རྒྱལ་ཚོགས་མདུན་གྱི་བོད་དོན་ཞུ་འབོད་བ་རྣམས་ཉེ་ཆར་རྒྱལ་ཚོགས་འགྲོ་བ་མིའི་ཐོབ་ཐང་ལས་ཁུངས་ནང་དངོས་སུ་བཅར་ཏེ་བོད་དོན་ཞུ་འབོད་གནང་ཡོད་འདུག
གཟའ་ལྷག་པའི་ཉིན། སུད་སིར་གནས་སྡོད་ལྷུན་འགྲུབ་ཚང་ཀརྨ་བཀྲ་ཤིས་ཚེ་རིང་དང་སྟག་ཚང་དཀོན་ཅོག བཀྲ་བསྟན་ཚང་པ་སངས་བཅས་ནང་མི་གསུམ་གྱིས་བོད་དོན་ཞུ་གཏུག་ལས་འགུལ་ཐེངས་ ༣༥ པ་སུད་སི་ཇི་ནི་ཝ་མཉམ་འབྲེལ་རྒྱལ་ཚོགས་མདུན་ཐང་དུ་སྤེལ་ཡོད་པ་དང་། ཉེ་ལམ་ཕྱི་ཟླ་དགུ་བའི་ནང་མཉམ་འབྲེལ་རྒྱལ་ཚོགས་ཆེས་མཐོའི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ནང་བཅར་ཏེ་བོད་དོན་སྙན་གསེང་ཞུ་རྒྱུའི་རེ་འདོན་བཏོན་པ་ལྟར་ཆོག་མཆན་ཐོབ་སྟེ། ཟླ་འདིའི་ཚེས་ ༥ ཉིན་ལས་འགུལ་བ་རྣམས་རྒྱལ་ཚོགས་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཨེ་ཤི་ཡ་སྡེ་ཚན་ལས་ཁང་དུ་བཅར་ཏེ། སྡེ་མཚན་འགན་འཛིན་ལྕམ་ཐན་ཌ་(Thanda)ལགས་སུ་ཐུག་འཕྲད་ཀྱིས་ཆུ་ཚོད་གཉིས་མ་ཟིན་ཙམ་རིང་སྐད་ཆ་བཤད་རྒྱུའི་གོ་སྐབས་བྱུང་ཡོད་འདུག
དེའི་སྐོར་ལ་སྟག་ཚང་དཀོན་མཆོག་ལགས་ཀྱིས་ངོ་སྤྲོད་གནང་བ་ལྟར་ན། ཉིན་དེར་ལས་འགུལ་བ་ནང་མི་གསུམ་རྒྱལ་ཚོགས་འགྲོ་བ་མིའི་ཐོབ་ཐང་ཨེ་ཤི་ཡ་སྡེ་ཚན་ནང་བཅར་ཏེ། སྡེ་ཚན་འགན་འཛིན་ལྕམ་ཐན་རྡ་ལགས་སུ་བོད་ནང་གི་ཛ་དྲག་གནས་ཚུལ་ངོ་སྤྲོད་དང་འབྲེལ་བོད་དོན་ལ་རྒྱབ་སྐྱོར་ཡོང་བའི་འབོད་སྐུལ་ཞུས་ཡོད་པ་དང་། ཁོང་ཅག་གིས་ད་བར་ལས་འགུལ་རིམ་པ་མང་པོ་ཞིག་སྤེལ་བའི་དགོས་འདུན་ཁག་ངོ་སྤྲོད་དང་། ལྷག་པར་དུ་ཉེ་ལམ་མཉམ་འབྲེལ་རྒྱལ་ཚོགས་འགྲོ་བ་མིའི་ཐོབ་ཐང་གི་ཚོགས་གཙོ་གསར་བས་གསར་འགོད་ལྷན་ཚོགས་ཤིག་གི་སྟེང་ཁོང་རྟོག་ཞིབ་དུ་འགྲོ་འདོད