༧གོང་ས་མཆོག་ལ་ནོ་བྷེལ་ཞི་བདེ་གཟེངས་རྟགས་འབུལ་བཞེས་གནང་སྟེ་ལོ་ངོ་ཉེར་ལྔ་འཁོར་བའི་དུས་དྲན་སྟེང་། ཧི་མ་ཅལ་མངའ་སྡེ་སྤྱི་ཁྱབ་བློན་ཆེན་མཆོག་གིས། ༧གོང་ས་ཏཱ་ལའི་བླ་མ་དང་ངེད་གཉིས་ལོ་མང་རིང་གི་ངོ་ཤེས་ཡིན། ངའི་དཀོན་མཆོག་ཁོང་སྐུ་ཚེ་རིང་པོར་བརྟན་པ་དང་ཁོང་གི་ལམ་སྟོན་རྣམས་འཛམ་གླིང་ཡོངས་དང་བོད་པ་སྤྱི་ལ་དུས་ཡུན་རིང་བོར་ཡོང་བའི་སྨོན་ལམ་རྒྱག་གི་ཡོད་ཅེས་བརྗོད།
དེ་རིང་སྔ་དྲོའི་ཆུ་ཚོད་ ༩ ཐོག དྷ་ས་ཐེག་ཆེན་གཙུག་ལག་ཁང་དུ། ༧གོང་ས་མཆོག་ལ་ནོ་བྷེལ་ཞི་བདེའི་གཟེངས་རྟགས་འབུལ་བཞེས་གནང་སྟེ་ལོ་ངོ་ ༢༥ འཁོར་བའི་དུས་དྲན་མཛད་སྒོ་ཚོགས་ཡོད་པ་དང་། མཛད་སྒོ་དབུ་འབྱེད་གྱི་སྐུ་མགྲོན་གཙོ་བོར་ཧི་མ་ཅལ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་སྐུ་ཞབས་ར་ཇ་ཝིར་བྷ་དྷར་སི་དྷ་(Virbhadra Singh)མཆོག་གི་དབུས། བོད་མིའི་སྒྲིག་འཛུགས་ཀྱི་ཁྲིམས་ཞིབ་པ་ཆེ་བ་བཀའ་བརྒྱུད་དོན་གྲུབ་མཆོག་དང་ཁྲིམས་ཞིབ་པ་གཞན་གཉིས། སྲིད་སྐྱོང་བློ་བཟང་སེང་གེ་མཆོག་དང་བཀའ་བློན་རྣམ་པ། སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་གི་དབུས་སྤྱི་འཐུས་རྒྱུན་ལས་རྣམ་པ། དེ་བཞིན་ཧིན་བོད་མཛའ་འབྲེལ་ཚོགས་པའི་ཚོགས་གཙོ་སྐུ་ཞབས་ཨ་ཇེ་སེང་མོན་ཀོ་ཊི་ཡ་ལགས་ཀྱི་གཙོས་ཧི་མ་ཅལ་མངའ་སྡེའི་གནད་ཡོད་མི་སྣ་ཁག་ཅིག་དང་། གཞན་དྷ་ས་ཁུལ་གྱི་གཞུང་འབྲེལ་མིན་པའི་ཚོགས་སྡེ་ཁག་གི་འགན་འཛིན་དང་། ཉེ་འཁོར་གྱི་སློབ་གྲྭ་དང་དགོན་སྡེ་ཁག དེ་བཞིན་དྷ་ས་ཁུལ་གྱི་སེར་སྐྱ་མི་མང་བཅས་ཁྱོན་མི་གྲངས་ ༣༠༠༠ ཡས་མས་འཛོམས་འདུག
