ཁ་སང་ཌེ་སི་མོན་ཊུ་ཊུ་མཆོག་གིས་ལྷོ་ཨ་ཧྥི་རི་ཀའི་གཞུང་གིས་༧གོང་ས་མཆོག་ལ་ཐོངས་མཆན་མ་ཕུལ་པ་དེ་ནེལ་སན་མན་ཌ་ལཱ་མཆོག་ལ་འགྲམ་ལྕག་གཞུས་པ་དང་གཅིག་མཚུངས་ཆགས་ཡོད་པའི་སྐྱོན་བརྗོད་གནང་འདུག
ཁ་སང་ལྷོ་ཨ་ཧྥི་ཀའི་ཡེ་ཤུ་ཆོས་དཔོན་ཌེ་སི་མོན་ཊུ་ཊུ་(Desmond Tutu) མཆོག་གིས་གསར་འགོད་གསལ་བསྒྲགས་ཤིག་སྤེལ་ཏེ། ཟླ་འདིའི་ཚེས་ ༡༣ ནས་ ༡༥ ཉིན་བར་ལྷོ་ཨ་ཧྥི་རི་ཀའི་གྲོང་ཁྱེར་ཀེབ་ཌོན་ནང་། ནེལ་སན་མན་ཌ་ལཱ་མཆོག་གི་མཛད་རྗེས་ལ་རྗེས་དྲན་ཞུ་ཆེད། ནོ་བྷེལ་ཞི་བདེའི་གཟེངས་རྟགས་བཞེས་མྱོང་མཁན་རྣམས་གདན་འདྲེན་ཞུས་ཏེ། ཞི་བདེའི་ལྷན་ཚོགས་ཤིག་འཚོགས་འཆར་ཡོད་པའི་ཐོག ༧གོང་ས་མཆོག་མགྲོན་འབོད་གནང་བར་རྒྱ་ནག་གཞུང་གི་གནོན་ཤུགས་འོག་ལྷོ་ཨ་ཧྥི་རི་ཀའི་གཞུང་གིས་༧གོང་ས་མཆོག་ལ་ཐོངས་མཆན་ཕུལ་མེད་པ་དེར་སྐྱོན་བརྗོད་གནང་འདུག
ཌེ་སི་མོན་ཊུ་ཊུ་མཆོག་གིས། “ལྷོ་ཨ་ཧྥི་རི་ཀ་གཞུང་གིས་བོད་མིའི་དབུ་ཁྲིད་༧གོང་ས་ཏཱ་ལའི་བླ་མ་མཆོག་ལ་ཐོངས་མཆན་མ་ཕུལ་པ་དེ་ནི་ངོ་ཚ་དགོས་པའི་གནད་དོན་ཞིག་ཡིན་པ་མ་ཟད། ནེལ་སན་མན་ཌ་ལ་མཆོག་གི་མཛད་རྗེས་ལ་གུས་ཞབས་མ་བྱས་པ་ཞིག་ཆགས་ཡོད་ལ། ཚོང་གི་ཁེ་བཟང་ཆེད་རྒྱ་ནག་གཞུང་ལ་ངོ་དགའ་སྤྲེལ་ལད་འཁྲབ་པ་དེ། སྲིད་འཛིན་ཟུར་པ་ནེལ་སན་མན་ཌ་ལཱ་མཆོག་གི་གནང་སྟངས་དང་རྒྱབ་འགལ་ཆགས་ཡོད།”ཅེས་དང་། “ནེལ་སན་མན་ཌ་ལཱ་མཆོག་ལྷོ་ཨ་ཧྥི་རི་ཀའི་སྲིད་འཛིན་གནང་སྐབས་ཨ་རིའི་སྲིད་དོན་པ་ཁག་གཅིག་གིས་ཁོང་ལ་ལེ་བྷེ་ཡའི་ (Libya) སྲིད་འཛིན་གྷ་ཐཱ་ཧྥི་དང་། ཁྱིའུ་བྷའི་ (Cuba) སྲིད་འཛིན་ཁེ་སི་ཌོར་ (Castro) དང་མུ་མཐུད་གྲོགས་པོ་བསྒྲིག་མི་རུང་བའི་གནོན་ཤུགས་སྤྲད་པར། ཁོང་གིས་ཉན་འཇོག་མ་གནང་བ་མ་ཟད། ཁྱེད་ཚོ་མཚེའུ་ནང་ལ་མཆོང་ཞེས་ལན་འདེབས་བྱས་ཡོད། ད་རེབ་ལྷོ་ཨ་ཧྥི་རི་ཀའི་གླིང་ཆེན་ནང་ནེལ་སན་མན་ཌ་ལཱ་མཆོག་གི་མཛད་རྗེས་ལ་རྗེས་དྲན་གྱི་ཞི་བདེའི་ལྷན་ཚོགས་ཐོག་མ་ཆགས་ཡོད་ཀྱང་། ཁོང་གི་མཆེད་གྲོགས་༧གོང་ས་མཆོག་ལ་ཐོངས་མཆན་མ་ཕུལ་པ་དེ་ནི། ནེལ་སན་མན་ཌ་ལཱ་མཆོག་ལ་འགྲམ་ལྕག་གཞུས་པ་ཞིག་ཆགས་ཡོད།”ཅེས་སོགས་སྐྱོན་བརྗོད་གནང་འདུག
