ཉིན་འདི་འགར་བོད་ཕྱི་ནང་གི་གནས་འཕྲིན་ཁག་ཏུ་བོད་བརྒྱུད་ནང་བསྟན་ཁྲོད་ཀྱི་མཆོད་རྫས་དང་ལྷ་སྐུ་སོགས་ཇུས་འགོད་བྱས་པའི་གྱོན་ཆས་མང་པོ་ཞིག་འགྲེམས་སྟོན་བྱས་པར་སྐྱོན་བརྗོད་བྱེད་ཀྱིན་པར་འབྲེལ་ཡོད་གཅིག་གིས་དགོངས་སེལ་ཞུས་འདུག
ཉེ་སྔོན་རྒྱ་ནག་པེ་ཅིན་གྱི་རྒྱ་ནག་རྒྱན་གོས་བོགས་གཏོང་མཐུན་ཚོགས་ཞེས་པའི་གོ་སྒྲིག་འོག རྒྱ་ནག་གི་གཞས་མ་དང་རྒྱན་གོས་འཁྲབ་སྟོན་མ་ཁག་ཅིག་གིས། བོད་པའི་མཆོད་རྟེན་དང་འཁོར་ལོ། དུང་དཀར། དར་ལྕོག ཐང་ག་སོགས་ཇུས་འགོད་བྱས་ཡོད་པའི་རྒྱན་གོས་སྣ་ཚོགས་ཤིག་འགྲེམས་སྟོན་བྱས་པའི་པར་རིས་བརྒྱུད་ལམ་དུ་ཐོན་ཡོད་པ་དང་། དེ་བཞིན། བོད་རང་སྐྱོང་ལྗོངས་ཡུལ་སྐོར་ལས་ཁུངས་ཀྱིས་གཉེར་བའི་<<བོད་ལྗོངས་ཡུལ་སྐོར>>ཞེས་བའི་དུས་དེབ་ཀྱི་མདུན་ངོས་སུ། རྒྱ་ནག་གི་གཞས་མ་སཱ་དེན་དེན་(sa dingding)གྱིས་ལྷ་སྐུ་འཁོད་ཡོད་པའི་སྟོད་གོས་ཤིག་གྱོན་པའི་པར་རིས་བཞག་པ་སོགས་ལ། བོད་ཕྱི་ནང་གི་གསར་ལམ་དང་སྤྱི་ཚོགས་དྲ་འབྲེལ་ཁག་ཏུ་བོད་པ་དང་ནང་པའི་རྗེས་འཇུག་པ་ཚོས་བོད་བརྒྱུད་ནང་བསྟན་ལ་དམའ་འབེབས་དང་། མི་རིགས་རིག་གནས་ལ་མཐོང་ཆུང་བྱས་པའི་སྐྱོན་བརྗོད་ཤུགས་ཆེན་བྱེད་བཞིན་ཡོད་པ་མ་ཟད། སཱ་དེན་དེན་སོགས་ཀྱིས་ངེས་པར་དུ་འགྱོད་བཤགས་བྱེད་དགོས་ཚུལ་བརྗོད་འདུག
ཟླ་འདིའི་ཕྱི་ཚེས་ ༢༩ ཉིན་སཱ་དེན་དེན་གྱིས་བོད་མིའི་རིག་གནས་དྲ་བ་དང་ཝེ་པའོ་གནས་འཕྲིན་ཐོག་འགྱོད་ བཤགས་ཡི་གེ་ཞིག་སྤེལ་ཡོད་པའི་ནང་། དུས་རྒྱུན་ངའི་ལུས་སེམས་གཉིས་ཀྱིས་བོད་རིགས་ལ་དགའ་གུས་ཆེན་པོ་བྱེད་ཀྱིན་ཡོད། དུས་དེབ་སྟེང་ངས་ལྷ་སྐུ་ཅན་གྱི་སྟོད་གོས་ཤིག་གྱོན་ཡོད་པ་དེ་ལོ་ཤས་གོང་ཇུས་འགོད་བྱས་པ་ཞིག་སྟེས་དབང་གིས་གྱོན་པ་ལས་ནང་དོན་གཞན་གང་ཡང་མེད། དགའ་ཞེན་ཁོ་ནའི་དབང་དུ་ཕྱིན་ཏེ་བོད་པ་དང་ནང་པ་ཚོར་ཕོག་ཐུག་བཏང་བར་དགོངས་སེལ་ཞུ་བཞིན་ཡོད། ངས་བོད་རིགས་ལ་བཅངས་བའི་བརྩེ་བ་འདི་སེམས་གཏིང་ནས་བྱུང་བ་ཞིག་ཡིན་པ་སྨྲས་མ་དགོས་སྟབས། ལྷ་སྐུ་དཔར་བའི་གྱོན་གོས་ཀྱི་གནད་དོན་དེར་ངའི་དྭངས་གཙང་གི་སེམས་པ་དང་ཀུན་སློང་གིས་བདེན་དཔང་བྱེད་ཆོག འོན་ཀྱང་མི་མང་དགའ་ཡི་མེད་པའི་གནས་ཚུལ་དེས་མི་ལེགས་པའི་བྱ་སྤྱོད་ཅིག་ཡིན་པ་བསྟན་ཡོད་སྟབས། ངས་ཐེངས་འདིར་དེའི་ཚབས་ཆེན་རང་བཞིན་ཤེས་རྟོགས་བྱུང་སོང་བས། རྗེས་ཕྱོགས་འདི་རིགས་གཏན་ནས་མི་གྱོན། འོན་ཀྱང་། ཉེ་སྔོན་དྲ་ལམ་ཁག་ཏུ་སངས་རྒྱས་ཀྱི་སྐུ་པར་དཔར་བའི་ལྷམ་དང་འཁོར་ལོ་སོགས་ཇུས་འགོད་བྱས་པའི་རྒྱན་གོས་མང་པོ་ཞིག་འགྲེམས་སྟོན་བྱས་པ་དེ་དག་ང་དང་འབྲེལ་བ་གཏན་ནས་མེད་པས། གནས་ཚུལ་དེར་ཚང་མས་དབྱེ་ཞིབ་དང་བརྡར་ཤ་གསལ་བོ་ཞིག་གཅོད་རོགས་ཞུ། ཞེས་བརྗོད་འདུག