མཛད་སྒོའི་ཐོག་མར་ཧིན་བོད་གཉིས་ཀྱི་རྒྱལ་གླུ་ཕུལ་བ་དང་བསྟུན་ཏེ་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་བོད་རྒྱལ་ཁབ་ཆེན་པོའི་རྒྱལ་དར་བསྒྲེངས་འཛུགས་གནང་རྗེས། བོད་བསྟན་སྲིད་ཆེད་ལུས་སྲོག་བློས་བཏང་བའི་རྒྱལ་གཅེས་དཔའ་བོ་དཔའ་མོ་རྣམ་པར་མྱ་ངན་གུས་འདུད་དང་། བོད་ཀྱི་ཟློས་གར་ཚོགས་པས་ནོ་བྷེལ་བསྟོད་དབྱངས། སྲིད་སྐྱོང་བློ་བཟང་སེང་གེ་མཆོག་དང་སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་རྣམ་གཉིས་ནས་ཕེབས་བསུའི་གསུང་བཤད་བཅས་གནང་རྗེས། ཧིན་བོད་མཛའ་འབྲེལ་ཚོགས་པའི་ཚོག་ས་གཙོ་སྐུ་ཞབས་ཨ་ཇེ་མོན་ཀོ་ཊི་ཡ་ (Ajay Singh Mankotia) ལགས་ནས་ཧི་མཱ་ལ་ཡའི་རྒྱལ་སྤྱིའི་དུས་སྟོན་དབུ་འབྱེད་གསལ་བསྒྲགས་དང་། སྐུ་མགྲོན་གཙོ་བོ་མཆོག་ནས་ཕྱི་དྲིལ་ལས་ཁུངས་ནས་༧གོང་ས་མཆོག་གི་བཀའ་དྲིན་རྗེས་དྲན་གྱི་དུས་སྟོན་ཆེད་འདོན་སྤེལ་གནང་བའི་<<༧གོང་ས་ཏཱ་ལའི་བླ་མ་སྐུ་ཕྲེང་ ༡༤ ཆེན་མོ་མཆོག་ལ་བསྟོད་པ། (His Holines 14th Dalai Lama A Tribute)>> ཞེས་པའི་དབྱིན་ཡིག་གི་དེབ་སོགས་དབུ་འབྱེད་གནང་སོང་།
སྐུ་མགྲོན་གཙོ་བོ་ཧི་མ་ཅཱལ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་མཆོག་གིས་དུས་དྲན་དང་འབྲེལ་བའི་གསུང་བཤད་གནང་དོན། ངའི་ནང་མི་བོད་དང་མཉམ་དུ་ལོ་མང་རིང་ཐག་ཉེ་པོའི་འབྲེལ་བ་ཡོད། བོད་ནང་གི་གནས་སྟངས་ལ་བལྟ་ཡོང་དུས་སེམས་པ་སྐྱོ་བོ་ཡོང་གི་འདུག ངས་ཉིན་མ་འདི་འདྲ་ཞིག་ལ་རེ་སྒུག་བྱས་ཡོད། ༸གོང་ས་མཆོག་དང་ཁོང་གི་མི་དམངས་རྣམས་བོད་རང་དབང་ཅན་གྱི་ཡུལ་ཞིག་ཏུ་ལོག་ཐུབ་རྒྱུ་དང་། བོད་དེ་སླར་ཡར་རྒྱལ་ཁབ་གཅིག་གི་ངོས་འཛིན་ཡོང་བའི་རེ་བ་བྱེད་ཀྱིན་ཡོད། ༸གོང་ས་མཆོག་དང་བོད་མི་ཚོའི་གནས་སྟངས་དེང་སྐབས་རྒྱ་གར་ཧི་མ་ཅལ་དུ་བསྡད་ཡོད། ང་ཚོས་ཁྱེད་རང་ཚོ་ཕྱི་རྒྱལ་བ་དང་ས་གཞན་གྱི་མི་ཞིག་ལ་བསམ་གྱི་མེད། ང་ཚོའི་ཆ་ཤས་ཤིག་ལ་ངོས་འཛིན་བྱེད་ཀྱིན་ཡོད། ཁྱེད་རང་ཚོའི་བདེ་སྡུག་ཆེད་ང་ཚོའི་ངོས་ནས་རོགས་རམ་གང་དགོས་ཀྱང་བྱེད་ངེས་ཡིན། ཧི་མ་ཅལ་མངའ་སྡེ་གཞུང་གིས་དྷ་རམ་ས་ལའི་ལམ་ཁ་ཨར་འདམ་གྱིས་བཟོ་དགོས་པ་བཀའ་ཁྱབ་གནང་ཡོད། ང་དེ་རིང་༧གོང་ས་ཏཱ་ལའི་བླ་མ་མཆོག་ལ་ནོ་བྷེལ་ཞི་བདེ་གཟེངས་རྟགས་འབུམ་བཞེས་ཀྱི་དུས་དྲན་སྟེང་ཡོང་ཐུབ་པར་དགའ་སྤྲོ་ཆེན་པོ་བྱུང་། ངོས་རང་གཉིས་ལོ་ན་འདྲ་བོ་རེད་ལ་ཕན་ཚུན་ལོ་མང་རིང་ངོ་ཤེས་ཡིན། ངའི་དཀོན་མཆོག་ཁོང་སྐུ་ཚེ་རིང་པོར་བརྟན་པ་དང་ཁོང་གི་ལམ་སྟོན་རྣམས་ང་ཚོ་དང་འཛམ་གླིང་ཡོངས་དང་བོད་པ་སྤྱི་ལ་དུས་ཡུན་རིང་ཡོང་བའི་སྨོན་ལམ་རྒྱག་གི་ཡོད། ཁོང་ང་ཚོའི་མིག་དཔེ་ལྟ་ས་ཞིག་ཡིན། གོ་སྐབས་འདི་དང་མཉམ་དུ་ངས་དྷ་སའི་བོད་མིའི་སྒྲིག་འཛུགས་ཀྱི་ལས་བྱེད་ཡོངས་ལ་འཚམས་འདྲི་ཞུ་བཞིན་ཡོད། བོད་མིའི་སྒྲིག་འཛུགས་ཀྱིས་བོད་སྤྱི་བའི་དོན་དུ་༧གོང་ས་མཆོག་གི་ལམ་སྟོན་གཞིར་བཟུང་ཕྱག་ལས་འབད་སྒྲུབ་གནང་བའི་རེ་བ་དང་ཡིད་ཆེས་ཡོད། ཅེས་གསུངས་སོང་།
སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་བཀའ་ཤག་གི་གསུང་བཤད་སྒྲོག་སྦྱངས་གནང་སྐབས། ནོ་བྷེལ་གཟེངས་རྟགས་ཚོགས་ཆུང་གི་ཆེ་བསྟོད་ཚིག་བརྗོད་ནང་ ༧གོང་ས་ཏཱ་ལའི་བླ་མ་མཆོག་གིས་བོད་མིའི་བདེན་དོན་འཐབ་རྩོད་འཚེ་མེད་ཞི་བའི་ལམ་དུ་འཁྲིད་གནང་མཛད་པར་གཟེངས་བསྟོད་ཞུ་རྒྱུ་དང་། བོད་མིའི་ཐུན་མོང་མ་ཡིན་པའི་ངོ་བོ་ཆོས་རིག་གོམས་གཤིས་སྲུང་སྐྱོབ་བྱ་ཆེད་གཉིས་མོས་གུས་བརྩི་དང་གུ་བཤངས་ཀྱི་ལམ་ནས་བོད་དོན་འགྲིག་འཇགས་ཡོང་ཐབས་གནང་བཞིན་ཡོད། ཅེས་གསལ་བ་ལྟར། ནོ་བྷེལ་ཞི་བདེའི་གཟེངས་རྟགས་ཚོགས་ཆུང་གིས་༧གོང་ས་སྐྱབས་མགོན་ཆེན་པོའི་བླ་ན་མེད་པའི་དགོངས་བཞེས་དང་མཛད་རྗེས་ལ་གཟེངས་བསྟོད་གུས་བཀུར་ཆེན་པོ་ཞུས་པ་མ་ཟད། ༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་ནོ་བྷེལ་ཞི་བདེའི་གཟེངས་རྟགས་དགྱེས་བཞེས་མཛད་པ་དེས་ནོ་བྷེལ་ཞི་བདེའི་གཟེངས་རྟགས་ཀྱི་རིན་ཐང་དང་ཆེ་མཐོང་སྔར་ལྷག་གོང་མཐོར་སོང་ཡོད། དེ་མཚུངས་རྒྱལ་སྤྱིའི་ཐོག་བོད་དོན་གོ་རྟོགས་དང་རྒྱབ་སྐྱོར་གྱི་གནས་ཚད་མཐོ་རུ་འགྲོ་བར་ཕན་ཐོགས་ཆེན་པོ་བྱུང་ཡོད། རྒྱུན་དུ་མགོན་པོ་གང་ཉིད་ནི་ནང་པའི་དགེ་སློང་ཞིག་ཡིན་གསུང་གིན་ཡོད་ནའང་། འཛམ་གླིང་གི་མི་འབོར་ས་ཡ་མང་པོས་བྱམས་སྙིང་རྗེ་དང་། འཚེ་མེད་ཞི་བདེའི་བདག་ཉིད་དུ་ངོས་འཛིན་བརྩི་བཀུར་ཞུ་བཞིན་ཡོད།
ཁྱད་པར་དུ་༧གོང་ས་སྐྱབས་མགོན་ཆེན་པོའི་གསང་གསུམ་གྱི་མཛད་འཕྲིན་རྣམས་བོད་དང་བོད་མིའི་བདེ་དོན་ཁོ་ན་མ་ཡིན་པར། འཇིག་རྟེན་སྐྱེ་འགྲོ་ཡོངས་ཀྱི་བདེ་དོན་ཆེད་འགྲོ་བ་མིའི་རྒྱུད་ཀྱི་བཟང་སྤྱོད་གོང་འཕེལ་གཏོང་རྒྱུ་དང་། ཆོས་ལུགས་ཕན་ཚུན་བར་མཐུན་འབྲེལ་དག་སྣང་སྦྱོང་ཐབས། བོད་མི་རིགས་ཀྱི་ཁྱད་ནོར་ཆོས་དང་རིག་གཞུང་སྲུང་སྐྱོབ་དར་སྤེལ་གནང་རྒྱུ་བཅས་ཀྱི་མཛད་ཆེན་རྣམ་གསུམ་མམ། ལྷག་བསམ་ཐུགས་སྐྱེད་གསུམ་གྱི་ཉམས་བཞེས་ཐུགས་དམ་གྱི་མཐིལ་དུ་མཛད་པ་ལ་བརྟེན་ནས་འཛམ་གླིང་ཡོངས་ལ་ཞི་བདེ་དང་དྲང་བདེན་གྱི་འོད་སྣང་སྩོལ་བའི་རླབས་ཆེན་དབུ་འཁྲིད་ཅིག་དང་། རྒྱལ་ཁབ་དང་མི་རིགས་ཆོས་ལུགས་བཅས་ཀྱི་དབྱེ་བ་མེད་པར་ཀུན་གྱིས་དགའ་མོས་གུས་བཀུར་ཆེ་ཤོས་ཞུ་ཡུལ་ཞིག་ཏུ་གྱུར་ཅིང་། ༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ལ་ད་བར་གྲགས་ཅན་གྱི་གཙུག་ལག་སློབ་གཉེར་ཁང་དང་། འགྲོ་བ་མིའི་ཐོབ་ཐང་དང་འབྲེལ་བའི་སྒྲིག་འཛུགས་ཁག་ནས་གུས་བཀུར་ཆེ་བསྟོད་ཀྱི་གཟེངས་རྟགས་གྲངས་ ༡༥༡ འབུལ་གནང་མཛད་ཡོད། རྒྱལ་ཁབ་འདྲ་མིན་གྱི་ནོ་བྷེལ་ཞི་བདེའི་གཟེངས་རྟགས་བཞེས་མཁན་དབུ་འཁྲིད་ཚོས་ཀྱང་༧གོང་ས་མཆོག་ནི་ནོ་བྷེལ་ཞི་བདེའི་གཟེངས་རྟགས་བཞེས་མཁན་དབུ་འཁྲིད་ཚོའི་ཁྲོད་ནས་ཆེན་པོའི་ཆེན་པོ་ལྟ་བུ་རེད་ཅེས་བཅོས་མིན་གྱི་བསྔགས་བརྗོད་ཞུ་བཞིན་ཡོད། ཅེས་འཁོད་འདུག