༢༠༡༡ ལོར་ཌེ་སི་མོན་ཊུ་ཊུ་ (Desmond Tutu) མཆོག་དགུང་གྲངས་བརྒྱད་ཅུར་ཕེབས་པའི་འཁྲུངས་སྐར་ཐོག་༧ གོང་ས་མཆོག་མགྲོན་འབོད་གནང་སྐབས་ཀྱང་། རྒྱ་ནག་གཞུང་གི་གནོན་ཤུགས་འོག་ལྷོ་ཨ་ཧྥི་རི་ཀའི་གཞུང་གིས་ཐོངས་མཆན་སྤྲད་མེད་སྟབས། ཌེ་སི་མོན་ཊུ་ཊུ་མཆོག་གིས་སྐྱོན་བརྗོད་གནང་ཡོད་པ་མ་ཟད། ལོ་དེའི་ཕྱི་ཟླ་ ༡༢ ཚེས་ ༡༠ ཉིན་༧གོང་ས་མཆོག་གིས་ཞི་བདེའི་གཟེངས་རྟགས་བཞེས་ཏེ་ལོ་ ༢༢ འཁོར་བའི་ཉིན་མོར། ཁོང་བཞུགས་སྒར་དྷ་རམ་ས་ལར་ཕེབས་ཏེ་༧གོང་ས་མཆོག་ལ་འཚམས་འདྲི་དང་། བཞུགས་སྒར་མི་མང་ལ་གསུང་བཤད་གནང་ཡོད།
ད་རེབ་ཌེ་སི་མོན་ཊུ་ཊུ་མཆོག་གིས་ལྷོ་ཨ་ཧྥི་རི་ཀའི་གཞུང་གིས་༧གོང་ས་མཆོག་ལ་ཐོངས་མཆན་སྤྲད་མེད་པ་དེར། ཐོག་མ་གླེང་སློང་བྱས་མེད་ཀྱང་ཟླ་འདིའི་ཚེས་ ༢ ཉིན་ཁོང་གིས་བསྒྲགས་གཏམ་ཞིག་སྤེལ་ཏེ་ལྷོ་ཨ་ཧྥི་རི་ཀའི་གཞུང་ལ་སྐྱོན་བརྗོད་བྱས་ཡོད།
འདིའི་ཐད་ཌེ་སི་མོན་ཀྲུ་ཌོ་མཆོག་གི་བུ་མོ་ཨེམ་ཧྥོ་ཊུ་ཊུ་(Mpho Tutu) ཡིས་ཨེ་སྦི་སི་ (ABC) གསར་ལམ་ལ་བརྗོད་དོན། “ངའི་ཡབ་ཆེན་གྱིས་ཐོག་མར་ལྷོ་ཨ་རི་ཀའི་གཞུང་གིས་༧གོང་ས་མཆོག་ལ་ཐོངས་མཆན་མ་སྤྲད་པའི་ཐད་གླེང་སློང་མ་གནང་བར་ཁ་རོག་གེར་སྡོད་དགོས་དོན་ནི། དེ་སྔོན་ལྷོ་ཨ་ཧྥི་རི་ཀའི་གཞུང་གིས་༧གོང་ས་མཆོག་ལ་ཐོངས་མཆན་སྤྲད་མེད་པའི་གནད་དོན་ཐོག་ཁོང་གིས་གླེང་སློང་བྱས་ཀྱང་། བཟང་ཕྱོགས་ཀྱི་གྲུབ་འབྲས་གང་ཡང་ཐོན་མེད་སྟབས། ད་རེབ་མི་གཞན་གྱིས་གླེང་སློང་བྱས་ན་གྲུབ་འབྲས་འཐོན་གྱི་རེད་བསམ་ནས་ཐོག་མར་གླེང་སློང་མ་གནང་བར་བཞུགས་པ་རེད།”ཅེས་བརྗོད་འདུག
ཌེ་སི་མོན་ཌི་ཊུ་ཊུ་ (Desmond Tutu) མཆོག་ནི་ ༡༩༣༡ ལོའི་ཟླ་ ༡༠ ཚེས་ ༧ ཉིན་ལྷོ་ཨ་ཧྥི་རི་ཀའི་གྲོང་ཁྱེར་(Klerksdorp) ནང་འཁྲུངས་ཤིང་། ༡༩༨༠ ལོར་ཡུལ་དེའི་མི་རིགས་དཀར་ནག་དབྱེ་འབྱེད་ལ་ངོ་རྒོལ་བྱེད་པའི་ལས་འགུལ་སྣེ་འཁྲིད་དེ་བདེན་པའི་འཐབ་རྩོད་གནང་ཡོད་སྟབས། ༡༩༨༤ ལོར་ཁོང་ལ་ནོ་བྷེལ་ཞི་བདེའི་གཟེངས་རྟགས་ཐོབ་ཡོད།
གསར་འགོད་པ། དོན་གྲུབ།
ོཌེ་སི་མོན་ཌི་ཊུ་ཊུ་མཆོག་ཁྱེད་ཀྱིས་༸གོང་ས་མཆོག་ལ་དེ་ཙམ་གུས་བཀུར་དང་ཆེ་མཐོང་གནང་བར་ངས་བོད་མི་ཡོངས་ཀྱི་མགྲིན་ཚབ་ཞུས་ཏེ་བཅོས་མིན་གྱིས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།
བོད་མི་འགའ་ཤས་ཀྱིས་ད་དུང་ཡང་༸གོང་ས་མཆོག་ལ་སྐྱོན་བརྗོད་བྱས་དང་བྱེད་བཞིན་འདུག་པས་བསམ་བློ་ཡག་པོ་ཞིག་ཐོངས་དང།