དེ་རིང་ཤེས་རབ་དགའ་ཚལ་སློབ་གླིང་གི་ཐ་སྙད་གསར་པའི་འགྲན་ཚོགས་དབུ་འབྱེད་ཐོག སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་གིས་ད་ལྟའི་བོད་ནང་ལོགས་དང་བོད་ནས་བཙན་བྱོལ་དུ་ཡོང་བ་ཚོར་བོད་ཡིག་གི་གནས་ཚད་ཡག་པོ་ཡོད་པ་དེ། པཎ་ཆེན་རིན་པོ་ཆེ་སྐུ་ཕྲེང་བཅུ་པའི་བཀའ་དྲིན་ཡིན་ལ། ཁོང་གིས་བོད་སྐད་ཡིག་ཐོག་རླབས་ཆེན་གྱི་མཛད་པ་ཞིག་བཞག་ཡོད་པ་རེད་ཅེས་གསུངས་སོང་།
དེ་རིང་སྔ་དྲོའི་ཆུ་ཚོད་ ༩ པ་ཙམ་ལ་ཤེས་རབ་དགའ་ཚལ་སློབ་གླིང་དུ། སྐབས་གཉིས་པའི་བོད་ཀྱི་ཐ་སྙད་གསར་པའི་ཤེས་བྱའི་འགྲན་ཚོགས་དབུ་འཛུགས་གནང་སོང་ལ། སྐུ་མགྲོན་གཙོ་བོ་སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་དང་། སྤྱི་འཐུས་འབའ་བ་སྐལ་བཟང་རྒྱལ་མཚན་ལགས་དང་གསེར་རྟ་ཚུལ་ཁྲིམས་ལགས། ཤེས་རིག་ལས་ཁུངས་ཀྱི་བརྡ་ཆད་གཏན་འབེབས་ཚོགས་ཆུང་གི་རྩོམ་སྒྲིག་ལས་རོགས་ཨོ་རྒྱན་བསྟན་འཛིན་ལགས། བོད་ཀྱི་བརྡ་འཕྲིན་ཞིབ་འཇུག་ཁང་གི་འགན་འཛིན་དགེ་བཤེས་བློ་བཟང་སྨོན་ལམ་ལགས། དེ་བཞིན་སློབ་གྲྭ་དང་དགོན་སྡེ་ཁག་ ༡༦ ནས་ཆེད་དུ་བཅར་བའི་འགྲན་ཞུགས་པ་གྲྭ་བཙུན་དང་སློབ་ཕྲུག་ ༨༠ དང་། ཤེས་རབ་དགའ་ཚལ་སློབ་གླིང་གི་སློབ་སྤྱི་ཚེ་རིང་གཡུ་སྒྲོན་ལགས་ཀྱིས་གཙོས་དགེ་ལས་སློབ་ཕྲུག་བཅས་འཛོམས་འདུག
ཚོགས་འདུ་དབུ་འབྱེད་ཀྱི་ཐོག་མར་སྐུ་མགྲོན་གཙོ་བོ་མཆོག་ནས་ཤེས་རབ་དགའ་ཚལ་སློབ་གླིང་གི་སློབ་ཟུར་རྒྱ་གར་རྒྱལ་ས་ལྡི་ལིར་བོད་པའི་བདེན་དོན་ཆེད་རང་ལུས་མེར་བསྲེགས་གནང་མཁན་རྒྱལ་གཅེས་དཔའ་བོ་འཇམ་དཔལ་ཡེ་ཤེས་ལགས་ཀྱི་དྲན་རྟེན་རྡོ་རིང་དབུ་འབྱེད་གནང་བ་དང་འབྲེལ། སྐུ་མགྲོན་དང་དགེ་སློབ་ཡོངས་ནས་རྡོ་རིང་ལ་མཇལ་དར་བསྒྲོན