ཡང་ཕྱི་ཚེས་ ༢༧ ཉིན། སཱ་དེན་དེན་གྱི་གྱོན་གོས་དེའི་ཇུས་འགོད་པས་ཝེ་པའོ་ཐོག་འགྱོད་བཤགས་ཡི་གེ་ཐུང་ཐུང་ཞིག་བཀོད་དེ། གྱོན་གོས་དེ་ལོ་ཤས་གོང་དུ་བོད་ཀྱི་ཡུལ་སྐོར་ཞེས་པའི་དུས་དེབ་ཀྱི་ཆེད་དུ་ཇུས་འགོད་བྱས་པ་ཞིག་ལས། དད་འདུན་དང་མི་རིགས་རིག་གནས་ལ་རྡོག་རོལ་བཏང་བ་ཞིག་མིན་ཡང་། བེད་སྤྱོད་བྱེད་སྟངས་མ་འགྲིག་པར་མི་མང་ལ་ཕོག་ཐུག་བཏང་བར་སེམས་གཏིང་ནས་དགོངས་སེལ་ཞུས་པ་ཡིན། ཞེས་བརྗོད་འདུག
གཞན། ཐེངས་འདིར་བརྒྱུད་ལམ་ཁག་ཏུ་གླེང་སློང་ཤུགས་ཆེན་བྱེད་བཞིན་པའི་མཆོད་རྟེན་དང་མ་ཎི། ཐང་ག་དང་རླུང་རྟ། དུང་དཀར་སོགས་ཇུས་འགོད་བྱས་ཡོད་པའི་རྒྱན་གོས་འཁྲབ་སྟོན་བྱེད་མཁན་དང་། གྱོན་ཆས་དེ་དག་ཇུས་འགོད་བྱེད་མཁན་སོགས་ཀྱིས་ད་སྔ་འགྲེལ་བཤད་གང་ཡང་བརྒྱབ་ཡོད་མི་འདུག
སཱ་དེན་དེན་ཟེར་བའི་བུ་མོ་དེའི་མི་རྒྱུད་སོག་པོ་ཡིན་པ་དང་། རྒྱ་ནག་བཅིངས་གྲོལ་དམག་སྒྱུ་རྩལ་སློབ་གླིང་ནས་མཐར་ཕྱིན་ཞིང་། བོད་དང་སོག་པོ་སོགས་གྲངས་ཉུང་མི་རིགས་ཀྱི་ཐུན་མོང་མ་ཡིན་པའི་ཆས་གོས་དང་གླུ་གཞས་འཁྲབ་སྟོན་ལ་བརྟེན་ཏེ། དེང་སྐབས་རྒྱ་ནག་ནང་སྐད་གྲགས་ཆེན་པོ་ཡོད་པའི་གཞས་མ་ཞིག་ཆགས་ཡོད་པ་མ་ཟད། ཁོ་མོས་བརྩམས་པའི་༼བླ་མ་མཁྱེན་ནོ།༽ཞེས་པའི་བོད་སྐད་སྒྲ་བསྒྱུར་གྱི་གླུ་གཞས་སོགས་ཀྱིས་རྒྱ་ནག་གི་གླུ་གཞས་སྒྱུ་རྩལ་པའི་ཁྲོད་ཐུན་མོང་མ་ཡིན་པའི་གཞས་མ་ཞིག་གི་སྣང་བརྙན་བསྐྲུན་ཡོད་འདུག ཕྱི་ལོ་ ༢༠༠༨ ལོར་ཁོ་མོར་བྷི་བྷི་སིའི་འཛམ་གླིང་རོལ་དབྱངས་ཀྱི་གཟེངས་རྟགས་ཐོབ་སྟེ། ཁོང་མོ་ནི་ཨེ་ཤ་ཡའི་ནང་གཟེངས་རྟགས་དེ་ཐོབ་མཁན་དང་པོ་ཆགས་ཡོད་འདུག
གསར་འགོད་པ། པདྨ་མཚོ།
སྐད་དྲག་འགྲོ་ཡ་དགའ་དྲག་ན་ཕ་མ་བསོད་ཟེར་ན་བསོད་སར་རེད་འདུག་ག
དགོང་དག་ཞུས་པ་ཡག་པོ་རེད།ཕྱི་ཆད་དེའི་རིགས་མི་གནང་རོགས།་ད་ལེན་དེ་ཚོ་གང་ཡང་བྱེད་ཀྱི་མ་རེད།མ་གཞི་རང་ནས་སོག་པོ་བོད་པའི་དགེ་ཕྲུག་
དྲག་ཤོས་དང་བོད་བརྒྱུད་ནང་བསྟན་གྱི་བརྒྱུད་འཛིན་ཟེར་ན་འདྲ་སློབ་ཕྲུག་ཟེར་ན་གང་ལྟར་སོག་པོ་ཡིན།