༧གོང་ས་མཆོག་ཟླ་འདིའི་ཚེས་ ༡༧ ཉིན་དྷ་རམ་ས་ལའི་རྒྱུག་རྩེད་སྤོ་ལོའི་ཐང་ཆེན་དུ་རྩེད་འཆར་ཡོད་པའི་རྒྱ་གར་དང་ཝོ་སེ་ཨིན་ཌེ་སི་རྒྱུག་རྩེད་སྤོ་ལོའི་འགྲན་བསྡུར་དབུ་འབྱེད་དུ་ཆིབས་བསྒྱུར་བསྐྱང་རྒྱུ་ཡིན་འདུག
ཁ་སང་རྒྱ་གར་གསར་ལམ་ (NDTV) ཞེས་པའི་གནས་ཚུལ་སྤེལ་བ་ལྟར་ན། ༧གོང་ས་མཆོག་ལ་ཧི་མ་ཅལ་མངའ་སྡེའི་རྒྱུག་རྩེད་སྤོ་ལོ་(Cricket)མཐུན་ཚོགས་ཀྱིས་གསོལ་འདེབས་ཞུས་དོན་ལྟར། ཟླ་འདིའི་ཚེས་ ༡༧ ཉིན་བཞུགས་སྒར་དྷ་རམ་ས་ལའི་རྒྱུག་རྩེད་སྤོ་ལོའི་ཐང་ཆེན་ཐོག་རྩེད་འཆར་ཡོད་པའི་རྒྱ་གར་དང་ཝོ་སེ་ཨིན་ཌེ་སི་ (West Indies) རུ་ཁག་བར་གྱི་རྩེད་འགྲན་ཐོག་ཆིབས་བསྒྱུར་བསྐྱངས་ཏེ། རྩེད་འགྲན་པ་ཚོར་འཚམས་འདྲི་དང་འབྲེལ་མཇལ་དར་བསྒྲོན་རྒྱུ་ཡིན་སྐོར་འཁོད་འདུག
འདིའི་ཐད་ཧི་མ་ཅལ་མངའ་སྡེའི་རྒྱུག་རྩེད་སྤོ་ལོའི་མཐུན་ཚོགས་ཀྱི་མགྲིན་ཚབ་པ་སན་ཇེ་ཤར་མ་ (Sanjay Sharma) ལགས་ཀྱིས་བརྗོད་དོན། “ ན་ནིང་ལོར་༧གོང་ས་ཏཱ་ལའི་བླ་མ་མཆོག་ད་ལྟའི་དུས་ཚོད་འདིར་ཕྱི་རྒྱལ་ཡུལ་གྲུ་ཁག་ཏུ་ ཕེབས་ཏེ་བཞུགས་སྒར་དུ་བཞུགས་ཀྱི་མེད་ཀྱང་། ད་རེབ་བཞུགས་ཡོད་པ་མ་ཟད་རྩེད་མོའི་འགྲན་ཚོགས་ཀྱི་ཚོགས་མགོན་དུ་ཆིབས་བསྒྱུར་བསྐྱང་རྒྱུའི་ཞལ་བཞེས་ཐོབ་པ་དེ་ནི་ད་རེབ་ང་ཚོའི་རྩེད་འགྲན་དེ་གཟི་བརྗིད་དང་དགའ་སྤོབས་བྱེད་འོས་པ་ཞིག་ཆགས་ཡོད། ༧གོང་ས་མཆོག་ད་རེབ་ཀྱི་རྩེད་འགྲན་སྐབས་རྒྱུན་རིང་བཞུགས་འཆར་མེད་ཀྱང་། རྩེད་མོ་མགོ་འཛུགས་མ་བྱས་སྔོན་ལ་རྩེད་འགྲན་པ་ཚོར་མཇལ་འཕྲད་གནང་རྒྱུ་རེད”ཅེས་བརྗོད་འདུག
༢༠༡༢ ལོར་༧གོང་ས་མཆོག་བཞུགས་སྒར་དུ་རྒྱ་གར་རྒྱལ་ཡོངས་རྒྱུག་རྩེད་སྤོ་ལོའི་རུ་ཁག་གི་ (Indian Premier League) ཞེས་པའི་རྩེད་འགྲན་སྐབས་ཆིབས་བསྒྱུར་བསྐྱངས་ཡོད་པ་དང་། ༢༠༡༣ ལོའི་ཟླ་ ༡ ནང་བཞུགས་སྒར་དུ་རྒྱ་གར་དང་དབྱིན་ཡུལ་བར་གྱི་རྩེད་འགྲན་སྐབས། ༧གོང་ས་མཆོག་དྷ་སར་བཞུགས་མེད་སྟབས་རྩེད་འགྲན་དེའི་དབུ་འཛུགས་སྟེང་ཕེབས་རྒྱུ་བྱུང་མི་འདུག
བཞུགས་སྒར་དྷ་རམ་ས་ལའི་རྒྱུག་རྩེད་སྤོ་ལོའི་ཐང་ཆེན་ནང་ལྟད་མོ་བ་ ༡༩༠༠༠ ཙམ་གཤོང་གི་ཡོད་པ་དང་། དེ་དག་ལས་ ༡༧༠༠༠ ཙམ་མཐུན་ཚོགས་ཀྱིས་ཟུར་འཇོག་བྱས་ཡོད་ཅིང་། ཟླ་འདིའི་ཚེས་ ༡༢ བར་དྲ་ཐོག་བརྒྱུད་རྐུབ་སྟེགས་ ༢༠༠༠ ཙམ་བཙོངས་ཡོད་པ་མ་ཟད། ཁ་སང་ནས་བཟུང་སིལ་ཚོང་རྒྱག་མཁན་ཚོར་འཛིན་ཤོག་འཚོང་མགོ་བཙུགས་ཡོད་འདུག
གསར་འགོད་པ། དོན་གྲུབ།