དེ་རིང་དྷ་ས་བདེ་ལེགས་སྨན་ཁང་དབུ་བརྙེས་ནས་ལོ་ཉེར་ལྔ་འཁོར་བའི་མཛད་སྒོ་དང་འབྲེལ་༧གོང་ས་མཆོག་ལ་བཀའ་དྲིན་རྗེས་དྲན་གྱི་ལས་དོན་ངོ་སྤྲོད་གནང་སོང་ལ། སྐུ་མགྲོན་གཙོ་བོ་རྒྱལ་བ་ཀརྨ་པ་མཆོག་གིས་བདེ་ལེགས་སྨན་ཁང་གི་སྨན་པ་ཚོས་མུ་མཐུད་ཤུགས་རྒྱག་དགོས་པའི་འབོད་སྐུལ་ཡང་གནང་སོང་།
དེ་རིང་སྔ་དྲོའི་ཆུ་ཚོད་ ༡༠།༥༠ སྟེང་དྷ་ས་གངས་སྐྱིད་བདེ་ལེགས་སྨན་ཁང་རྙིང་པའི་ཡང་སྟེང་དུ། བདེ་ལེགས་སྨན་ཁང་དབུ་བརྙེས་ནས་ལོ་ ༤༣ འཁོར་བའི་དུས་དྲན་དང་བསྟུན་ཏེ། བོད་མིའི་སྒྲིག་འཛུགས་ཀྱིས་ ༢༠༡༤ ལོ་༧གོང་ས་མཆོག་ལ་བཀའ་དྲིན་རྗེས་དྲན་གྱི་ལོ་ལ་སྲུང་གཙི་ཞུ་སོང་། མཛད་སྒོའི་སྐུ་མགྲོན་གཙོ་བོར་དཔལ་རྒྱལ་བ་ཀརྨ་པ་སྐུ་ཕྲེང་ཨོ་རྒྱན་འཕྲིན་ལས་རྡོ་རྗེ་མཆོག་དང་དམིགས་བསལ་སྐུ་མགྲོན་འཕྲོད་བསྟེན་བཀའ་བློན་ཚེ་རིང་དབང་ཕྱུག་མཆོག དེ་བཞིན། ཁྲིམས་ཞིབ་པ་ཆེ་བ་དང་སྤྱི་འཐུས་ཚོགས་གཙོ་ཚོགས་གཞོན། ལྷན་ཁང་ཁག་གི་བཀའ་བློན་རྣམ་པ། རང་དབང་ཅན་གྱི་སྡེ་ཚན་ཁག་གི་འགན་འཛིན་རྣམ་པ། སྤྱི་འཐུས་རྒྱུན་ལས་དང་ལྷན་ཁང་ཁག་གི་དྲུང་ཆེ་རྣམ་པ། བོད་ཁྱིམ་སློབ་གྲྭ་དང་སྨན་རྩིས་ཁང་གཉིས་ཀྱི་འགན་འཛིན། གཞན། བདེ་ལེགས་སྨན་ཁང་གི་ཕྱི་རྒྱལ་རོགས་ཚོགས་ཁག བདེ་ལེགས་སྨན་ཁང་གི་འགན་འཛིན་དང་སྨན་པ། སྨན་ཞབས། ལས་བྱེད་བཅས་ཁྱོན་མི་ ༨༠ ལྷག་འཛོམས་སོང་།
མཛད་སྒོའི་སྔོན་དུ་བདེ་ལེགས་སྨན་ཁང་གི་ཐོག་བརྩེགས་བཞི་ཅན་གྱི་སྨན་པའི་ལས་ཤག་གསར་པ་དབུ་འབྱེད་སོགས་སྔོན་འགྲོའི་ལས་རིམ་ཁག་གྲུབ་རྗེས། སྨན་ཁང་འགན་འཛིན་སྤྱི་འཐུས་ཟླ་བ་ཕུན་སྐྱིད་ལགས་ཀྱིས་བདེ་ལེགས་སྨན་ཁང་གི་ལས་བསྡོམས་ངོ་སྤྲོད་གནད་དོན། བདེ་ལེགས་སྨན་ཁང་ཐོག་མ་ ༡༩༧༡ ལོའི་ ༡༠ ཚེས་ ༤ ཉིན་སྤྱི་ཟུར་རི་ཤིང་ཚེ་དབང་རིག་འཛིན་དམ་པ་མཆོག་གིས་༧གོང་ས་མཆོག་ལ་དྷ་ས་ས་གནས་གཡས་གཡོན་དུ་སྨན་ཁང་དགོས་པའི་གནས་སྟངས་སྙན་གསེང་ཞུས་བར་བཀའ་བཞེས་ཐོབ་སྟེ་ས་ཆ་སོགས་ཀྱི་མཐུན་སྦྱོར་གནང་སྟེ། ༡༩༧༡ ནས་ ༡༩༧༩ ལོའི་བར་དུ་སྐུ་ངོ་དམ་པ་མཆོག་གིས་སྨན་ཁང་ཁང་མིག་ཆུང་ཆུང་གཉིས་ནང་ལས་ཞོར་རྒྱ་གར་སྨན་པ་མོ་ལི་ཆན་ཌི་ (Dr Moolchand) འདིར་ཕེབས་ནས་སྨན་ཞབས་དང་སྨན་སྤྲོད་བཅས་ཀྱི་ལས་བྱེད་ལྔས་ཕྱག་ལས་གནང་པ་རེད། དེའི་རྗེས་ ༡༩༧༩ ལོའི་ཟླ་ ༡ ཚེས་ ༡ ཉིན་སྐུ་ངོ་དམ་པ་མཆོག་གིས་བདེ་ལེགས་སྨན་ཁང་གི་འཛིན་སྐྱོང་ཡོངས་རྫོགས་བོད་གཞུང་ལ་ཕུལ་ཡོད་པ་དང་། ད་ལྟའི་བར་དུ་འགན་འཛིན་རིམ་པ་ལྔ་དང་ལས་བྱེད་མང་པོ་ཞིག་གིས་སྨན་ཁང་ནང་ཕྱག་ལས་གནང་འདུག ད་ལྟའི་ཆར་བདེ་ལེགས་སྨན་ཁང་དུ་སྨན་པ་དང་སྨན་ཞབས། ལས་བྱེད་སོགས་ཁྱོན་མི་ ༤༣ ཡོད་སྐོར་སོགས་ངོ་སྤྲོད་གནང་སོང་།
ཁོང་གིས་མུ་མཐུད་དུ། འཛིན་སྐྱོང་གི་ངོས་ནས་སྨན་པ་དང་ལས་བྱེད་ཀྱི་གསོལ་ཕོག་ཐོག་སྤྱི་ཚོགས་ལ་དཔག་པའི་དྲག་ཙམ་ཕུལ་ཐུབ་རྒྱུ་དང་། སྨན་ཁང་གི་མཐུན་རྐྱེན་དང་དགོས་མཁོ་ཡོ་ཆས་རིགས་དེང་དུས་སྨན་ཁང་ནང་ཡོད་པའི་མཐུན་རྐྱེན་གང་འཚམས་ཤིག་ཚང་ཡོད། སྨན་ཁང་གི་ལས་ཀ་ཆ་ཚང་ཚགས་ཚུད་ཡོང་བའི་རྒྱུ་རྐྱེན་གཙོ་བོ་སྐུའི་བླ་སྨན་ཚེ་བརྟན་རྡོ་རྗེ་མཆོག་གིས་འགན་འཛིན་གྱི་མཚན་ཡོད་མེད་ལ་མ་ལྟོས་པར་ཕྱག་ལས་ལོ་ ༣༡ རིང་གནང་བ་ལ་བརྟེན་ཏེ་བྱུང་བ་ཡིན། ཞེས་བརྗོད་བྱུང་།
འགན་འཛིན་ཟླ་བ་ཕུན་སྐྱིད་ལགས་ཀྱིས་༧གོང་ས་མཆོག་གི་བཀའ་དྲིན་རྗེས་དྲན་སྐོར་ལ། ད་རེབ་གཙོ་བོ་༧གོང་ས་མཆོག་གི་བཀའ་དྲིན་རྗེས་དྲན་སྲུང་གཙི་ཞུ་ཡི་ཡོད་སྟབས། བདེ་ལེགས་སྨན་ཁང་གི་ལས་བྱེད་ཚོས་ཕྱག་དངུལ་བསྡུས་ནས་དངུལ་ཉུང་ཉུང་ཞིག་ཕུལ་ཐུབ་པ་བྱུང་བ་དང་། དེ་མིན། ད་ལོའི་ཟླ་ ༡༢ པའི་ནང་འདིར་ཉི་ཧོང་སྨན་པ་ཁག་ཅིག་གདན་འདྲེན་ཞུས་ཏེ་རིན་མེད་ཐོག་རྒྱ་གར་དང་བོད་པ་ཚོའི་མིག་ཤག་བཅོས་གནང་རྒྱུ་ཡིན་པ་དང་། དེ་བཞིན་རྒྱ་གར་གྱི་གྲོང་གསེབ་ཁག་ཏུ་སྨན་བཅོས་བྱ་འཆར་ཡོད། ལོ་ལྟར་དྷ་ས་བྱམས་པ་གླིང་རྒན་གསོ་ཁང་གི་རྒན་རྒོན་ཚོར་སྨན་ཡོན་བརྒྱ་ཆ་ལྔ་བཅུ་ཆགས་ཡང་གཏོང་གི་ཡོད་ཀྱང་། ད་ལོའི་༧གོང་ས་མཆོག་གི་སྐུའི་འཁྲུངས་སྐར་ནས་བཟུང་ལོ་གཅིག་རིང་བདེ་ལེགས་སྨན་ཁང་གིས་ཁོང་ཚོའི་སྨན་ཡོན་ཆ་ཚང་ཕུལ་གྱི་ཡིན་ཞེས་ནང་སྲིད་ལས་ཁུངས་ལ་ཞུས་ཡོད། དེ་དག་ཚང་མ་༧གོང་ས་མཆོག་གི་བཀའ་དྲིན་རྗེས་དྲན་གྱི་ལས་འཆར་ཡིན། ཞེས་བརྗོད་ སོང་།
ན་ནིང་འཛམ་གླིང་འཕྲོད་བསྟེན་ལྷན་ཚོགས་ཀྱིས་བདེ་ལེགས་སྨན་ཁང་ལ་གཟེངས་རྟགས་ཤིག་ཕུལ་གཏན་འཁེལ་རྗེས་སུ་ཕྱིར་འཐེན་བྱས་པའི་སྐོར་ཁོང་གིས། ན་ནིང་འཛམ་གླིང་འཕྲོད་བསྟེན་ལྷན་ཚོགས་ཀྱི་ཊི་སྦི་ཚོགས་པའི་ངོས་ནས་བདེ་ལེགས་སྨན་ཁང་གིས་ད་ལྟའི་བར་ཊི་སྦི་ལས་གཞི་དང་ལས་ཀ་བྱས་པའི་སྐོར་ལ་ཞིབ་འཇུག་ གནང་མཐར། ཕྱི་ཟླ་ ༡༠ པའི་ནང་ཧྥ་རན་སི་རྒྱལ་སར་འཛམ་གླིང་གི་གློ་བ་དང་ཊི་སྦི་ནད་གཞི་ལ་ཕན་ཐོགས་བྱུང་བའི་ཚོགས་འདུའི་སྟེང་། བདེ་ལེགས་སྨན་ཁང་ལ་ཊི་སྦི་ན་ཚ་ཐོག་ནས་བྱ་དགའ་གནང་གཏན་འཁེལ་ཏེ། སྐུའི་བླ་སྨན་ཚེ་བརྟན་རྡོ་རྗེ་མཆོག་དང་སྨན་པ་གཉིས་ཕར་འགྲོ་རྒྱུར་གྲ་སྒྲིག་བྱེད་སྐབས། རྒྱ་ནག་གཞུང་གིས་སྣོན་ཤུགས་འོག་བྱ་དགའ་དེ་ང་ཚོར་སྤྲོད་རྒྱུ་ཕྱིར་འཐེན་བྱས་འདུག བྱ་དགའི་དངུལ་འབོར་ལ་ཆ་བཞག་ན་ཨ་སྒོར་ ༦༥༠༠༠ རེད། ང་ཚོར་བྱ་དགའ་དེ་མ་ཐོབ་པའི་གནས་ཚུལ་འཛམ་གླིང་ནང་སྙན་གྲགས་ཆེ་བའི་ཚགས་ཤོག་ (The Wall Street Journal ) སོགས་སུ་ཐོན་སྟབས། མི་མང་པོ་ཞིག་གིས་དོ་སྣང་བྱུང་སྟེ་གཟེངས་རྟགས་དེ་ལས་ལྷག་པའི་དངུལ་གྱི་རོགས་ཕན་ང་ཚོར་གནང་སོང་། ཕྱག་དངུལ་རག་པར་མཚོན་ན། ཨ་རིའི་མི་ཚང་ཅིག་གིས་ད་ལོ་ནས་བཟུང་ལོ་རེར་ཨ་སྒོར་འབུམ་གཅིག་རེ་སྤྲོད་རྒྱུ་མགོ་འཛུགས་བྱས་ཡོད། རྒྱ་གར་གྱི་ཊི་སྦི་དང་འབྲེལ་ཡོད་ཚོགས་པ་ཞིག་གིས་ཧིན་སྒོར་འབུམ་ ༢༧ དང་སུད་སིའི་ཚོགས་པ་ཞིག་གིས་ཧིན་སྒོར་འབུམ་ ༢༨ གནང་སོང་། ཞེས་བརྗོད་བྱུང་།
མཇུག་ཏུ། སྐུ་མགྲོན་གཙོ་བོ་དཔལ་རྒྱལ་བ་ཀརྨ་པས་མཆོག་གིས། ང་རང་སྒེར་ལ་ཆ་བཞག་ན་ནམ་རྒྱུན་གཟུགས་པོ་བདེ་བོ་མེད་སྐབས་སྐུའི་བླ་སྨན་ཚེ་བརྟན་ལགས་སྐད་གཏོང་གི་ཡོད། གང་ལྟར་ང་རང་ཚོ་དྷ་རམ་ས་ལའི་གཡས་གཡོན་དུ་ཡོད་པའི་བོད་པ་ཙམ་མ་ཟད། གཞིས་ཆགས་ཁག་ནང་ཡོད་པའི་བོད་མི་མང་པོ་ཞིག་འདིར་ཡོང་ནས་སྨན་བཅོས་གནང་གི་ཡོད་པ་རེད། དེ་བཞིན་རྒྱ་གར་གྱི་ཡུལ་མི་ཚོ་ལའང་ཕན་ཐོགས་ཆེན་པོ་ཡོང་གི་ཡོད་ས་རེད། བདེ་ལེགས་སྨན་ཁང་གི་སྨན་པའི་ཀུན་སློང་དང་ཀུན་སྤྱོད། ལག་རྩལ་བཅས་ཀྱི་ཐོག་ནས་ང་ཚོ་ངོ་གནོང་མ་དགོས་པ་དང་ལྷག་པར་དུ་ཊི་སྦི་ན་ཚའི་ཐོག་གནས་ཚད་འབུར་དུ་ཐོན་པ་བྱུང་བ་ང་ཚོ་བོད་མི་བཙན་བྱོལ་བ་ཚང་མའི་གཟི་བརྗིད་དང་། བོད་རིགས་སྨན་པ་ཚོ་ཚང་མས་མིག་དཔེ་ལྟ་འོས་པ་ཞིག་རེད། ད་རེབ་མཛད་སྒོ་འདི་དང་བསྟུན་ཏེ་ང་རང་གི་ངོས་ནས་བདེ་ལེགས་སྨན་ཁང་གི་ལས་བྱེད་ཚང་མར་ཐུགས་རྗེ་ཆེ་ཞུས་པ་ཡིན། མ་འོངས་པར་ཡང་སྐྱེ་བོ་མཆོག་དམན་ཐམས་ཅད་ལ་བརྩེ་བ་ཆེན་པོས་མུ་མཐུད་ནས་སྨན་པ་དང་འཛིན་སྐྱོང་ཚང་མས་འཐུས་ཤོར་མེད་པར་གནང་རོགས་ཞུ་རྒྱུ་ཡིན། དེ་ལྟར་བྱས་པ་ཡིན་ན་༧རྒྱལ་བའི་བཀའ་དྲིན་རྗེས་དྲན་ཞུས་པ་ཚིག་ཙམ་མ་ཡིན་པར་དོན་གྱི་ཆ་ནས་ཀྱང་གཞན་ཕན་སྒྲུབ་ན། དེ་ལས་ལྷག་པའི་༧རྒྱལ་བ་རྒྱས་པའི་ཐབས་ལམ་ཞིག་མེད་སྟབས། ཚང་མས་མུ་མཐུད་སོ་སོའི་རྩ་བའི་བླ་མ་༧རྒྱལ་བ་ཐམས་ཅད་མཁྱེན་པའི་བཀའ་དྲིན་རྗེས་དྲན་ཞུ་བའི་ཐབས་མཆོག་ཏུ་གྱུར་བ་དེ་གཞན་དོན་བསྒྲུབ་རྒྱུ་དང་། ལྷག་པར་དུ་ནད་པ་དང་མགོན་མེད་སྐྱབས་མེད་དུ་གྱུར་བ་ཚོ་མགོན་སྐྱབས་ཐུགས་ཀྱི་དཀྱིལ་དུ་བཞག་གནང་རོགས་ཞུ་རྒྱུ་ཡིན།
གཞན་མང་པོ་ཞིག་ཞུ་ཐུབ་ཀྱི་མི་འདུག དེང་སང་གཟུགས་པོའི་གནས་སྟངས་བདེ་མིན་གྱི་དབང་གིས་མང་པོ་ཞུ་དགོས་བསམ་ཡང་ཞུ་ཐུབ་ཀྱི་མི་འདུག ང་རང་ངོས་ནས་སྐུའི་བླ་སྨན་ཚེ་བརྟན་ལགས་ངོ་ཤེས་འདྲེས་པོ་ཡིན་སྟབས། ཁོང་བརྒྱུད་ནས་བདེ་ལེགས་སྨན་ཁང་ལ་ཕན་ཐོགས་རོགས་རམ་ག་རེ་དགོས་ན་ཞུ་དགོས་བསམ་བསྡད་ཡོད། ཅེས་གསུངས་སོང་།
གསར་འགོད་པ། ལྷ་སྐྱབས་རྒྱལ།