་རྗེས་སློབ་གྲྭའི་ཚོགས་ཁང་དུ་འཛོམས་ཏེ་ཚོགས་འདུ་དངོས་སུ་དབུ་འཛུགས་གནང་སྟེ། སློབ་སྤྱི་ཚེ་རིང་གཡུ་སྒྲོན་ལགས་ཀྱིས་སློབ་གྲྭའི་ལས་བསྡོམས་སྙན་སྒྲོན་ཞུས་པ་དང་། སྐུ་མགྲོན་གཙོ་བོ་མཆོག་ནས་ཡིག་འབྲེལ་གྱི་ལམ་ནས་རྒྱ་གར་རྒྱལ་ཡོངས་འཛིན་རིམ་བཅུ་པའི་ཡིག་རྒྱུགས་འཕྲོད་པའི་སློབ་མ་བུ་ ༢ དང་བུ་མོ་ ༢ ལ་ལག་འཁྱེར་བཅས་གནང་སོང་།
སྐབས་དེར་སློབ་གྲྭའི་སྤྱི་ཁྱབ་རྒན་བདག་འཕྲིན་ལས་དོན་གྲུབ་ལགས་ཀྱིས། རྒྱ་ནག་གིས་དངོས་ཤུགས་བརྒྱུད་གསུམ་ནས་སྤེལ་བའི་སྲིད་བྱུས་འོག བོད་ཁུལ་གྱི་སློབ་གྲྭ་ཁག་ཏུ་བོད་སྐད་ཡིག་ནི་སྐད་ཡིག་གཉིས་པའི་གནས་སུ་གྱར་ཡོད་པ་དང་། དེ་བཞིན་དགོན་སྡེ་ཁག་ཏུ་རྒྱལ་གཅེས་ཆོས་གཅེས་ལས་འགུལ་སྤེལ་ཏེ་གྲྭ་བའི་གྲངས་ཚད་ཚོད་འཛིན་དང་དགོན་པ་སྒོ་བརྒྱབ་སོགས་ཀྱིས་ནང་བསྟན་རིག་གནས་ལ་སློབ་སྦྱོང་བྱེད་མཁན་ཇེ་ཉུང་དུ་འགྲོ་བཞིན་ཡོད་པ་དང་། ལྷག་པར་དུ་རྒྱལ་གཅེས་དཔའ་བོ་དཔའ་མོ་དག་གིས་གཅེས་པའི་ལུས་སྲོག་བློས་གཏོང་དོན་ཡང་མདོར་བསྡུས་ན་བོད་ཀྱི་ཐུན་མོང་མ་ཡིན་པའི་ཆོས་དང་རིག་གཞུང་གྱི་སྲོག་རྩར་གྱུར་བའི་སྐད་ཡིག་གི་ཆེད་དུ་ཡིན་པ་སྨོས་མི་དགོས། ༧གོང་ས་མཆོག་གི་བཀའ་དྲིན་རྗེས་དྲན་གྱི་ལོ་འདིར། ཤེས་རབ་དགའ་ཚལ་སློབ་གླིང་གིས་རྒྱལ་བའི་བཀའ་སློབ་ལམ་སྟོན་རྣམས་སྙིང་ལ་བཅངས་ཏེ། སློབ་གྲྭའི་རྒན་བདག་ཁ་ཤས་ཀྱིས་འགན་འཁུར་ཏེ། ད་ལོའི་ལ་དྭགས་ཀྱི་དུས་དབང་ཐེངས་ ༣༣ པ་ཞུ་རུ་འགྲོ་བར་འགྲོ་གྲོན་མ་དངུལ་བསླངས་ནས་ཁྱོན་ཧིན་སྒོར་འབུམ་བཅུ་དྲུག་དང་ཁྲི་ལྔ་ལྷག་(༡༦༥༨༥༢༤) བྱུང་བ་དང་། སློབ་མ་རྣམས་དུས་དབང་ཞུ་བར་ཕྱིན་པ་ལ་ཁྱོན་ཧིན་སྒོར་ ༩༩༣༥༠༧ དང་། སློབ་གྲྭར་ཞལ་འདེབས་སུ་ཕུལ་བའི་དཔེ་དེབ་ལ་ཧིན་སྒོར་ཁྲི་ ༥། དགེ་རྒན་དུས་ཆེན་ལ་སྒོར་ ༥༥༩༥༦ ། འཇམ་དཔལ་ཡེ་ཤེས་དྲན་རྟེན་རྡོ་རིང་ལ་སྒོར་ ༡༥༠༠༠༠། སློབ་གྲྭར་སྒྲ་གཏོང་མ་ལག་ཆ་ཚང་ཞིག་ཉོས་བར་སྒོར་ ༨༥༠༠༠ ། སློབ་གྲྭའི་ཁོར་ཡུག་གཙང་སྦྲའི་ཆེད་གད་སྙིགས་སྒམ་སོགས་ཉོས་པར་སྒོར་ ༥༠༤༠ བཅས་བཏང་རྗེས། ད་དུང་ཞལ་འདེབས་དངུལ་འབོར་ཆེན་ལྷག་ཡོད་པ་རྣམས་ཆུད་ཟོས་སུ་མ་བཏང་བར་བོད་སྐད་ཡིག་གི་གནས་སྟངས་མི་ཉམས་གོང་འཕེལ་ཆེད། བོད་ཕྱི་ནང་གཉིས་ནས་གཏན་འབེབས་བྱས་ཟིན་པའི་བརྡ་ཆད་དག་ལས། ཉིན་རེའི་འཚོ་བའི་ཁྲོད་མཁོ་སྤྱོད་ཆེ་བའི་ཐ་སྙད་ ༦༠༠ ཙམ་ཟུར་དུ་བླངས་ཏེ་ཐ་སྙད་གསར་པའི་འགྲན་ཚོགས་འདི་གོ་སྒྲིག་བྱས་པ་ཡིན་སྐོར་བརྗོད་སོང་།
ཤེས་རབ་དགའ་ཚལ་སློབ་གླིང་གི་སློབ་སྤྱི་ཚེ་རིང་གཡུ་སྒྲོན་ལགས་ཀྱིས་ལས་བསྡོམས་སྙན་སྒྲོན་ཞུ་སྐབས། ཤེས་རབ་དགའ་ཚལ་སློབ་གླིང་འདི་ཕྱི་ལོ་ ༡༩༩༣ ལོར་གསར་དུ་བཙུགས་པ་དང་། དང་ཐོག་སློབ་ཕྲུག་ ༡༠༧ ཡོད་པ་ནས་ད་ལྟའི་བར་ཁྱོན་སློབ་མ་ ༧༣༦༧ འཛུལ་ཞུགས་བྱས་མྱོང་ཞིང་། ད་བར་སློབ་མཐར་ཕྱིན་པའི་སློབ་མ་ ༣༥༠༩ ཡོད་པ་དང་། ད་སྐབས་སྤྱི་ཚོགས་ཐོག་གསར་འགོད་པ་དང་རྩོམ་སྒྲིག་པ། གཞུང་ཞབས་ལས་བྱེད། དགེ་རྒན་སོགས་ཀྱི་ལས་ཀ་གཉེར་བཞིན་ཡོད། ད་ལྟའི་ཆར་སློབ་གྲྭའི་ནང་བུ་ ༡༡༥ དང་བུ་མོ་ ༧༥ བཅས་ཁྱོན་སློབ་མ་ ༡༩༠ དང་། དགེ་ལས་ ༤༢ ཡོད། ཕྱི་ལོ་ ༢༠༡༡ ལོར་སློབ་གྲྭ་འདི་སཾ་བྷོ་ཊ་སློབ་འཛིན་ཚོགས་ཀྱི་ཁུངས་སུ་བཅུག་སྟེ། ༢༠༡༣ ལོར་བཀའ་ཤག་དང་སཾ་བྷོ་ཊ་གཉིས་ནས་སློབ་མ་ཚོར་སྤྱི་ཚོགས་ཀྱི་ངོས་ལེན་ཡོད་པའི་ཚད་ལྡན་ལག་ཁྱེར་ཐོབ་ཆེད་སློབ་ཡུན་རིང་ཤོས་ལོ་ ༨ དང་། ཚེམ་བཟོ་ལ་ལོ་ ༣། མ་བྱན་སྦྱོང་བརྡར་ལ་ལོ་ ༡།༦། ལྷ་བྲིས་ལ་ལོ་ ༥། གློག་ཀླད་ཆེད་སྦྱོང་ལ་ལོ་ ༣ སོགས་སྡེ་ཚན་མི་འདྲ་བ་ལ་སློབ་སྦྱོང་གི་དུས་ཡུན་ཡང་མ་འདྲ་བ་ཡོད་པ་དང་། དེ་སྔོན་སློབ་གྲྭ་ནས་ཐོན་ཟིན་པ་དང་ཚོགས་སྡེ་གཞན་ནས་ཐོན་པའི་ཤེས་ཡོན་ལ་དོ་སྣང་ཡོད་མཁན་ ༢༥ སློབ་འཇུག་བྱས་ཏེ། སླར་ཡང་སློབ་སྦྱོང་བྱེད་པའི་གོ་སྐབས་རག་ཡོད་སྐོར་སོགས་བརྗོད་སོང་།
སྐུ་མགྲོན་གཙོ་བོ་སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་གིས་འགྲན་ཚོགས་དང་འབྲེལ་བའི་གསུང་བཤད་གནང་དོན། རིག་གནས་གསར་བརྗེ་སྐབས་རྒྱ་ནག་སྤྱི་ཡོངས་དང་ལྷག་པར་དུ་བོད་ནང་བོད་ཀྱི་སྐད་ཡིག་དང་རིག་གཞུང་གི་གཙོས་གནས་སྟངས་མང་པོ་ཞིག་ལ་གྱོང་གུད་ག་འདྲ་ཞིག་ཕྱིན་ཡོད་མེད་ཚང་མས་ཤེས་པ་རེད། བོད་ནང་གུ་ཡངས་ཕྲན་བུ་བྱུང་རྗེས་པཎ་ཆེན་སྐུ་ཐོག་གོང་མས་བོད་ནང་སློབ་གྲྭ་གསར་འཛུགས་གནང་བ་དང་། ལྷག་པར་དུ་བོད་སྐད་ཡིག་ཐོག་དོ་སྣང་བྱེད་པར་ཐུགས་ཁུར་ཆེན་པོ་ཞིག་བཞེས་ཡོད་པ་རེད། ད་ལྟའི་བོད་ནང་ལོགས་དང་བོད་ནས་བཙན་བྱོལ་དུ་ཡོང་བ་ཚོར་བོད་ཡིག་གི་གནས་ཚད་ཡག་པོ་ཡོད་པ་དེ། པཎ་ཆེན་རིན་པོ་ཆེ་སྐུ་ཕྲེང་བཅུ་པའི་བཀའ་དྲིན་ཡིན་ལ། ཁོང་གིས་བོད་སྐད་ཡིག་ཐོག་རླབས་ཆེན་གྱི་མཛད་པ་ཞིག་བཞག་ཡོད་པ་རེད་བསམ་གྱི་ཡོད། ཅེས་གསུངས་སོང་། ཡང་ཁོང་གིས། ད་ལྟའི་དུས་ཚོད་ནང་བོད་སྐད་ཡིག་ཐོག་འགན་འཁུར་མཁན་ཡག་པོ་ཁ་ཤས་ཡོད་པ་དེ་ཚོའི་རྗེས་སུ་གཞན་ཚང་མ་ཞུགས་པ་ཡིན་ན། ང་ཚོ་ཚང་མས་བོད་སྐད་ཡིག་སྲ་ཐག་ཐག་ཅིག་དང་བོད་མི་རིགས་ཀྱི་ངོ་བོ་སྲུང་སྐྱོབ་ ཐུབ་པའི་གནས་བབ་ཅིག་ཏུ་འགྱུར་ངེས་རེད། དེའི་ཕྱིར་བོད་སྐད་ཡིག་གི་འགྲན་ཚོགས་འདི་ལྟ་བུ་ཤེས་རབ་དགའ་ཚལ་སློབ་གླིང་གི་སློབ་ཕྲུག་ཚོས་འགན་འཁུར་ཏེ་གོ་སྒྲིག་བྱས་པ་ནི་གཟི་བརྗིད་རེད་བསམ་གྱི་ཡོད། ཤེས་རིག་ལས་ཁུངས་དང་སཾ་བྷོ་ཊ་སྒྲིག་འཛུགས་ལ་འདིའི་ཐད་འགན་ཆེ་རུ་ཆེ་རུ་འགྲོ་བཞིན་ཡོད་པ་རེད། ད་རེབ་འགྲན་ཚོགས་ནང་མང་ཆེ་བ་ཞིག་དགོན་སྡེ་ཁག་དང་བོད་ཕྲུག་ཁྱིམ་སྡེའི་ཁྱབ་ཁོངས་ཀྱི་སློབ་གྲྭ་ཁག་མ་གཏོགས་མི་འདུག་གཱ། བོད་སློབ་འཛིན་ཚོགས་ཀྱི་ཁྱབ་ཁོངས་སློབ་གྲྭ་ཁག་ནང་རིམ་གྱིས་ཚོགས་འདུ་འདི་འདྲ་འཚོགས་དགོས་པ་དེ་ཧ་ཅང་གལ་ཆེན་པོ་རེད། ཅེས་གསུངས་སོང་།
དཔའ་བོའི་རྡོ་རིང་བཞེངས་བའི་དགོས་དམིགས་སྐོར་ལ་ཚོགས་འདུ་གོ་སྒྲིག་ཚོགས་ཆུང་གི་ཚོགས་མི་སྣང་སྐྱབས་ལགས་ཀྱིས། ང་ཚོས་འདི་ནས་རང་ཉིད་བོད་ཀྱི་རྒྱལ་གཅེས་དཔའ་བོ་ཞིག་ཏུ་མ་གྱུར་རུང་རྒྱལ་གཅེས་དཔའ་བོ་དེ་དག་གི་སྙིང་སྟོབས་དང་བློས་གཏོང་དེ་ཚོར་བརྩི་བཀུར་ཞུ་ཡི་ཡོད། འདི་འདྲའི་རྩ་དོན་ཞིག་གི་སྟེང་ནས་རྒྱལ་གཅེས་དཔའ་བོའི་རྡོ་རིང་འདི་བཞེངས་ཡོད། འདིས་ད་ལྟ་བར་དུ་བོད་མི་རིགས་ཀྱི་ལ་རྒྱ་དང་དྲང་བདེན་གྱི་ཆེད་དུ་གཅེས་པའི་ཚེ་སྲོག་འབུལ་མཁན་ཚང་མར་རྗེས་དྲན་དང་གུས་བརྩིའི་རྣམ་པ་མཚོན་པ་མ་ཟད། ལྷག་པར་དུ་ང་ཚོ་ཤེས་རབ་དགའ་ཚལ་སློབ་གླིང་གི་རྒྱལ་གཅེས་དཔའ་བོ་འཇམ་དཔལ་ཡེ་ཤེས་ལགས་གི་བླ་ན་མེད་པའི་ལྷག་བསམ། དོ་ཟླ་དབེན་པའི་སྙིང་སྟོབས་ལ་ཐེངས་སོ་གསུམ་པའི་དུས་དབང་གོ་སྒྲིག་ཚོགས་ཆུང་གི་ངོས་ནས་གཙོ་ཁྲིད་ཐོག་རྗེས་དྲན་གྱི་རྡོ་རིང་འདི་བཞེངས་པ་ཡིན། ཞེས་བརྗོད་སོང་།
གསོལ་ཇའི་བར་སེང་གི་རྗེས་སུ་བགྲོ་གླེང་དངོས་སུ་དབུ་འཛུགས་ཀྱིས་སྤྱི་འཐུས་འབའ་བ་སྐལ་བཟང་རྒྱལ་མཚན་ལགས་ཀྱིས་༼བོད་ཀྱི་སྐད་ཡིག་དང་དེང་དུས་ཡིག་བསྒྱུར་དབར་གྱི་འབྲེལ་བ་གླེང་བ།༽ཞེས་པའི་བརྗོད་གཞིའི་ཐོག་གཏམ་བཤད་གནང་ཡོད་པ་དང་། ཉིན་རྒྱབ་ཏུ་གློག་ཀླད་ཆེད་མཁས་པ་བློ་བཟང་སྨོན་ལམ་ལགས་དང་བོད་ཀྱི་ནང་བསྟན་སྲི་ཞུ་ཁང་གི་འགན་འཛིན་ངག་དབང་འཕྲིན་ལས་ལགས། ཤེས་རིག་ལས་ཁུངས་ཀྱི་བརྡ་ཆད་གཏན་འབེབས་ཚོགས་ཆུང་གི་རྩོམ་སྒྲིག་ལས་རོགས་ཨོ་རྒྱན་བསྟན་འཛིན་ལགས་བཅས་ཀྱིས། ༼བོད་ཀྱི་སྐད་ཡིག་དང་དྲ་རྒྱའི་རིག་གནས་ཀྱི་འབྲེལ་བ་གླེང་བ།༽དང་༼བོད་ཀྱི་སྐད་ཡིག་གི་མ་འོངས་པ་གླེང་བ༽། ༼བོད་ཀྱི་བརྡ་ཆད་གཏན་འབེབས་སྐབས་ཀྱི་དཀའ་གནད་སྐོར་གླེང་བ།༽བཅས་ཀྱི་བརྗོད་ གཞིའི་ཐོག་བགྲོ་གླེང་དང་དྲི་བ་དྲིས་ལན་གནང་ཡོད་པ་དང་། སང་ཉིན་ཐ་སྙད་འགྲན་སྡུར་དངོས་སུ་མགོ་འཛུགས་བྱ་རྒྱུ་ཡིན་པ་དང་། འགྲན་ཚོགས་མཇུག་བསྡོམས་ཐོག་ཤེས་རིག་བཀའ་བློན་དངོས་གྲུབ་ཚེ་རིང་མཆོག་ཆེད་ཕེབས་ཀྱིས། འགྲན་ཞུགས་པ་རྩེ་ཕུད་ཚོར་གཟེངས་རྟགས་དང་མཇུག་བསྡོམས་གསུང་བཤད་གནང་རྒྱུ་ཡིན་འདུག
གསར་འགོད་པ། པདྨ་མཚོ།
བོད་པའི་སྐད་ཡིག་ནི་བོད་མི་རིགས་ཀྱི་གསོན་རྩ་ཡིན། བཙན་བྱོལ་ལ་སློབ་ཁག་ཚོའི་ནང་ལ་བོད་ཕྲུག་གི་གྲངས་ཚད་ཉུང་དུ་འགྲོ་བ་ལ་བལྟས་ན་ཧ་ཅང་གི་ཡ་ང་བའི་གནས་སུ་འགྱུར་བཞིན་ཡོད། བོད་པའི་མི་འབོར་ཉུང་དུ་འགྲོ་བ་དང་ཆ་ལ་བོད་པའི་ཆོས་དང་། རིག་གཞུང་མི་ཉམས་རྒྱུན་འཛིན་བྱེད་དགོས་པའི་བཀའ་རྒྱ་གཏོང་མཁན་གཞུང་ལས་པ་མང་བ་ལས་བཀའ་ལ་བརྩི་བཀུང་དང་ལེན་ཞུ་མཁན་གྱི་ལ་རྒྱ་ལྡན་པའི་བོད་མི་གཙང་གཙང་ཉུང་།
བཀྲིས་ཚེ་རིང་ལགས། དཔེ་སྟོན་སློབ་གྲྭ་དེ་ཤེས་རབ་དགའ་ཚལ་གླིང་དུ་སྤོར་རྒྱུ་གོང་རིམས་ཐག་གཅོད་ཟིན་ཀྱང་། ཤེས་རབ་དགའ་ཚལ་གླིང་གི་གཤམ་གྱི་སློབ་ཕྲུག་རྣམས་ཀྱིས་ཁས་ལེན་མ་བྱས་པར་ལྷག་པ་རེད། དེ་བརྟེནདཔེ་སྟོན་སློབ་མ་རྣམས་ཀྱིས་འཛིན་གྲྭ་བཅུ་བའི་ཡིག་ཚད་དེ་་ཅོན་ཏ་ར་་ས྄མ་བྷོ་ཊ་ནང་བཏང་བ་དང་། འཛིན་བཅུ་ཐོན་རྗེས་སློབ་གྲྭ་ནས་ཁ་བྲལ་དགོས་བཟོས་པ་རེད། དེ་ང་ཚོ་་མཚོན་ན་མི་རིགས་ཤིག་གི་གྱོང་རྒུད་ཞིག་དུ་ངོས་འཛིན་བྱེད་བཞིན་ཡོད། ད་་དུང་སྔོན་ཆད་སློབ་མ་མང་པོ་ཡོད་པ་དང་། ད་སྐབས་སློབ་མ་མང་པོ་མེད་པ་དེ་བོད་ནས་ཕེབས་མཁན་ཉུང་པས་རྒྱུ་མཚན་རེད། དེ་ཤེས་རབ་དགའ་ཚལ་གླིང་གཅིག་མ་རེད། བཙན་བྱོལ་ནང་དགོན་པ་དང་སློབ་གྲྭ་ཁག་ཚང་མ་གཅིག་པ་རེད། དེ་བརྟེན་ས་མཚམས་ཁག་དུ་ཕྲུག་གུ་འཚོལ་དུ་འགྲོ་མཁན་ཉིན་བཞིན་ཉེ་མང་རེད། རང་གི་སྐད་ཆ་དེ་རྒྱུ་མཚན་དང་གནས་ལུགས་།འགན་ཁུར་དང་། ཕུགས་བསམ་སོགས་ཡོད་དམ། དཔྱད་པ་བྱེད་རོགས། དཔེ་སྟོན་ནི་བཙན་བྱོལ་བོད་ཕྲུག་རྣམས་བོད་མི་ཚད་ལྡན་ཞིག་ཆག་ཆེད་དུ་བཙུག་པའི་སློབ་གྲྭ་གལ་གནད་ཆེ་བ་ཞིག་རེད། དེ་ཡི་མཐུན་རྐྱེན་དང་། ཤེས་རིག་དགའ་ཚལ་གླིང་བསྡུར་ས་གང་ལེགས་པ་འདུག་གམ། སྟོན་སློབ་གྲྭ་ད་ལོ་ཕྲུག་གུ་གསར་ཞུགས་༨༠་ལྷག་སླེབས་ཡོད་རེད། འོན་ཀྱང་འཛིན་ཁང་གཅིག་ནང་ཕྲུག་༤༠ ལས་ཤོང་གི་མེད་པ་རེད།་ དེ་བརྟེན་ཕྲུག་གུ་ཁ་ཤས་ཚུད་མེད་པ་རེད། དེ་ལོ་ཡིན་ར་ལུག་ནང་བཞིན་བླུགས་ན་འགྲིག་གི་མ་རེད་བ། ཤེས་རབ་དགའ་ཚལ་གླིང་དུ་སློབ་མ་ཉུང་དུ་ཕྱིན་ དཔེ་སྟོན་ལ་སློབ་མ་མང་དུ་ཕྱིན་ན་ དེ་མཉམ་བསྲེས་བྱས་ན་གཉིས་ཕན་རེད་པ། མཐའ་བསྡོམས་རང་ལ་དྲི་བ་ཞིག་ཡོད། རང་སམ་བྷོ་ཊའི་སྤྱི་ཁྱབ་འགན་འཛིན་ཡིན་ན་ཤེས་རབ་དགའ་ཚལ་གླིང་ག་འདྲ་ཡར་རྒྱས་གཏོང་སམ་པར་བྱེད་རྒྱུ་ཡིན། དེ་བཞིན་དཔེ་སྟོན་སློབ་གྲྭ་ག་་འདྲ་བྱེད་རྒྱུ་ཡིན་གནས་ལུགས་ཤིག་གསུང་དང་།
སློབ་ཕྲུག་ ༡༩༠ ་དེ་དག་དགེ་ལས་ ༤༢ ལ་ཆ་བགོས་བྱས་ན་དགེ་རྒན་གཅིག་ལ་སློབ་མ་ ༤ ཙམ་རེ་ལས་མི་འདུག
