བོད་མིའི་སྒྲིག་འཛུགས་བཀའ་ཤག་གིས་སྤྱི་ཚོགས་ནང་བོད་མིའི་སྒྲིག་འཛུགས་དང་བོད་པའི་སྤྱི་ཚོགས་ལ་ཞབས་ཞུ་བསྒྲུབ་འདོད་ཡོད་མཁན་ཚོར་ཆེད་དུ་གོ་སྐབས་བསྐྲུན་ཏེ། དང་བླངས་ཞབས་ཞུ་སྒྲུབ་པའི་སྡེ་ཚན་ཞིག་ཟུར་འཛུགས་གནང་བར་འདས་པའི་ལོ་གསུམ་ལ་ཉེ་བའི་རིང་དང་བླངས་ལས་ཀ་བྱེད་མཁན་ ༣༥ བྱུང་ཡོད་འདུག
བཀའ་ཤག་སྐབས་བཅུ་བཞི་པས་ཕྱག་ལས་མགོ་འཛུགས་གནང་བ་དང་བསྟུན་ཏེ། ཆིག་སྒྲིལ་དང་གསར་གཏོད། རང་ཁ་རང་གསོ་ཞེས་པའི་ལྟ་གྲུབ་གསུམ་གཞིར་བཞག་ཐོག་ལས་གཞི་མང་པོ་ཞིག་བརྩམས་ཡོད་ཅིང་། དེ་དག་ལས་གལ་ཆེ་གྲས་གཅིག་ནི། བཀའ་དྲུང་ཡིག་ཚང་ཁྱབ་ཁོངས་འོག་དང་བླངས་ཞབས་ཞུ་བའི་ཚན་པ་ཞིག་གསར་འཛུགས་གནང་ཡོད། ཚན་པ་དེ་བརྒྱུད་ནས་འདས་པའི་ལོ་ངོ་གསུམ་རིང་བོད་མིའི་སྒྲིག་འཛུགས་ཀྱི་ལས་ཁུངས་དང་། ཁྱབ་ཁོངས་སློབ་གྲྭ་དང་སྨན་ཁང་སོགས་ནང་ཨ་རི་དང་དབྱིན་ཡུལ། སུད་སི། ཁེ་ན་ཌ། རྒྱ་གར་སོགས་ནས་བོད་མི་ཁྱད་ལས་པ་ ༣༥ ཙམ་གྱིས་དང་བླངས་ཐོག་ཞབས་ཞུ་བསྒྲུབས་ཡོད་འདུག
ཉེ་ཆར་གསར་འགོད་པ་བཀའ་དྲུང་ཡིག་ཚང་དུ་བཅར་ཏེ། ལས་གཞི་འདིར་འགན་འཁུར་མཁན་བསྟན་འཛིན་ཉི་མ་ལགས་སུ་བཅར་འདྲི་ཞུས་པ་ལྟར་ན། བཀའ་ཤག་སྐབས་བཅུ་བཞི་པས་གསར་གཏོད་ཀྱི་ངོ་བོའི་ཐོག་ནས་ ༢༠༡༢ ལོའི་ཟླ་ ༤ ནང་དང་བླངས་ཞབས་ཞུ་བའི་ལས་གཞི་འདི་མགོ་འཛུགས་གནང་ཡོད་ཅིང་། འདིའི་དམིགས་ཡུལ་གཅིག་ནི་ཕྱི་རྒྱལ་ཡུལ་གྲུ་ཁག་གི་བོད་མི་ཁྱད་ལས་པ་ཚོར་བོད་མིའི་སྒྲིག་འཛུགས་ནང་ཞབས་ཞུ་བསྒྲུབ་རྒྱུའི་སྡིངས་ཆ་བསྐྲུན་ཏེ་མཉམ་རུབ་ཀྱི་ཕྱག་ལས་གནང་ཆེད་ཡིན་པ་དང་། དམིགས་ཡུལ་གཉིས་པ་སྐྱབས་བཅོལ་བོད་མི་མང་པོ་ཞིག་གནས་སྟངས་ཀྱི་དབང་གིས་ཕྱི་རྒྱལ་ཡུལ་ཁག་ཏུ་འཚར་ལོངས་བྱུང་བའམ། ཡང་ན་བོད་དོན་གནས་ཚུལ་ཡག་པོ་མཁྱེན་གྱི་མེད་པ་དག་ལ་བོད་མིའི་སྒྲིག་འཛུགས་ཀྱི་སྒྲོམ་གཞི་དང་ལངས་ཕྱོགས། ཆབ་སྲིད་གནས་བབ་སོགས་ཤེས་རྟོགས་ཡོང་ཆེད་སོགས་ཡིན་འདུག