སྲིད་སྐྱོང་གི་གསུང་བཤད་ནང་། ཕྱི་ལོ་ ༢༠༠༢ ལོར་ཐད་ཀའི་འབྲེལ་ལམ་བསྐྱར་གསོ་བྱུང་རྗེས་༧གོང་ས་༧སྐྱབས་མགོན་ཆེན་པོའི་སྐུ་ ཚབ་དང་རྒྱ་ནག་གཞུང་གི་སྐུ་ཚབ་དབར་འབྲེལ་མོལ་ཐེངས་དགུ་བྱུང་སྐབས། རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་སུ་གསལ་བའི་གྲངས་ཉུང་མི་རིགས་ཀྱི་རང་སྐྱོང་དང་རང་ཁྱིམ་རང་བདག་གི་ཐོབ་ཐང་རྣམས་ཇི་བཞིན་ལག་བསྟར་ཐུབ་པ་ཡོང་ཆེད་བོད་རིགས་ཡོངས་ལ་མིང་དོན་མཚུངས་པའི་རང་སྐྱོང་ཡོང་ཐབས་ཀྱི་བསམ་ འཆར་དང་བསམ་འཆར་གྱི་འགྲེལ་བརྗོད་ཡིག་ཆ་གཉིས་རྒྱ་ནག་གཞུང་ལ་སྤྲད་ཡོད་ཀྱང་། ད་བར་རྒྱ་ནག་གཞུང་གིས་མུ་མཐུད་མཁྲེགས་བཟུང་ཁོ་ན་ལས་བཟང་ཕྱོགས་ཀྱི་ཡ་ལན་ བྱུང་མེད། ཉེ་སྔོན་རྒྱ་ནག་གཞུང་གིས་རྩ་ཁྲིམས་ཀྱི་གལ་འགངས་ངོས་འཛིན་དང་གསལ་སྟོན་བྱ་ ཆེད་དུ་དམིགས་ཏེ་ཕྱི་ཟླ་ ༡༢ ཚེས་ ༤ དེ་བཞིན་རྒྱལ་ཡོངས་རྩ་ཁྲིམས་ཀྱི་ཉིན་མོར་སྲུང་བརྩི་བྱ་རྒྱུའི་གཏན་འབེབས་ བྱས་འདུག གལ་སྲིད་རྒྱ་ནག་གཞུང་གིས་དོན་དངོས་ཐོག་རྩ་ཁྲིམས་ཀྱི་གལ་འགངས་ངོས་འཛིན་བྱེད་ ཀྱི་ཡོད་ན་རྩ་ཁྲིམས་ནང་གསལ་བའི་གྲངས་ཉུང་མི་རིགས་ཀྱི་ཆ་རྐྱེན་ཁག་མིང་དོན་ མཚུངས་པར་ལག་བསྟར་དགོས་པ་ཡིན།
གཉིས་སྨན་དབུ་མའི་ལམ་གྱི་མཛད་བྱུས་རྨད་དུ་བྱུང་བ་འདི་ལ་བརྟེན་ནས་རྒྱལ་ སྤྱིའི་སྲིད་གཞུང་ཁག་དང་། གྲོས་ཚོགས། ཆབ་སྲིད་ཀྱི་གནད་དོན་མི་སྣ་བཅས་མང་པོས་མངོན་གསལ་དོད་པོའི་སྒོ་ནས་བོད་དོན་ལ་ རྒྱབ་སྐྱོར་དང། རྒྱ་ནག་གཞུང་དང་མཉམ་བོད་དོན་གླེང་སློང་བྱེད་ཐུབ་པ་བྱུང་ཡོད། དེ་མཚུངས་ལོ་རེ་བཞིན་རྒྱ་རིགས་མཁས་པ་དང་ཤེས་ཡོན་ཅན་གྱི་ཁྲོད་བོད་མིའི་བདེན་ དོན་ལ་ཤ་ཚ་རྒྱབ་སྐྱོར་དང་གོ་རྟོགས་ཇེ་ཆེར་འགྲོ་དང་འགྲོ་བཞིན་པ་ལྟར། བཀའ་ཤག་ནས་མུ་མཐུད་ཆོད་སེམས་བརྟན་པོའི་སྒོ་ནས་དབུ་མའི་ལམ་གྱི་སྲིད་བྱུས་ རྒྱུན་འཛིན་བྱས་དང་བྱ་མུས་ཡིན། དེ་བཞིན་རིང་མིན་བོད་རྒྱ་ཞི་མོལ་ལས་དོན་ཚོགས་ཆུང་གི་ཚོགས་འདུ་ཞིག་འཚོགས་རྒྱུ་ཡིན། ཞེས་འཁོད་འདུག
