དེ་རིང་སྐབས་ ༡༨ པའི་རྒྱ་ནག་དམར་ཤོག་ཚོགས་པའི་ཚོགས་དུས་ཐེངས་ ༤ པ་པེ་ཅིན་དུ་ཚོགས་མགོ་བརྩམས་ཡོད་པ་དང་། ཚོཊ་ཐོག་ཏུ་ཀྲུའུ་ཡཱོང་ཁང་སོཊ་ཀྱི་གནད་དོན་ཐག་གཅོད་བྱེད་སྲིད་པའི་ཚོད་དཔག་བྱེད་བཞིན་འདུག
དེ་རིང་སྔ་དྲོར་སྐབས་ ༡༨ པའི་རྒྱ་ནག་དམར་ཤོག་ཚོགས་པའི་ཚོགས་དུས་ཐེངས་ ༤ པ་པེ་ཅིན་ཚོགས་ཁང་ཆེན་མོའི་ནང་ཚོགས་མགོ་བརྩམས་ཡོད་པ་དང་། ཚོགས་ཆེན་ཐོག་རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིན་དང་སྲིད་བློན་ལི་ཁེ་ཆིང་གཉིས་ཀྱི་གཙོས་དམར་ཤོག་ཚོགས་པའི་མཐོ་རིམ་མགོ་ཁྲིད་རྣམས་དང་། དབུས་ཨུ་ཡོན་ལྷན་ཁང་གི་འཐུས་མི་སོགས་ཚོགས་ཞུགས་བྱས་ཡོད་པ་དང་། ཚོགས་ཆེན་གྱི་ཉིན་ ༤ རིང་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བ་ཞེས་པའི་བརྗོད་གཞིའི་འོག ཁྲིམས་འཛིན་ལམ་ལུགས་དང་ཏང་ནང་ཁུལ་གྱི་སྒྲིག་ཁྲིམས་བསྒྱུར་བཅོས། ལྐོག་ཟ་རུལ་སུངས་ལ་རྒོལ་རྡུང་གཏོང་བ་སོགས་ཀྱི་ཐོག་བགྲོ་གླེང་བྱེད་བཞིན་ཡོད་པ་དང་། རྒྱ་ནག་དབུས་དམར་ཤོག་ཚོགས་པའི་ཚོགས་ཆེན་ཐོག་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བ་ཞེས་པའི་བརྗོད་གཞི་གཙོ་བོར་བཞག་པ་ཐེངས་དང་པོ་ཆགས་ཡོད་འདུག
རྒྱ་ནག་གཞུང་འབྲེལ་ཤིན་ཧྭ་གསར་ཁང་གིས། ཐེངས་འདིའི་ཚོགས་ཆེན་ཐོག་ལྐོག་ཟ་རུལ་སུངས་ཀྱི་ཞིབ་བཤེར་ཁྲོད། ཁྲིམས་འགལ་ཚབས་ཆེན་གྱི་ནག་ཉེས་ཕོག་པའི་ཅང་ཙེ་མིན་དང་ལི་ཏུང་ཧྲིན། ལི་ཁྲིན་ཁྲུན། ཝང་ཡོང་ཁྲིན། ཝན་ཆིན་ཉིང་སོགས་དབུས་ཨུ་ཡོན་ལྷན་ཁང་གི་འཐུས་མི་དང་ཁ་གསབ་འཐུས་མི་ཚོའི་ནག་ཉེས་ཐེར་འདོན་བྱ་རྒྱུ་ཡིན་པ་མ་ཟད། དམར་ཤོག་ཚོགས་པའི་ནང་ནས་ཕྱིར་འབུད་དང་ལས་གནས་ནས་གནས་དབྱུང་བཏང་སྟེ། འཐུས་མི་ཁ་གསབ་བྱ་རྒྱུ་ཡིན་ལུགས་བསྒྲགས་འདུག གཞན་ཡང་། ཐེངས་འདིའི་ཚོགས་ཆེན་ཐོག་རྒྱ་ནག་དབུས་ཆབ་སྲིད་ལྷན་ཁང་གི་མགོ་ཁྲིད་ཟུར་པ་ཀྲུའུ་ཡཱོང་ཁང་ཏང་ནང་ནས་ཕྱིར་འབུད་བཏང་སྟེ། ཁྲིམས་འཛིན་ལྷན་ཁང་ལ་རྩིས་སྤྲོད་བྱེད་སྲིད་པའི་ཚོད་དཔག་བྱེད་བཞིན་འདུག
གནད་དོན་དབྱེ་ཞིབ་པ་ཚོས། ད་རེས་ཀྱི་ཚོགས་ཆེན་དེ་མངོན་གསལ་དང་མངོན་གསལ་མ་ཡིན་པའི་ཐབས་ལམ་གཉིས་ཀྱི་ཐོག་ནས་འགྲོ་ངེས་པ་དཔེར་ན། མངོན་གསལ་གྱི་ཐབས་ལམ་ནི་གཞུང་འབྲེལ་གྱི་ཡིག་ཆ་དང་གསར་འགྱུར་བརྒྱུད་ལམ་ཁག་ནས་ཡོངས་ཁྱབ་ཀྱིས་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བ་དང་ཁྲིམས་འཛིན་ལམ་ལུགས་བསྒྱུར་བཅོས། ལྐོག་ཟ་རུལ་སུངས་ལ་རྒོལ་རྡུང་གཏོང་བ་སོགས་ཀྱི་བརྗོད་གཞི་སྤེལ་བ་དང་། མངོན་གསལ་མི་ཡིན་པ་ནི་ཚོགས་ཆེན་ཐོག་སྤྱི་མོས་གཏན་འབེབས་བྱུང་བའི་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བའི་ཐབས་ལམ་འོག ཞི་ཅིན་ཕིན་གྱིས་ཀྲུའུ་ཡཱོང་ཁང་གི་གནད་དོན་ནར་འགྱངས་ཀྱིས་ཅང་ཙེ་མེན་དང་ཙིན་ཆིན་ཧོང་སོགས་མཉམ་གཅིག་ཏུ་ཚར་གཅོད་བྱས་ཏེ། ཅང་ཙེ་མེན་ཚོགས་པ་རྩ་མེད་བཟོ་བའི་འགུལ་སྤྱོད་བྱེད་རྒྱུ་དེ་ཡིན་སྐོར་བརྗོད་ཀྱི་འདུག
གསར་འགོད་པ། པདྨ་མཚོ།