གཞན། ཁོང་ཚོ་འདིར་ཡོང་ནས་ཞབས་ཞུ་བསྒྲུབ་པ་དེས་བོད་པའི་སྤྱི་ཚོགས་དང་བོད་མིའི་སྒྲིག་འཛུགས་ལ་ཕན་ཐོགས་ཀྱི་ཡོད་པ་མ་ཟད། བོད་པའི་རྩ་དོན་གྱི་ནུས་སྟོབས་གོང་འཕེལ་གཏོང་ཐབས་དང་གཞུང་དམངས་ཕན་ཚུན་མཐུན་ལམ་གྱི་ཟམ་པ་ལྟ་བུ་ཞིག་ཀྱང་ཆགས་ཀྱི་ཡོད་སྐོར་སོགས་ངོ་སྤྲོད་གནང་སོང་།
བསྟན་འཛིན་ཉི་མ་ལགས་སུ་དང་ཞབས་ལས་གཞི་འདི་མགོ་བཙུགས་ནས་ད་བར་དང་བླངས་པ་ག་ཚོད་བྱུང་ཡོད་མེད་དྲིས་པར། ཁོང་མོས། ད་བར་དང་བླངས་ཞབས་ཞུ་བ་ ༣༥ ཙམ་བྱུང་འདུག ༢༠༡༢ ལོར་ཁྱད་ལས་དང་ཞབས་པ་ ༨ བྱུང་ཡོད་ཅིང་། དེ་དག་ཁྲོད་ནས་ཨ་རི་ནས་ ༣ དང་དབྱིན་ཡུལ་ནས་ ༢། རྒྱ་གར་ནས་ ༢། བལ་ཡུལ་ནས་ ༡ བཅས་བྱུང་འདུག ༢༠༡༣ ལོར་དང་ཞབས་པ་ ༡༡ བྱུང་ཡོད་པ་ལས་ཨ་རི་ནས་ ༦ དང་རྒྱ་གར་ནས་ ༥ བྱུང་འདུག ༢༠༡༤ ལོར་དང་ཞབས་པ་ ༡༦ བྱུང་བ་ལས་ཨ་རི་ནས་ ༢ དང་རྒྱ་གར་ནས་ ༡༠། སུད་སི་ནས་ ༢། དབྱིན་ཡུལ་ནས་ ༡ དང་ཁེ་ན་ཌ་ནས་ ༡ བཅས་རེད། ཅེས་བརྗོད་བྱུང་།
དང་བླངས་ལས་ཀ་བྱེད་པར་ཆ་རྐྱེན་གང་དགོས་མིན་དྲིས་པར། ཁོ་མོས། བོད་མིའི་ཁྱད་ལས་དང་བླངས་ཞབས་ཞུ་པར་དགོས་ངེས་ཀྱི་ཆ་རྐྱེན་གསུམ་ཚང་དགོས་ཀྱི་ཡོད། དང་པོ། ཁྱད་ལས་པ་དེ་བོད་མི་ཡིན་དགོས་པ་དང་། གཉིས་པ། ཁྱད་ལས་པའམ་ཡང་ན་མཐོ་སློབ་གང་ཞིག་ཏུ་འགྲོ་མྱོང་མཁན་ཡིན་པ། གསུམ་པ། ལས་ཀ་གང་བྱས་ཀྱང་དང་བླངས་ཀྱི་ཐོག་ནས་བྱེད་དགོས་ཀྱི་ཡོད་པ་རེད། ཆ་རྐྱེན་གཞན་དག་ལས་ཁུངས་ཁག་གི་དགོས་མཁོ་དང་ལས་ཀའི་ངོ་བོར་བལྟས་ཏེ་འདེམས་སྒྲུག་བྱེད་ཀྱིན་ཡོད་པ་རེད། དཔེར་ན། འཕྲོད་བསྟེན་ལས་ཁུངས་ལ་སྨན་ཞབས་པ་ཞིག་དགོས་ན། དང་ཞབས་པ་དེའི་སྨན་ཞབས་པའི་ཤེས་ཚད་ལ་ཞིབ་འཇུག་སོགས་བརྒྱུད་དེ་འདེམས་ཀྱིན་ཡོད་པ་རེད། ཅེས་བརྗོད་བྱུང་།
ཡང་གསར་འགོད་པས་དང་བླངས་ལས་ཀ་བྱེད་འདོད་ཡོད་མཁན་ཚོར། བོད་མིའི་སྒྲིག་འཛུགས་ཀྱི་ཁྱབ་ཁོངས་ཙམ་མ་ཡིན་པར། གཞུང་འབྲེལ་མིན་པའི་ཚོགས་སྡེ་ཁག་ལ་གོ་སྐབས་སྐྲུན་གྱི་ཡོད་མེད་དྲིས་པར། ཁོང་མོས། རེ་ཟུང་ཡོད་པ་རེད། དཔེར་ན་དང་ཞབས་པ་གཅིག་གིས་དྷ་ཤོད་སློབ་གྲྭར་དགེ་རྒན་ཟླ་ ༦ ཙམ་རིང་གནང་གྲུབ་སྟེ་ཕན་ཐོགས་ཆེན་པོ་བྱུང་ཡོད་སྟབས། སློབ་སྤྱིས་མུ་མཐུད་སྡོད་དགོས་པའི་རེ་སྐུལ་ཞུས་པ་ལྟར། ང་ཚོས་ཟླ་ ༣ རིང་ཁོ་རང་གི་དུས་རྒྱུན་ཕར་འགྱང་བྱས་ཡོད་པ་མ་ཟད། སྦིར་སྨན་ཁང་དང་ལ་དྭགས་སྨན་ཁང་སོགས་སུའང་དང་ཞབས་པ་བཏང་བ་རེད། ཅེས་བརྗོད་བྱུང་།
བསྟན་འཛིན་ཉི་མ་ལགས་སུ། དང་ཞབས་པར་གནས་རིམ་དང་རིགས་གང་འདྲ་ཡོད་མེད་དྲིས་པར། དང་ཞབས་པར་དབྱེ་བ་གསུམ་ཡོད་ཅིང་། དང་པོ། མཐོ་སློབ་ཐོན་པ་གང་ཞིག་སློབ་ཚན་བྱེ་བྲག་པ་ཞིག་གི་ཐོག་ཆེད་སྦྱོང་བྱས་མྱོང་མཁན་རིགས་དང་། གཉིས་པ། ཁྱད་ལས་པ་དང་རིགས་གཅིག་རྐང་འཛིན། ཡང་ན་རིག་ཚན་བྱེ་བྲག་པ་གཅིག་གི་སྒང་ལ་ལོ་ ༣ རིང་ལས་ཀའི་ཉམས་མྱོང་ཡོད་པ། གསུམ་པ། ཁྱད་ལས་ཡིན་པ་གང་ཞིག་ལོ་མང་རིང་ལས་ཀའི་ཉམས་མྱོང་ཡོད་པ་དག་ལ་གྲོས་འདྲི་བྱ་ཡུལ་གྱི་ངོ་བོ་ཐོག་བསྐོ་བཞག་བྱེད་ཀྱིན་ཡོད། ད་བར་སྡེ་ཚན་དང་པོའི་ནང་དང་ཞབས་པ་ ༡༨ དང་། སྡེ་ཚན་གཉིས་པའི་ནང་ ༡༥ ། སྡེ་ཚན་གསུམ་པའི་ནང་ ༢ བཅས་བྱུང་འདུག ཅེས་དང་། སྔོན་མ་སྡེ་ཚན་གསུམ་པའི་ཁོངས་གྲོས་འདྲི་བྱ་ཡུལ་གྱི་ངོ་བོའི་ཐོག་ཨ་རིར་གནས་བཞུགས་རྩོམ་པ་པོ་ཚེ་རིང་དབང་མོ་ལགས་ཀྱིས་སྲི་ཞུ་ལས་བྱེད་ཚོར་ཟླ་གཉིས་རིང་དབྱིན་ཡིག་འབྲི་རྩལ་ཐོག་ཟབ་སྦྱོང་སྤྲད་ཡོད་པ་དང་། ད་ལྟ་དབྱིན་ཡུལ་གནས་བཞུགས་སྤྱི་ཟུར་བསོད་ནམས་ཚེ་རིང་ཕར་སི་ལགས་ཀྱིས། བོད་མིའི་སྒྲིག་འཛུགས་དཔལ་འབྱོར་ལས་ཁུངས་སྤྱི་ཚོགས་ཡར་རྒྱས་ཐེབས་རྩའི་ལམ་སྟོན་པའི་ཕྱག་ལས་གནང་བཞིན་ཡོད། ཅེས་ངོ་སྤྲོད་གནང་སོང་།
མཇུག་ཏུ་ཁོང་མོར། གཞུང་གིས་དང་ཞབས་པ་ཚོར་མཐུན་རྐྱེན་ག་རེ་སྐྲུན་གྱི་ཡོད་མེད་དྲིས་པར། ཁོང་མོས། བོད་མིའི་སྒྲིག་འཛུགས་ཀྱི་ངོས་ནས་ཕར་ཁོང་ཚོར། སྡེ་ཚན་དང་པོར་ཟླ་རེར་གླ་ཆ་ཧིན་སྒོར་ ༦༥༠༠ རེ་དང་། སྡེ་ཚན་གཉིས་པར་ཟླ་རེར་ཧིན་སྒོར་ ༧༥༠༠ རེ། སྡེ་ཚན་གསུམ་པར་ཟླ་རེར་ཧིན་སྒོར་ ༨༠༠༠ ཙམ་རེ་སྤྲོད་ཀྱི་ཡོད་པ་དང་། རྒྱ་གར་དང་ཕྱི་རྒྱལ་ནས་ཕེབས་མཁན་བཞུགས་ཡུལ་མེད་པ་དག་ལ་ཁེ་ལས་པའི་བཞུགས་གནས་ཀྱི་མཐུན་རྐྱེན་ཡང་སྦྱོར་གྱིན་ཡོད་པ་རེད། ཅེས་སོགས་བརྗོད་བྱུང་།
སྤྱིར་བཏང་ཕྱི་ཡུལ་ནས་ཡང་ན་རྒྱ་གར་རང་ནས། རང་རའི་བོད་མི་ལྷག་བསམ་ཅན་རྣམས་རང་རེའི་སྤྱི་ཚོགས་ནང་དང་བླང་ཐོག་ལ་ཞབས་འདེགས་ཞུ་བློ་དེ་འདྲ་ཡོད་པ་ནི་དགའ་སྤོབས་འོས་པའི་གནས་སུ་མཆིས་པ་དང་། དེ་ནི་རླབས་ཆེན་ཡང་ཡིན། མཚོན་དོན་དུ་གླ་ཕོགས་ཏོག་ཙམ་དོད་ཙམ་འབུལ་གྱི་ཡོད་པ་ནི་ཡིན་ལུགས་ཚུལ་ལྡན་དང་འོས་པར་མངོན། བསྔགས་བརྗོད་གྲངས་མེད་ཞུ།།།
།ངས་དྭང་བླངས་ལས་ཀ་བྱེད་མཁན་ཡོད་པ་གོ་མྱོང་།ཧ་ཅང་ཡིད་སྨོན་ཡང་སྐྱེ་མྱོང་།ད་བྱེད་དུས་གླ་ཆ་ལན་གྱི་འདུག་པ། དེ་དྭང་བླངས་ཤིག་རེད་པས།གླ་ཆ་སྤྲོད་རྒྱུ་ཡོད་ན་ང་ཚོའི་སྤྱི་ཚོགས་ནང་ན་གཞོན་ལས་མེད་མང་བོ་ཡོད་པ །ཁོང་ཚོ་ལ་གོ་སྐབས་ཕུལ་དང་ག་འདྲའི་ཡག་པོ་ཡོད་རེད།
@kunkhen. your comment is invalid and you have to think twice before you make a comment. The truth is at this present era,people need money to meet basic needs.So you have to be aware of that giving some stipend is a way of how modern society works. So try to learn how to appreciate others contribution rather than giving a shallow suggestion. man grow up. Sory if my words are straight forward
དང་བླངས་ཞབས་ཞུ་བ་ཟེར་བ་དེས་བོད་མིའི་སྒྲིག་འཛུགས་ལ་ཕན་ག་ཚོད་ཐོགས་ཀྱི་ཡོད་མེད་མི་ཤེས་ཏེ། སྒེར་སོ་སོར་ཁེ་ཕན་མང་པོ་རག་གི་ཡོད་བཟོ་འདུག དང་བླངས་ཞབས་ཞུ་བར་ཟླ་ཕོགས་སྤྲད་བཞིན་ཡོད་འདུག་ཀྱང་། ད་དུང་དང་བླངས་ཞེས་བརྗོད་པ་ནི་གསར་གཏོད་རང་ཡིན་པ་འདྲ། གཞན་སྤྱི་བསོད་ནམས་ཚེ་རིང་ཟེར་བ་དེ་དཔལ་འབྱོར་རིག་པའི་ཐོག་མཁས་པ་ཡིན་རབས་ཀྱིས་སྔོན་མ་གྲོས་ཚོགས་ཤིག་ནང་སྟོང་རྩིས་བཟོ་དགོས་པའི་གྲོས་འཆར་ཞིག་བཏོན་ནས་སྒོར་ ༡ ནས་ ༩༩༩ མན་ཆད་གཏོང་ས་མེད་པ་བཟོས་ཏེ་ཨང་གྲངས་ ༡ བྲིས་ཡོད་ན་ཆིག་སྟོང་ཡིན་དགོས་ཞེས་པའི་གྲོས་ཆོད་བཞག་པ་རེད། དེ་རྗེས་རྩིས་རྙོག་དང་མགོ་རྙོག་ལུང་པ་གང་ཆགས་ཏེ་གྲོས་ཚོགས་རྗེས་མ་ཞིག་ལ་མེད་པ་བཟོ་དགོས་ཆགས་པ་རེད། ད་ཡང་དཔལ་འབྱོར་ལས་ཁུངས་ནས་རྩིས་རྙོག་ག་འདྲ་ཞིག་བཟོ་རྩིས་ཡོད་ན་བསམ་པའི་བློ་འཚབ་དང་། མ་གཞི་ཁོ་རང་གིས་དང་བླངས་ཞབས་ཞུ་ཡིན་ཁུལ་ལས་དོན་དངོས་མ་འོངས་པར་དཔལ་འབྱོར་བཀའ་ཐོབ་རེ་ལ་དམིགས་ཏེ་ཉམས་མྱོང་གསོག་ཏུ་སླེབས་ཡིན་རྒྱུ་རེད། བློ་སེང་ཡང་བསྐྱར་སྲིད་སྐྱོང་ཐོབ་ཚེ་ཁོ་དཔལ་བཀའ་ལ་བསྐོས་དགོས་སྐོར་ཟམ་གདོང་བླ་མས་ཀྱང་རྒྱབ་རྩ་བྱས་ཡོད་རྒྱུ་རེད་སྙམ།
བཀའ་ཤག་སྐབས་བཅུ་བཞི་པས་གསར་སྟོད་གནང་བའི་ལས་རིམ་འདི་ལ་བསྔགས་བརྗོད་ཡོད།
སྔགས་བརྗོད་གཅིག་དང་། དོགས་འདྲི་གཅིག བསམ་ཚུལ་གཅིག་བཅས་ཞུ་རྒྱུ་ཡོད།
༼སྔགས་བརྗོད།༽ ལས་གཞི་འདི་ཧ་ཅང་ཡག་པོར་མཐོང་སོང་། འདི་བཀའ་ཤག་སྐབས་བཅུ་བཞི་པའི་གསར་གཏོད་གང་ཡང་མ་རེད་སྔོན་མ་ནས་བཙན་བྱོལ་བོད་གཞུང་གི་ལས་ཁུངས་ཁག་ནང་དང་བླངས་ཕྱག་ལས་གནང་རྒྱུའི་ལམ་སྲོལ་ཞིག་ཡོད་པ་རེད། དྲིལ་བསྒྲགས་ལས་ཁུངས་དང་སྤྱི་འཐུས་ཚོགས་དྲུང་ལས་ཁུངས། དེ་བཞིན་ཆོས་རིག་དང་འཕྲོད་བསྟེན། ཤེས་རིག་ལས་ཁུངས་སོགས་སུ་ཧ་ལམ་དང་བླངས་ལས་ཀ་བྱེད་མཁན་བརྒྱ་ཁ་ལོང་པ་བཞིག་གིས་ཕྱག་ལས་གནང་ཡོད་པ་རེད། ལྷག་པར་དུ་དྲིལ་བསྒྲགས་ཁོར་ཡུག་ཚན་པ་དང་། བོད་གཞུང་གློག་ཀླད་སྡེ་ཚན་སོགས་སུ་མཁས་མྱོང་ལྷག་བསམ་ཧ་ཅང་ཆེན་པོ་ཅན་མང་དག་ཅིག་གིས་ཞབས་ཞུ་ཞུས་ཚར་བ་རེད། དེ་དག་ཀྱང་ང་ཚོས་མ་བརྗེད་པ་གནང་དགོས་པ་རེད། ཡིན་ནའང་ད་ལྟའི་ལས་གཞི་འདི་ལྟར་དམིགས་སུ་བཀར་ནས་དང་བླངས་ལས་གཞིའི་ལས་ཁུངས་དང་འཆར་བསྒྲིགས་ཏེ་ལས་ཀ་བྱས་པ་དེ་འདྲ་ཡོད་པ་མ་རེད། གང་ལྟར་ལས་གཞི་འདི་ཡག་པོ་འདུག་ཞུ་རྒྱུ་ཡིན་ལ། ད་དུང་ལས་གཞི་འདི་རྒྱ་ཆེ་རུ་གཏོང་རྒྱུ་གལ་ཆེན་པོ་རེད་བསམ་གྱི་འདུག
༼དོགས་འདྲི།༽ གོང་དུ་གསར་འགོད་པ་དོན་གྲུབ་ལགས་ཀྱིས་བོད་གཞུང་གི་ལས་གཞི་འདི་བརྒྱུད་དེ་དང་བླངས་སྤྱི་ཚོགས་ཞབས་ཞུ་བསྒྲུབ་འདོད་ཡོད་རིགས་ཚོར་བཙན་བྱོལ་སྤྱི་ཚོགས་ནང་གི་གཞུང་འབྲེལ་མ་ཡིན་པའི་ཚོགས་སྡེ་ཁག་ནང་གོ་སྐབས་སྐྲུན་གྱི་ཡོད་མེད་དྲིས་པ་དེར་ལན་ཁ་གསལ་ཞིག་མི་འདུག རྡ་ཤོད་སློབ་གྲྭ་དང་སྦིར་སྨན་ཁང་སོགས་ན་ཧ་ལམ་བཙན་བྱོལ་བོད་གཞུང་གི་འོག་རེད་ལབ་ཆོག་པ་ཞིག་རེད། དེ་མ་ཡིན་པའི་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་དཔེར་ན་གཞོན་ནུ་ལྷན་ཚོགས་དང་བུད་མེད་ལྷན་ཚོགས། བོད་ཀྱི་དཔེ་མཛོད་ཁང་དང་སྨན་རྩིས་ཁང་། དེ་བཞིན་ནོར་གླིང་། རྡ་རམ་ས་ལའི་གསར་འགྱུར་ལས་ཁུངས་ཁག་སོགས་ལ་གལ་སྲིད་མི་དགོས་མཁོ་བྱུང་ན་ལས་འཆར་འདིའི་འོག་ནས་དེ་དག་ལ་མཐུན་རྐྱེན་སྐྲུན་གྱི་ཡོད་མེད་དེ་ལ་ལན་རྒྱག་དགོས་པ་རེད། གལ་སྲིད་དེ་དག་ལ་མཐུན་རྐྱེན་སྐྲུན་གྱི་མེད་པ་ཡིན་ན་ང་རང་གིས་ངེས་པར་དུ་བསྐྲུན་དགོས་པ་རེད་བསམ་གྱི་འདུག