མུ་མཐུད་དུ་བསྟན་དོན། རྒྱ་ནག་གཞུང་གི་དྲག་གནོན་འོག་སྡུག་སྦྱོང་མནར་གཅོད་མྱོང་བཞིན་པའི་གཞིས་བཞུགས་བོད་རིགས་སྤུན་ཟླ་སྤྱི་དང་། ཁྱད་པར་མ་ཉེས་ཁ་གཡོགས་ཀྱི་ཉེས་མིང་འདྲ་མིན་འོག་རྒྱ་ནག་གིས་འཛིན་བཟུང་བཙོན་འཇུག་བྱས་པའི་ཀུན་གཟིགས་༧པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གིས་གཙོས་སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་ཆེ་དང་། བྱ་བྲལ་རིན་པོ་ཆེ། དེ་མཚུངས་བོད་བསྟན་སྲིད་མི་རིགས་ཆེད་བཙོན་འཇུག་སྡུག་སྦྱོང་མནར་གཅོད་མྱོང་བཞིན་པ་རྣམས་ཀློད་གྲོལ་མྱུར་དུ་ཐོབ་པ་དང་ཁོང་ཚོའི་དཔའ་མཛངས་སྙིང་སྟོབས་ལ་རྗེས་དྲན་གུས་འདུད་ཞུ་རྒྱུ། ད་ལྟ་ཁོང་ཚོའི་ལུས་སེམས་ཀྱི་གནས་བབ་དང་འབྱུང་འགྱུར་གནས་སྟངས་ཇི་ཆགས་ཐད་འཛམ་གླིང་ཤེས་ལྡན་མི་མང་ཡོངས་ཀྱིས་དོ་སྣང་བྱེད་བཞིན་ཡོད། དེ་བཞིན་བོད་ནང་གཞི་རྩའི་རང་དབང་དང་འགྲོ་བ་མིའི་ཐོབ་ཐང་ཆེད་ལུས་སྲོག་ལོངས་སྤྱོད་བློས་བཏང་གནང་མཁན་ཚོའི་མངོན་འདོད་ལ་རྒྱབ་སྐྱོར་དང་གདུང་སེམས་མཉམ་སྐྱེད་ཞུ་རྒྱུ་ཡིན། རྒྱ་ནག་གཞུང་གིས་གནམ་སྡེ་སྒོ་མོ་ཆེའི་ཐང་ཆེན་དུ་མང་གཙོའི་ལས་འགུལ་བའ་དག་གི་མངོན་འདོད་འགྲུབ་རྒྱུ་དང་། རྒྱ་རིགས་ནོ་བྷེལ་ཞི་བདེའི་གཟེངས་རྟགས་བཞེས་མཁན་ལིའུ་ཞའོ་པོ་བཙོན་གྲོལ་ཡོང་བའི་འབོད་སྐུལ་ཞུ་རྒྱུ་ཡིན། ཞེས་སོགས་གསུངས་སོང་།
སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་གིས་སྤྱི་འཐུས་ཀྱི་གསུང་བཤད་སྒྲོག་སྦྱངས་གནང་བའི་ནང་། འདི་ལོ་སྤྱི་ནོར་༸གོང་ས་མཆོག་ལ་ནོ་སྦེལ་ཞི་བདེའི་གཟེངས་རྟགས་འབུལ་ལམ་ཞུས་ནས་མི་ལོ་ ༢༥ འཁོར་བའི་དུས་ཚིགས་འདིར། ནོ་སྦེལ་ཞི་བདེའི་གཟེངས་རྟགས་ཚོགས་ཆུང་ནས་༧གོང་ས་མཆོག་ཆེད་དུ་གདན་ཞུ་དང་འབྲེལ་དུས་ཚིགས་ལ་རྗེས་དྲན་དང་། ཆེ་བསྟོད་ཀྱི་མཛད་སྒོ་སྔར་བྱུང་མྱོང་མེད་པའི་དམིགས་བསལ་ཅན་ཞིག་གནང་ཡོད་པ་དེས་༸མགོན་པོ་གང་གིས་འཛམ་གླིང་ཞི་བདེའི་ཆེད་མཛད་འཕྲིན་བསྐྱངས་དང་སྐྱོང་བཞིན་པར་སླར་ཡང་ངོས་འཛིན་གསལ་པོ་ཞུས་པ་ཞིག་ཡིན།
ལོ་འདིར་ལྷོ་ཨ་ཕི་རི་ཀར་ནོ་སྦེལ་ཞི་བདེའི་གཟེངས་རྟགས་བཞེས་མྱོང་མཁན་མང་པོ་ཞིག་ལྷན་འཛོམས་ཀྱིས་རྗེས་དྲན་ཆེན་པོ་ཞིག་གནང་འཆར་ཡང་། ལྷོ་ཨ་ཕི་རི་ཀའི་གཞུང་གིས་སྐབས་དེར་སྤྱི་ནོར་༸གོང་ས་མཆོག་ལ་ཐོངས་མཆན་མ་ཕུལ་བ་ནི་དབང་ཡོད་ཀྱིས་དབང་མེད་ལ་ཐུབ་ཚོད་བཏང་བ་ལྟ་བུར་ བརྟེན། ནོ་སྦེལ་ཞི་བདེའི་གཟེངས་རྟགས་བཞེས་མྱོང་མཁན་མང་པོས་༸གོང་ས་མཆོག་གི་བདེན་རྒྱབ་ཏུ་བཞེངས་ཕྱོགས་བརྟན་པོ་གནང་བས། དེ་ལྟའི་རྗེས་དྲན་ཚོགས་འདུ་དེ་ཡང་ཕྱིར་བཤོལ་གནང་དགོས་བྱུང་ཡོད་ཅིང་། དེ་ལྟ་བུའི་ནུས་པ་ཐོན་པའི་བདེན་རྒྱབ་གནང་མཁན་གྱི་སྐྱེས་མཆོག་རྣམ་པར་གུས་ ཀྱིས་གཞིས་བྱེས་བོད་མི་ཡོངས་ཀྱི་ཚབ་ཞུས་ཏེ་ཐུགས་རྗེ་བཀའ་དྲིན་བླ་མེད་དུ་ཆེ་ ཞེས་ཞུ་རྒྱུ་ཡིན།
འདི་ལོ་ ༢༠༡༤ ལོའི་ནོ་སྦེལ་ཞི་བདེའི་གཟེངས་རྟགས་དེ་བཞིན་བྱིས་པའི་ཐོབ་ཐང་ཆེད་འཐབ་རྩོད་གནང་མཁན་རྒྱ་གར་བ་སྐུ་ཞབས་(Kailash Satyarthi)དང་། པ་ཀི་སི་ཐན་གྱི་བུད་མེད་ན་གཞོན་( Malala Yousafzai)རྣམ་གཉིས་ལ་འབུལ་ལམ་ཞུ་གཏན་འཁེལ་ཡོད་པས། དེ་ནི་དུས་རབས་ཉེར་གཅིག་པ་འདིའི་ནང་བྱིས་པ་མང་པོར་སློབ་སྦྱོང་སོགས་ཀྱི་གོ་ སྐབས་མི་འཐོབ་པ་དང། ཡུལ་ལུང་འགའ་ཤས་ནང་བུད་མེད་ལ་ཤེས་ཡོན་སློབ་སྦྱོང་གི་གོ་སྐབས་མི་སྤྲོད་པའི་ སྐོར་ལ་སྙིང་སྟོབས་ཆེན་པོས་འཐབ་རྩོད་གནང་བ་ལ་བརྟེན་ནས་འབུལ་ལམ་ཞུས་པ་ཡིན་ སྟབས་ཁོང་གཉིས་ལ་ད་རེས་ཀྱི་གོ་སྐབས་འདི་བརྒྱུད་ནས་བསྔགས་བརྗོད་དང་དགའ་བསུ་ ཞུ་རྒྱུ་ཡིན། དེང་འཛམ་གླིང་ཐོག་འཁྲུག་འཛིངས་སོགས་ཕན་ཚུན་གནོད་ཅིང་འཚེ་བའི་དུས་སྐབས་འདིར་ ནོ་སྦེལ་ཞི་བདེའི་གཟེངས་རྟགས་བཞེས་མཁན་རྣམ་པར་མངོན་པར་བསྟོད་རྒྱུ་དང་། ད་དུང་འཛམ་གླིང་ཁྱོན་འདིར་ཞི་བདེ་དང་། བྱམས་བརྩེ་སོགས་ཀྱི་ལམ་ནས་སྐྱེ་འགྲོ་ཀུན་ལ་ཕན་བདེ་བསྐྲུན་ནུས་པའི་སྐྱེས་བུ་ དམ་པ་ཁོང་རྣམ་པ་ལྟ་བུ་གང་མང་ངེས་པར་ཐོན་ཐུབ་པའི་རེ་སྨོན་ཞུ་རྒྱུ་ཡིན། ཞེས་འཁོད་འདུག