་ཡོད་ཚུལ་གསུངས་པ་དེར་དགའ་ཚོར་ཆེན་པོ་བྱུང་བ་དང་། བོད་འདི་ཡང་འཛམ་གླིང་གི་ཆ་ཤས་ཤིག་ཡིན་པ་དང་། བོད་པ་རྣམས་ཀྱང་འཛམ་གླིང་མི་མང་གི་ཆ་ཤས་ཤིག་ཡིན་པའི་ངོས་ནས་རང་ཉིད་ལའང་བདག་པོ་རྒྱག་མཁན་ཞིག་འདུག་ཨང་སྙམ་པའི་ཚོར་བ་བྱུང་བ། ཁོང་མགྱོགས་མྱུར་བོད་ནང་ཕེབས་ཏེ་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གནས་སྟངས་ལ་ཉམས་ཞིབ་གནང་སྟེ། ད་ལྟ་རྒྱ་ནག་གིས་ནམ་རྒྱུན་བཤད་བཞིན་པ་ལྟར་བོད་ནང་དེ་ལྟའི་བདེ་སྐྱིད་ཡོད་ན་བོད་ནང་དམག་དཔུང་འགྲེམས་འཇོག་དང་། སོ་ལྟ་བརྙན་ཆས་མང་པོ་འཛུགས་དོན་གང་ཡིན། དེ་བཞིན་ད་ལྟའི་བར་བོད་མི་ ༡༣༢ ལྷག་གིས་རང་ལུས་མེར་བསྲེགས་གནང་དགོས་པའི་རྒྱུ་མཚན། ༡༩༥༨ ལོ་དང་ ༡༩༥༩། ༡༩༨༩། ༢༠༠༨ ལོ་སོ་སོར་བོད་མི་ཚོས་ཞི་བའི་འོས་ལངས་བྱས་པ། བོད་པའི་འབྲོག་པ་གནས་སྤོར་ལ་མང་ཚོགས་ཀྱིས་འདོད་མོས་བྱེད་ཀྱིན་མེད་པ། ཆུ་རགས་གསར་རྒྱག་དང་ཁོར་ཡུག་གཏོར་བཅོམ་སོགས་ཀྱི་གནས་སྟངས་སོགས་ལ་རྒྱུས་ལོན་གཏང་ཟབ་བྱེད་དགོས་པའི་འབོད་སྐུལ་ཞུས་ཡོད་འདུག
སྐབས་དེར་ཁོང་ཅག་གིས་ལྕམ་ཐན་ཌ་ལགས་སུ། འཛམ་གླིང་རྒྱལ་ཁབ་ཁག་དང་། ལྷག་པར་དུ་མཉམ་འབྲེལ་རྒྱལ་ཚོགས་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཀྱིས་བོད་ནང་གི་གནས་སྟངས་ཐོག་ནུས་པ་དེ་ཙམ་འདོན་ཐུབ་ཀྱི་མེད་པའི་རྒྱུ་མཚན་གང་ཡིན་དྲི་བ་བཏང་བའི་ལན་དུ་ཁོང་མས། ད་ལྟའི་བར་བོད་ཀྱི་གནད་དོན་ཐོག་ལ་འཛམ་གླིང་གི་རྒྱལ་ཁབ་གཞན་དག་གིས་ཕན་ནུས་ལྡན་པའི་ནུས་པ་འདོན་ཐུབ་ཀྱི་མེད་པ་ནི་རྒྱལ་ཁབ་སོ་སོའི་ཚོང་ལས་དང་སྒེར་གྱི་ཁེ་ཕན་གྱི་དབང་གིས་ནུས་པ་འདོན་ཐུབ་ཀྱི་མེད་པ་དང་། རྒྱལ་ཚོགས་ཀྱིས་ངོས་ནས་རྒྱ་ནག་ནང་མཉམ་འབྲེལ་རྒྱལ་ཚོགས་འགྲོ་བ་མིའི་ཐོབ་ཐང་ཚོགས་ཆུང་གི་ཡན་ལག་འཛུགས་ཐུབ་མེད་སྟབས། བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་ཐོག་ནུས་པ་དེ་ཙམ་འདོན་ཐུབ་ཀྱི་མེད་པ་མ་ཟད། ཐད་ཀར་གནས་ཚུལ་རྒྱུས་ལོན་ཡང་བྱེད་ཐུབ་ཀྱི་མེད་ན་ཡང་། བོད་མི་རྣམས་ཀྱིས་ཐོག་མཐའ་བར་གསུམ་དུ་འཚེ་བ་མེད་པའི་ལས་འགུལ་སྤེལ་གྱིན་ཡོད་སོགས་རྒྱལ་ཚོགས་ནང་ཡང་ཡང་གླེང་སློང་ཡོང་གི་ཡོད་སྐོར་སོགས་བརྗོད་ཡོད་འདུག
ཁྱིམ་ཚང་གསུམ་གྱི་རྒྱལ་ཚོགས་མདུན་དུ་བོད་དོན་ཞུ་གཏུགས་ལས་འགུལ་དེ་ཐོག་མ་ ༢༠༡༢ ལོའི་ཟླ་ ༡༢ ཚེས་ ༡༠ ནས་མགོ་འཛུགས་གནང་སྟེ། ཁྱིམ་ཚང་གཉིས་ཀྱི་བོད་དོན་ཞུ་གཏུགས་ལས་འགུལ་ཞེས་འབོད་ཀྱིན་པར་བཀྲ་བསྟན་ཚང་པ་སངས་ལགས་མཉམ་ཞུགས་ཐོག་ནང་མི་གསུམ་ཆགས་ཡོད་པ་དང་། ནང་མི་གསུམ་གྱི་ལས་འགུལ་འདི་ཉིད་སུད་སི་ཇི་ནི་ཝར་རྟེན་གཞི་བྱས་པའི་མཉམ་འབྲེལ་ཚོགས་ལས་ཁུངས་མདུན་དང་། མཉམ་འབྲེལ་རྒྱལ་ཚོགས་འགྲོ་བ་མིའི་ཐོབ་ཐང་མདུན་ཐང་བཅས་སུ་བོད་ཀྱི་རྒྱལ་དར་སྒྲེང་འཛུགས་དང་བོད་མི་རང་ལུས་མེར་བསྲེགས་གནང་མཁན་རྒྱལ་རྣམ་པའི་སྐུ་པར་འགྲེམས་འཇོག བོད་ནང་གི་གནས་སྟངས་འཁོད་པའི་ཡིག་ཆ་དང་། སྐུ་ལུས་མེར་བསྲེགས་གནང་དགོས་པའི་རྒྱབ་ལྗོངས་དང་། ཁོང་རྣམ་པའི་འབོད་སྒྲ་དང་དགོས་འདུན། རང་ལུས་མེར་བསྲེཊ་ཐད་༧གོང་ས་མཆོག་དང་བོད་མིའི་སྒྲིག་འཛུགས་ཀྱི་བསྒྲགས་གཏམ་ཁག ༧གོང་ས་མཆོག་གིས་རྒྱ་རིགས་ཚོར་བཀའ་སློབ་བསྩལ་བ་བཅས་ཀྱི་ཡིག་ཆ་ཁག་རྒྱ་ཡིག་དང་དབྱིན་ཡིག འཇར་མན་ཡི་གེ་བཅས་ཀྱི་ནང་འགྲེམ་སྤེལ་བྱེད་ཀྱིན་ཡོད་འདུག
ཐེངས་འདིའི་ལས་འགུལ་ཁྲོད། ཡུ་རོབ་སྤྱི་ཟུར་སྐུ་ངོ་ཚེ་རྡོར་ལགས་དང་ངག་དབང་ཚང་ངག་དབང་དཔལ་ལྡན། རྒྱལ་ཚང་བཀྲ་ཤིས་ལྷ་མོ། སྟག་ཚང་ཆོས་སྒྲོན། མཛོ་གཡག་ཚང་ཡེ་ཤེས་ལེགས་ལྡན། ཀརྨ་གུ་རུ་དྲག་པོ། གཞན་ཕྱི་རྒྱལ་བ་གཉིས་བཅས་མི་ ༡༡ མཉམ་ཞུགས་གནང་ཡོད་འདུག་ལ། འཆར་ལོ་ ༢༠༡༥ ལོའི་ཟླ་ ༡ ཚེས་ ༡༤ ཉིན་སླར་ཡང་མི་ཚང་བཞི་ཡིས་རྒྱལ་ཚོགས་མདུན་དུ་བོད་མིའི་སྐྱིད་སྡུག་མཉམ་མྱོང་གི་ལས་འགུལ་སྤེལ་འཆར་ཡོད་འདུག ཅེས་ས་གནས་ནས་ཙ་ཡུས་ཕུན་ཚོགས་ལགས་ཀྱིས་གནས་ཚུལ་བཏང་འབྱོར་བྱུང་།
ཁྱིམ་ཚང་གསུམ་གྱིས་བོད་དོན་ལས་འགུལ་མུ་མཐུད་ནས་སྤེལ་བཞིན་པ་དང་། ད་ནི་ལས་འགུལ་གྱི་གྲུབ་འབྲས་མངོན་གསལ་ཇེ་དོད་དང་ནུས་པ་ཇེ་ཆེར་འགྲོ་བཞིན་པས་ན། མུ་མཐུད་ནས་ཤུགས་སྐྱོན་རྒྱུ་དང་། མ་འོངས་པར་ཡུ་རོབ་ཀྱི་རྒྱལ་ཁབ་ཁག་གཙོས་འཛམ་གླིང་གི་སྟོབས་ལྡན་རྒྱལ་ཁབ་ཁག་གི་གཞུང་འབྲེལ་འགོ་འཛིན་རྣམ་པར་ཡང་ཞལ་མཇལ་ཞུ་གཏུགས་གནང་ཐུབ་ན་དེ་བས་ཀྱང་ཕན་ནུས་ལྡན་ནམ་སྙམ་པས་རེ་ཞུ་བཅས། ཁྱེད་ཅག་ཁྱིམ་ཚང་གསུམ་གྱི་བཟའ་མི་ཡོངས་དང་བོད་མི་ཡོད་དོ་ཅོག་གི་དགོས་འདུན་མྱུར་འགྲུབ་དང་། ༸རྒྱལ་བའི་སྐུ་ཚེ་བརྟེན་ཅིང་དགོངས་བཞེད་མྱུར་འགྲུབ་ཡོང་བའི་སྨོན་ལམ་འདེབས།
འོ་ཞུ་རྒྱུ་གཞན་ཞིག་ལ། གསར་འགྱུར་འདིའི་ནང་དུ་”ནང་མི་གསུམ་”ཞེས་ཡང་ཡང་བྲིས་འདུག འདི་ཁྱིམ་ཚང་གསུམ་གྱི་ལས་འགུལ་ཡིན་པ་ལས་ནང་མི་གསུམ་མ་ཡིན་པས་ན། དེའི་ཐད་ལ་བཅོས་སྒྱུར་དགོངས་བཞེས་གནང་རོགས་ཞུ།
གནས་ཚུལ་འདིའི་སྐོར་ལ་རྒྱུས་ལོན་བྱེད་འདོད་ཡོད་རིགས་ཚོས་ཨང་གྲངས་འདི་དག་ཐོག་འབྲེལ་བ་གནང་རོགས།
ཁ་པར། 0041764774162 སྟག་ཚང་དཀོན་ཅོག
ཁ་པར། 0041763080018 ལྷུན་གྲུབ་ཚང་ཀརྨ་བཀྲ་ཤིས་ཚེ་རིང་།
ཁ་པར། 076 620 10 51 བཀྲ་བསྟན་ཚང་པ་སངས།