གང་ཡིན་ཟེར་ན་མཁས་དབང་བློ་བཟང་སེང་གེ་མཆོག་ཐོག་མ་བཀའ་བློན་ཁྲི་པའི་འོས་མིར་བཞེངས་སྐབས་ནས་ལས་གཞི་འདི་ཁོང་རང་གིས་ཁྱབ་བསྒྲགས་གནང་བ་རེད། སྐབས་དེ་དུས་གཞུང་དང་གཞུང་འབྲེལ་མིན་པའི་ཚོགས་སྡེ་ཡོངས་ལ་དང་བླངས་ཞབས་ཞུ་གནང་ཐུབ་པ་ཞིག་དང་ཕན་ཐོགས་ཡོད་པ་ཞིག་བསྒྲུབ་རྒྱུ་ཡིན་ཞཻས་ཁས་ལེན་གནང་ཡོད་པ་རེད། དེར་མ་ཟད་ལས་གཞི་འདི་ཐོག་མ་མགོ་འཛུགས་སྐབས་ཀྱང་གཞུང་འབྲེལ་མ་ཡིན་པའི་ཚོགས་སྡེ་ཁག་ལའང་ལས་གཞི་འདིའི་ནང་ཆ་ཤས་བླངས་ཆོག་སྐོར་གསུངས་ཡོད། དེ་ཙམ་མ་རེད་སྤྱིར་བཏང་གི་འགྲོ་སྟངས་ཀྱི་ཆ་ནས་ཀྱང་བཀའ་ཤག་དང་སྤྱི་འཐུས་ཀྱི་ཚོགས་འདུ་ཁག་དང་། དེ་མིན་དམིགས་བསལ་ཚོགས་ཆེན་སོགས་གང་ཞིག་ཡིན་ཡང་ལས་དོན་དབྱེ་བསྲེས་བྱས་ཏེ་གཞུང་འབྲེལ་མ་ཡིན་པའི་ཚོགས་སྡེ་ཁག་ལའང་ལས་ཀ་བསྒོ་བཤའ་རྒྱག་གི་ཡོད་པ་མ་ཟད། ནམ་རྒྱུན་བོད་གཞུང་ལ་ལས་ཞིག་ཡོད་པའི་སྐབས་ལ་གཞུང་འབྲེལ་མ་ཡིན་པའི་ཚོགས་སྡེ་ཁག་ལ་སྐུལ་མ་གཏོང་གི་ཡོད་པ་རེད། སོང་ཙང་འདི་འདྲའི་སྐབས་ལ་གཞུང་གིས་གཞུང་འབྲེལ་མིན་པའི་ཚོགས་སྡེ་ཁག་ལ་མཐུན་སྦྱོར་གནང་དགོས་པ་གལ་ཆེན་པོ་ཡིན་པ་མ་ཟད་ལས་འགན་ཞིག་ཀྱང་ཆགས་ཡོད་པ་རེད་བསམ་གྱི་འདུག
༼བསམ་ཚུལ།༽སྒང་དུ་དང་བླངས་ཞབས་ཞུ་བའི་ནང་དུ་མི་མང་པོ་ཞིག་ཡོད་རབས་གསུང་འདུག དེ་དག་སུ་དང་གང་ཡིན་པ་དང་ཁོང་ཅག་གི་གནས་ཚད་དང་ཉམས་མྱོང་གང་འདྲ་ཡིན་པ་སོགས་གསུངས་མི་འདུག གལ་སྲིད་གསང་མྱུལ་བ་ཞིག་གིས་བཙན་བྱོལ་བོད་གཞུང་ལ་རྒྱུས་ལོན་བྱེད་ཆེད་དང་ཞབས་པའི་ཁོངས་སུ་ཞུགས་ཏེ་ལས་ཀ་བྱེད་པའི་ཐབས་ཤེས་བྱས་ན། དེ་ལ་གོ་སྐབས་རེག་གི་རེད་དམ། གཞུང་གིས་དེ་རིགས་ལ་ཞིབ་འཇུག་ཇི་ལྟར་གནང་གི་ཡོད་དམ། ཡང་རྡ་རམ་ས་ལ་དང་ལྡི་ལི་སོགས་སུ་ལས་མེད་དུ་ལྷག་ཡོད་མཁན་ཕྱག་འཁྱེར་བདེན་རྫུན་གང་རུང་ཡོད་མཁན་ཞིག་གིས་ལས་འཆར་འདིའི་སྡེ་ཚན་དང་པོ་དང་གཉིས་པའི་ཁོངས་སུ་འཛུལ་ཏེ་བཞུགས་གནས་ཡོད་པའི་ཐོག་ལ་ཟླ་བ་ལ་ཧིན་སྒོར་ ༦༥༠༠ ནས་ ༧༥༠༠ བར་ཟོས་བསྡད་ན་དེ་ལ་ལམ་ཁ་རེག་གི་རེད་དམ། གནས་ཚུལ་འདི་རིགས་ལ་གཞུང་གིས་དབྱེ་འབྱེད་ཇི་ལྟར་གནང་གི་ཡོད་དམ།
