་གོ་ཐོས་བྱུང་། དུས་སྙིགས་འདིར་དེ་འདྲ་ཡིན་ཐལ་ལེ།
བཀའ་བསྟན་འགྱུར་ལ་ཤིབ་བསྡུར་གནང་དགོས་ན། དེང་སང་རྒྱ་ནག་གམ། བོད་ནས་དེབ་གཟུགས་སྟེང་བཏོན་པའི་བཀའ་བསྟན་འགྱུར་ཞིག་འདུག་པས་གཟིགས་ན་ཡག་ཐག་ཆོད་འདུག །དེ་ལས་གཞན་དགོས་གལ་མ་མཐོང་།།