ཚོགས་གཙོའི་གསུང་བཤད་ནང་། གཞིས་བཞུགས་རྒྱལ་གཅེས་དཔའ་བོ་དཔའ་མོ་འདས་གསོན་ཡོངས་ཀྱི་ལྷག་བསམ་དང་། དཔའ་མཛངས་སྙིང་སྟོབས་བླ་ན་མེད་པའི་མཛད་རྗེས་རྣམས་ལ་འཛམ་གླིང་ས་ཕྱོགས་གང་སར་ ཡོད་པའི་བོད་མི་ཡོངས་ཀྱིས་གདུང་སེམས་མཉམ་སྐྱེད་ངང་མངོན་པར་བསྟོད་རྒྱུ་མ་ཟད། བོད་མིའི་འདོད་དོན་སྙིང་པོ་བོད་དོན་བདེན་མཐའ་མྱུར་དུ་གསལ་སླད་བོད་མིའི་བླ་ ན་མེད་པའི་དབུ་འཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང། བཙན་བྱོལ་བོད་མི་ཡོངས་ནས་རྒྱལ་སྤྱིའི་ནང་འཚེ་མེད་ཞི་བའི་ལས་འགུལ་སྣ་མང་ སྤེལ་དང་སྤེལ་བཞིན་པ་ལྟར་ད་དུང་མུ་མཐུད་སྤེལ་རྒྱུ་ཡིན།
ཡང་ང་ཚོས་དེ་རིང་གི་གཟི་བརྗིད་དང་། རྒྱལ་ཁའི་ཉིན་མོ་འདི་སྲུང་བརྩི་ཞུ་བ་དང་སྦྲགས་སྤྱི་ནོར་༸གོང་ས་མཆོག་གིས་འཚེ་མེད་ཞི་བའི་ལམ་སྟོན་མཛད་པ་ཁག་སྙིང་དབུས་སུ་བཅངས་ཏེ་ འཛམ་གླིང་སྤྱི་དང་། བྱེ་བྲག་བོད་སྤྱིའི་འཕྲལ་ཕུགས་བདེ་དོན་ལ་སྨན་པའི་རང་རང་སྐབས་བབས་འཁུར་ འཁྲིའི་ལས་འགན་ཞུ་སྒོར་འབད་འབུངས་ཧུར་བརྩོན་ཆེར་བསྐྱེད་གནང་དགོས་པ་ནི་ ༸རྒྱལ་བའི་བཀའ་དྲིན་རྗེས་དྲན་དང་། དུས་དྲན་ཉིན་མོ་སྲུང་བརྩི་ཞུ་བའི་དགོས་དོན་སྙིང་པོ་ཡིན་པས་ཚང་མའི་ཐུགས་ལ་ འཇགས་ནས་ཉིན་རེའི་འཚོ་བའི་ནང་ཕྱག་ལེན་གནང་རོགས་ཞེས་བསྐུལ་མ་ནན་ཏན་ཞུ་རྒྱུ་ཡིན། ཞེས་སོགས་འཁོད་འདུག
ཉིན་རྒྱབ་དྷ་ས་ཟློས་གར་ཁང་དུ་ཉིན་གཉིས་རིང་གི་ “ཧི་མ་ལཱ་ཡའི་དུས་སྟོན” ཞེས་པ་ཚོགས་ཏེ། ཧི་མཱ་ཅལ་དང་ཨ་རུ་ནཱ་ཅལ། འབྲས་ལྗོངས། ཨུཏྟར་ཁཎྜ། ཇམ་མུ་ཀ་ཤི་མིར། པན་ཇབ། ར་ཇི་སི་ཐན་བཅས་མངའ་སྡེ་ ༧ ནས་རིག་གཞུང་འཁྲབ་སྟོན་པ་མི་གྲངས་ ༢༣༠ ཙམ་མཉམ་ཞུགས་གནང་སྟེ་གླུ་གཞས་འཁྲབ་སྟོན་བྱ་རྒྱུ་ཡིན་འདུག
གསར་འགོད་པ། པདྨ་མཚོ།