སྒང་དུ་སྡེ་ཚན་གསུམ་པའི་ནང་ ༢ བྱུང་ཡོད་པ་དང་། དེ་གཉིས་ལ་གཅིག་དབྱིན་ཡུལ་གནས་བཞུགས་སྤྱི་ཟུར་བསོད་ནམས་ཚེ་རིང་ཕར་སི་ལགས་ཀྱིས་གསུངས་འདུག དེ་ཁྱད་མཚར་ཞིག་དང་མཐོང་སོང་། ཁོང་རང་ཡིན་ན་སྤྱི་ཟུར་རེད། ལྷག་པར་དུ་བོད་རྒྱ་ཞི་མོལ་ལས་དོན་ཚོགས་ཆུང་གི་ཚོགས་མིའང་ཡིན་དྲན་གྱི་འདུག ཁོང་བོད་གཞུང་གི་ལས་བྱེད་ལྟ་བུའི་ངོ་བོར་བསྡད་ཡོད་པ་ཞིག་དང་བླངས་ཞབས་ཞུ་བའི་ཁོངས་སུ་ཇི་ལྟར་བཞག་པ་རེད། དང་ཞབས་པའི་ལས་གཞི་འདིར་གྲངས་ཀ་དགོས་ཀྱི་ཡོད་ན་མི་ཤེས་མ་གཏོགས། འདི་དང་ཞབས་པའི་ཁོངས་སུ་བཞག་པ་ཡིན་ན་ཧ་ལམ་སྐུ་ངོ་ཁོང་རང་ལའང་མ་གུས་ཞབས་མ་བྱས་པ་ཞིག་ཆགས་ཀྱི་ཡོད་པ་རེད། འདིས་མཚོན་པའི་དང་བླངས་ཞབས་ཞུ་སྒྲུབ་མཁན་གཞན་མང་པོ་ཞིག་ལའང་འགའ་རེ་བོད་གཞུང་དང་འབྲེལ་བ་ཆགས་དང་དང་ཁོང་རང་ཚོའི་ལས་ཀ་དང་གནས་ཚད། བསམ་བློ་གཏོང་ཕྱོགས་གང་ཐད་ནས་ཚད་མཐོན་པོ་ཡིན་ནའང་གཞུང་གིས་དང་ཞབས་པའི་ལས་འཆར་འོག་ཨུ་ཚུགས་ཀྱིས་བཅུག་པ་དང་། འགའ་རེར་གནས་ཚད་དང་ཉམས་མྱོང་གང་ཡང་མེད་ཀྱང་། ཧ་ལམ་ཁོ་རང་ཚོའི་ཉམས་མྱོང་གསོག་ཆེད་དང་རྒྱབ་གཉེར་ཙམ་རེག་ཐབས། ཞེ་ས་མ་ཞུས་ན་ཁོ་རང་ཚོའི་འཚོ་བ་འགྲོ་ཐབས་ཙམ་དང་ཁེ་ཕན་རེག་ཐབས་ཙམ་བྱེད་མཁན་ཚོ་ལའང་དང་ཞབས་པའི་གྲངས་ཀ་སྤར་ཐབས་སུ་ཚུར་བཀུག་ནས་གོ་སྐབས་སྐྲུན་པ་སོགས་ཡོང་གི་མེད་དམ་སྙམ་པའི་དོགས་གཞིའི་འོག་ནས་བསམ་ཚུལ་འདོར་ཙམ་ཞུས་པ་དེ་ཡིན། ལྷག་བསམ་རྣམ་དག་གི་ཐོག་ནས་ཐུགས་ཕན་ཕྲན་བུ་གསོ་ན་དྲན་པ་ཡིན། བཀྲ་ཤིས་བདེ་ལེགས།
དང་བླངས། དང་ཞབས་སོགས་ལ་ཝ་ཟུར་དང་ཡང་འཇུག་མེད་དོ།