ཤཻས་རབ་དགའ་ཚལ་སློབ་གླིང་གི་ད་ལྟའི་འགན་འཛིན་དེ་སྔོན་ཆད་དཔེ་སྟོན་སློབ་གྲྭའི་འགན་འཛིན་དེ་རེད་འདུག ཁོ་མོ་ཅིའི་ཕྱིར་ཤེས་རབ་དགའ་ཚལ་སློབ་གྲྭའི་ནང་བཏང་བ་རེད།
གསོག་སྒར་སློབ་གྲྭ་ངོ་མ་ཉམས་ཆག་སོང་འདུག དེ་རིང་གི་ལས་བསྡོམས་ནང་ད་ལྟ་སློབ་མ་ ༡༩༠ ཡོད་གསུངས་འདུག ང་རང་གསོག་སྒར་ནང་ན་ཡོད་སྐབས་སློབ་ཕྲུག་ ༩༠༠ མ་ཟིན་ཙམ་ཞིག་ཡོད། ཡིན་ནའང་ཉམས་ཆག་ལ་འགྲོ་བཞིན་འདུག་པར་ལྟད་མོར་བལྟས་ཏེ། ཤི་རྒྱུར་སྒུག་བསྡད་པ་ཡིན་ན་འགྲིག་གི་མ་རེད། སམ་བྷོ་ཊའི་སྤྱི་ཁྱབ་འགན་འཛིན་ཀརྨ་ཆུང་བདག་མཆོག་དང་། ཤེས་རིག་ལས་ཁུངས་བཀའ་ཤག་སོགས་ཀྱིས་ཐབས་ཤེས་ཤིག་གནང་དགོས་པ་རེད་བསམ་གྱི་འདུག སྔོན་མ་གསོག་སྒར་སློབ་གྲྭ་ཤེས་རིག་ལས་ཁུངས་ཀྱིས་རྩིས་ལེན་བྱས་ཏེ་སམ་བྷོ་ཊའི་འོག་ཏུ་ཐོག་མར་འཇུག་སྐབས། འགན་འཛིན་ཀརྨ་ཆུང་བདག་ལགས་ཀྱིས་གསོག་སྒར་སློབ་གྲྭར་ཡར་ཡར་ཅིག་བྱེད་རྒྱུ་ཡིན། མར་མར་ཅིག་བྱེད་རྒྱུ་ཡིན་ཟེར་ནས་སློབ་མ་ཚོར་ཁས་ལེན་མང་པོ་ཞིག་གནང་ཡོད་དང་། བར་སྐབས་ཤིག་ལ་གསོག་སྒར་སྒོ་བརྒྱབ་ནས་དཔེ་སྟོན་སློབ་གྲྭ་གསོག་སྒར་ནང་གནས་སྤོ་བྱ་རྒྱུ་ཡིན་སྐོར་སོགས་སྐད་ཆ་འདྲ་མིན་ཞིག་བཤད་ཡོད་རབས་འདུག ད་གང་ལྟར་སྔོན་མའི་ཁས་ལེན་དེ་དག་བསྒྲུབ་རྒྱུ་གལ་ཆེན་པོ་རེད་བསམ་གྱི་འདུག ཐོག་མ་སློབ་མ་ཚོར་ཡིད་འགུག་གི་ཐབས་ཤེས་བྱས་ཏེ་སྐད་ཆ་སྙན་པོ་དང་སློབ་མ་ཚོར་མགོ་སྐོར་ལྟ་བུའི་སྐད་ཆ་མང་པོ་བཤད། བར་དུ་གཞུང་དང་ཤེས་རིག་ལས་ཁུངས་སོགས་ལ་སྤྲེལ་ལད་འཁྲབ་ནས་གསོག་སྒར་ནང་དཔེ་སྟོན་སློབ་གྲྭ་འཛུགས་རྒྱུའི་ཐབས་ཤཻས་བྱས། མཐའ་མར་ཞེ་དྲག་གྲུང་པོ་ཡིན་མདོག་གིས་རྒྱང་ཐག་རིང་པོ་བྱས་ཏེ་གནས་སྟངས་གང་བ་ཆག་ན་ཡ་མེད་བཏང་བཞག་ན་ཡག་པོ་མ་རེད།