དེ་རིང་ས་ར་མཐོ་སློབ་ལོ་ ༡༦ འཁོར་བའི་མཛད་སྒོའི་ཐོག་སྲིད་སྐྱོང་མཆོག་གིས། ཉེ་སྔོན་བོད་མིའི་སྒྲིག་འཛུགས་ཀྱི་དྲ་རྒྱར་དོ་རྒྱལ་རྗེས་འབྲང་བའི་པར་དང་མིང་བཀོད་པ་དེ་བཀའ་ཤག་ནང་ཁུལ་གྲོས་བསྡུར་བྱས་ཏེ། ༧གོང་ས་མཆོག་གི་སྐུ་ཕྱྭའི་བདེ་འཇགས་དང་། བོད་མི་ཚོར་ངོ་སྤྲོད་ཡོང་ཆེད་བཀོད་ཡོད་སྐོར་གསུངས་སོང་།
དེ་རིང་ཕྱི་ཚེས་ ༡༤ ཉིན་གྱི་ཞོགས་པའི་ཆུ་ཚོད་ ༡༠།༠༠ ཐོག ས་ར་མཐོ་སློབ་དབུ་བརྙེས་ཏེ་ལོ་ ༡༦ འཁོར་བའི་མཛད་སྒོ་མཐོ་སློབ་རང་གི་ཚོགས་ཁང་དུ་ཚོགས་སོང་། མཛད་སྒོའི་སྐུ་མགྲོན་གཙོ་བོར་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་དང་། ཤེས་རིག་དྲུང་ཆེ་སྟོབས་རྒྱལ་ཚེ་རིང་མཆོག ཆོས་རིག་དྲུང་འཕར་ལུང་རྟོགས་མཆོག རིགས་སློབ་མ་ལག་གི་སྤྱི་ཁྱབ་འགན་འཛིན་དགེ་བཤེས་དམ་ཆོས་རྒྱལ་མཚན་མཆོག་བཅས་དང་། དེ་བཞིན། རིགས་སློབ་མ་ལག་གི་འགན་འཛིན་གཞོན་པ་སྤྱི་འཐུས་སྐལ་བཟང་དགྲ་འདུལ་གཙོས་པའི་རིགས་སློབ་ཀྱི་དགེ་སློབ་དང་། ས་ར་མཐོ་སློབ་ཀྱི་སློབ་སྦྱི་དགེ་བཤེས་འཇམ་དཔལ་གྲགས་པ་ལགས་གཙོས་པའི་དགེ་ལས་དང་སློབ་ཕྲུག་བཅས་འཛོམས་འདུག
མཛད་སྒོའི་ཐོག་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས། རིགས་སློབ་མ་ལག་གི་སྤྱི་ཁྱབ་འགན་འཛིན་དགེ་བཤེས་དམ་ཆོས་རྒྱལ་མཚན་མཆོག་རིག་སློབ་མ་ལག་གི་མཁན་པོར་བསྐོ་བཞག་དང་། རིག་སློབ་མ་ལག་གི་སྤྱི་ཁྱབ་འགན་འཛིན་གཞོན་པ་སྤྱི་འཐུས་སྐལ་བཟང་དགྲ་འདུལ་སྤྱི་ཁྱབ་འགན་འཛིན་དུ་བསྐོ་བཞག་གནང་བར་མཇལ་དར་བསྒྲོན་འབུལ་གནང་བ་དང་། རིགས་སློབ་ཀྱི་སློབ་དཔོན་བགྲེས་པ་དགེ་བཤེས་རྒྱ་མཚོ་གཙུག་ལག་སློབ་དཔོན་ (Professor) དུ་བསྐོ་བཞག་དང་། རིགས་སློབ་སློབ་དཔོན་བགྲེས་པ་དགེ་བཤེས་བློ་བཟང་ཟླ་བ་ཉེ་བའི་གཙུག་ལག་སློབ་དཔོན་ (Associate Professor) དུ་བསྐོ་བཞག ས་ར་མཐོ་སློབ་ཀྱི་སློབ་དཔོན་བགྲེས་པ་སྤྱི་འཐུས་བསོད་ནམས་རྒྱལ་མཚན་གཙུག་ལག་སློབ་དཔོན་དུ་བསྐོ་བཞག ས་ར་མཐོ་སློབ་ཀྱི་སློབ་དཔོན་བགྲེས་པ་སྦྲེལ་ནག་པ་བློ་གྲོས་དཔལ་བཟང་ལགས་ཉེ་བའི་གཙུག་ལག་སློབ་དཔོན་དུ་བསྐོ་བཞག ས་ར་མཐོ་སློབ་ཀྱི་ལོ་རྒྱུས་སློབ་དཔོན་སྟོབས་ལགས་སློབ་དཔོན་བགྲེས་པར་བསྐོ་བཞག་གནང་བར་མཇལ་དར་བསྒྲོན་འབུལ་། རིས་མེད་དགེ་བཤེས་དང་། རིས་མེད་སློབ་དཔོན་ཆེན་མོའི་སློབ་ཐོན་པ་དང་རྒྱུགས་སྤྲོད་རྩེར་སོན་རྣམ་ལ་གཟེངས་བསྟོད་ཕྱག་འཁྱེར་དང་བྱ་དགའ་གསོལ་རས་དང་དཔེ་དེབ་དབུ་འབྱེད་བཅས་གནང་སོང་ལ། ཤེས་རིག་དྲུང་ཆེ་དང་ཆོས་རིག་དྲུང་འཕར་རྣམ་གཉིས་ཀྱིས་དབུ་མ་དང་ཕར་ཕྱིན་རབ་འབྱམས་པའི་སློབ་ཐོན་དང་ཡིག་རྒྱུགས་རྩེར་སོན་རྣམ་པ་ཕྱག་འཁྱེར་དང་བྱ་དགའ་གསོལ་རས་གནང་སོང་།
དེ་རིང་གི་མཛད་སྒོའི་ཐོག་ས་ར་མཐོ་སློབ་ཀྱི་སློབ་སྦྱི་དགེ་བཤེས་འཇམ་དཔལ་གྲགས་པ་ལགས་ཀྱིས་གཏམ་བཤད་གནང་སྐབས། ས་ར་བོད་ཀྱི་མཐོ་རིམ་སློབ་གཉེར་ཁང་ནི་ ༡༩༨༨ དང་ ༡༩༨༩ ནང་གཏན་ཉིན་སློབ་གྲྭ་ཁག་གི་བོད་དགེ་མང་པོ་ཞིག་བགྲེས་ཡོལ་དུ་ཕེབས་པ་དང་། བོད་དགེ་འོས་སྦྱོང་ཐོན་པའི་དགེ་རྒན་བཏང་ཆོག་པ་ཅིག་མེད་པའི་དཀའ་ངལ་འཕྲད་སྐབས། བོད་གཞུང་ཤེས་རིག་ལས་ཁུངས་དང་དྷ་ས་རིགས་སློབ་ཟུང་འབྲེལ་ཐོག་ ༡༩༨༩ དང་ ༡༩༩༠ བཅས་ཐེངས་གཉིས་རིང་དགེ་འོས་སྦྱོང་བརྡར་རིགས་སློབ་དུ་སྤྲད་ཀྱང་། ས་ཆའི་གནས་སྟངས་ཀྱིས་འོས་སྦྱོང་བར་སྡོད་ཁང་དང་འཛིན་ཁང་གི་དཀའ་ངལ་འཕྲད་པ་དང་། སྐབས་དེ་དག་ཏུ་བོད་ཀྱི་སྲོལ་རྒྱུན་རིག་གནས་ཀྱང་ལྟག་ཆུ་ཆད་པའི་རྫིང་བུ་ལྟར་གྱུར་ལ་ཉེ་བའི་གནས་སུ་གྱར་བ་བཅས་གནས་སྟངས་དུ་མར་གཟིགས་ཏེ། རིགས་ལམ་སློབ་གཉེར་ཁང་གི་དབུ་འཛིན་ཞིང་བཤེགས་དམ་པ་རྒན་བློ་བཟང་རྒྱ་མཚོ་མཆོག་གིས་སློབ་གཉེར་ཁང་གི་ལས་འཆར་༧གོང་ས་མཆོག་ལ་སྙན་སྒྲོན་ཞུས་པ་ལྟར། ༧གོང་ས་མཆོག་གིས་བཀའ་འཁྲོལ་ཞལ་འདེབས་དང་ཆིབས་བསྒྱུར་ཞབས་སོར་བཀོད་དེ་ས་གཞི་བྱིན་རླབས་སོགས་གནང་བ་ལྟར་ཕྱི་ཡི་འཛུགས་བསྐྲུན་ལེགས་གྲུབ་ཡོང་ལ་ཉེ་སྐབས། དོལ་རྒྱལ་རྗེས་འབྲང་པའི་བཀོད་སྒྲིག་འོག་རྒན་དམ་པ་དང་ཁོང་གི་དགེ་ཕྲུག་གཉིས་བཅས་བགྲོངས་ཡོད་པ་དང་། ད་བར་༧གོང་ས་མཆོག་ལམ་སྟོན་དང་རྒན་དམ་པའི་དགོངས་གཞི་ལྟར་རྗེས་འཇུག་པ་ཚོས་འབད་བརྩོན་གནང་བ་དང་། དམིགས་བསལ་བོད་གཞུང་ཤེས་རིག་ལས་ཁུངས་དང་སྐུ་སྒེར་ཡིག་ཚང་བཅས་གཞུང་སྒེར་ཚང་མས་མཐུན་འགྱུར་འོག ༡༩༩༨ ལོར་༧གོང་ས་མཆོག་ཆིབས་བསྒྱུར་ཀྱིས་ས་ར་རིག་ལམ་སློབ་གཉེར་ཁང་དབུ་འབྱེད་དང་། ༢༠༠༡ ལོར་བཀའ་ཤག་དང་ཤེས་རིག་ལས་ཁུངས་ནས་མཐོ་སློབ་དུ་ངོས་འཛིན་གནང་བར་མ་ཟད། ས་ར་བོད་ཀྱི་མཐོ་རིམ་སློབ་གཉེར་ཁང་ཞེས་མཚན་བྱང་དང་ངོས་འཛིན་ཕྱག་འཁྱེར་གནང་སྐོར་སོགས་ངོ་སྤྲོད་གནང་སོང་།
ཁོང་གིས་གཙུག་ལག་རབ་འབྱམས་པ་གསར་འཛུགས་ཐད། ༧གོང་ས་མཆོག་གི་བཀའ་སློབ་སྤྱི་དང་། ལྷག་པར་དུ་ཉེ་བའི་ལོ་ཤས་སྔོན་ནས་༧གོང་ས་མཆོག་གིས་དམིགས་བཀར་རིགས་གཅིག་རྐང་འཛིན་གསོ་སྐྱོང་ཐོག་བཀའ་སློབ་གནང་བཞིན་པ་རེད། བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་ཀྱང་མཇུག་སྣོན་གྱི་བཀའ་སློབ་ཡང་ཡང་ཕེབས་ཡོད་པར་མ་ཟད། བཙན་བྱོལ་བོད་ཕྲུག་བྱིངས་ཀྱི་མཐོ་རིམ་སློབ་ཡོན་སྦར་བ་དང་མཐོ་སློབ་དྲག་གྲས་སུ་འཛུལ་ཞུགས་མཐུན་རྐྱེན་དང་ལམ་སྟོན་གནང་བཞིན་ཡོད་སྟབས། ས་ར་མཐོ་སློབ་བོད་ཀྱི་སྲོལ་རྒྱུན་རིག་གནས་ཀྱི་མཐོ་སློབ་ཅིག་ཡིན་པ་དང་། སྲོལ་རྒྱུན་རིག་གནས་ཐོག་རིགས་གཅིག་རྐང་འཛིན་པ་གསོ་སྐྱོང་བྱ་རྒྱུ་མཐོ་སློབ་རང་གི་ལས་འགན་ཞིག་ཏུ་མཐོང་ནས་གཙུག་ལག་རབ་འབྱམས་པ་ (MA) འཛུགས་རྒྱུའི་འཆར་གཞི་བསྒྲིགས་པ་ཡིན། དེ་ནས་བཟུང་འབྲེལ་ཡོད་སློབ་དཔོན་དང་མཁས་དབང་དུ་མར་གྲོས་སྡུར་གྱིས་བསླབ་གཞི་གཏན་འབེབས་གནང་། ཚོགས་ཆུང་གསར་འཛུགས་ཀྱི་སློབ་དེབ་ལ་བསྐྱར་བཅོས། བསྐྱར་བཅོས་ཟིན་པའི་བསླབ་གཞི་བཀའ་ཟུར་ཟམ་གདོང་རིན་པོ་ཆེ་མཆོག་ལ་སྤྱན་འབུལ་གྱིས་ལམ་སྟོན་ཞུས་པ་རེད། གཏན་ལ་ཕབ་པའི་བསླབ་གཞི་ཁག་དང་ཉིན་རེའི་ལས་རིམ་ཁག་ཤེས་རིག་ལས་ཁུངས་ལ་ཕུལ་ཏེ། གཟིགས་ཞིབ་ཚོགས་ཆུང་ཟུར་བཙུགས་དང་སྣོན་འཕྲི་དགོས་རིགས་ཁག་ལ་བསྐྱར་བཅོས་བྱས་རྗེས། ༢༠༡༤ ཟླ་ ༡ ཚེས་ ༢༡ ཉིན་གཙུག་ལག་རབ་འབྱམས་པ་ཚད་ལྡན་ཞིག་ཏུ་ངོས་འཛིན་ཕྱག་འཁྱེར་གནང་སྟབས། ང་ཚོའི་ངོས་ནས་བཙན་བྱོལ་བོད་མིའི་མཐོ་སློབ་ཅིག་ཏུ་ལོ་རྒྱུས་དང་རྩོམ་རིག་གི་གཙུག་ལག་རབ་འབྱམས་པ་བཙུགས་ཐུབ་པ་དེ་གཟི་བརྗིད་ཅིག་ཏུ་མཐོང་གི་ཡོད་ལ། ང་ཚོའི་ལས་གཞི་འདིར་མཐུན་རྒྱུར་རྒྱབ་སྐྱོར་གནང་མཁན་ཤེས་རིག་ལས་ཁུངས་དང་དགའ་ལྡན་ཕོ་བྲང་དབུས་འབྲེལ་ཡོད་ཚང་མར་ཐུགས་རྗེ་ཆེ་ཞུ་བ་ཡིན། ” ཞེས་བརྗོད་སོང་།
དེའི་རྗེས་རིགས་སློབ་མ་ལག་གི་སྤྱི་ཁྱབ་འགན་འཛིན་སྤྱི་འཐུས་དགེ་བཤེས་སྐལ་བཟང་དགྲ་འདུལ་ལགས་ཀྱིས། དྷ་ས་རིག་ལམ་སློབ་གཉེར་ཁང་གསར་འཛུགས་གནང་དགོས་པའི་དམིགས་ཡུལ་གཙོ་བོ་ ༡༩༦༠ ནས་ ༡༩༧༠ ནང་གཏན་ཉིན་སློབ་གྲྭ་ཁག་ཏུ་རབ་བྱུང་གང་འཚམ་ཡོད་པ་རྣམས་སློབ་གྲྭ་ཐོན་པའི་རྗེས་སུ་དེང་དུས་ཀྱི་ཤེས་ཡོན་དང་བཅས་པའི་ལམ་སྲོལ་གསར་བ་ཤེས་པའི་སྒོ་ནས་ནང་ཆོས་སློབ་གཉེར་བྱ་འདུན་ཡོད་ཀྱང་། དེ་འདྲའི་སློབ་གཉེར་ཁང་མེད་པའི་གནས་ཚུལ་ཤེས་རིག་ཚོགས་ཆེན་སྔ་རྗེས་སུ་གླེང་སློང་དང་། གནས་ཚུལ་ཞིབ་ཕྲ་མ་སུ་རིའི་ཞིང་གཤེགས་ཆོས་དགེ་རྒན་བློ་བཟང་རྒྱ་མཚོ་མཆོག་གིས་༧གོང་ས་མཆོག་ལ་སྙན་སེང་ཞུས་པ་ལྟར། ༧གོང་ས་མཆོག་གིས་འཕྲལ་ཕུགས་རྒྱང་གསུམ་ལ་གཟིགས་ཏེ། ༡༩༧༣ ལོའི་ ༧ ཚེས་ ༦ ཉིན་རིགས་ལམ་སློབ་གཉེར་ཁང་གི་མིང་གསོལ་རས་གནང་བ་དང་ཆབས་ཅིག་གསར་འཛུགས་གནང་བ་དང་། ད་བར་རིགས་ལམ་སློབ་གཉེར་ཁང་གིས་བོད་ཀྱི་ཆོས་བརྒྱུད་རིས་མེད་ཀྱི་རིག་གཞུང་དང་ཐེག་པ་ཆེ་ཆུང་སྔགས་དང་བཅས་པར་སློབ་སྦྱོང་གནང་བཞིན་ཡོད་པ་དང་། ཁྲིམས་དང་སྒྲིག་གཞི། སློབ་ཚན། ལག་འཁྱེར་སོགས་ཚད་ལྡན་ཡིན་པ་དང་། ཕྱིའི་རྒྱལ་ཁབ་ཁག་ནང་རིགས་སློབ་ཀྱི་ལག་འཁྱེར་ངོས་འཛིན་བྱེད་ཀྱི་ཡོད་སྟབས། ད་ཆར་རིགས་སློབ་ཀྱི་སློབ་མ་མང་པོ་ཞིག་ཕྱིའི་རྒྱལ་ཁབ་ཁག་ནང་ལས་རིགས་འདྲ་མིན་ཐོག་སྲི་ཞུ་བསྒྲུབ་མཁན་དང་། སྐད་རིགས་འདྲ་མིན་གྱི་སྐུའི་གསུང་བསྒྱུར་བ་སོགས་མང་པོ་བྱུང་ཡོད་སྐོར་དང་། ད་ཆར་རིགས་སློབ་དུ་ཕྱི་ནང་མི་རིགས་ ༡༥༠ ཡས་མས་ཡོད་སྐོར་སོགས་ངོ་སྤྲོད་གནང་སོང་།
མཇུག་ཏུ་སྲིད་སྐྱོང་མཆོག་གིས། ཉེ་རབས་ཀྱི་ལོ་རྒྱུས་ནང་རྒྱ་ནག་གི་བཙན་བཟུང་བྱས་རྗེས། བོད་ནང་དགོན་སྡེ་གཏོར་བཤིག་དང་རིག་གཞུང་རྩ་མེད་སྲིད་ཇུས་འདྲ་མིན་ལག་བསྟར་བྱས་ཡོད་ཀྱང་། བཙན་བྱོལ་བོད་མི་ཚོར་དམིགས་བསལ་འགན་ཡོད་སྟབས། ༧གོང་ས་མཆོག་གི་བཀའ་སློབ་ལམ་སྟོན་ལྟར་དགེ་བཤེས་དམ་པ་གཙོས་པའི་མི་ཐོག་རྒན་པ་མང་པོ་ཞིག་གི་སྐུ་ལུས་བསྐྱོན་ཏེ་གདན་ས་གཙོས་དགོན་སྡེ་བསྐྱར་གསོ་དང་། སློབ་གཉེར་ཁང་གསར་རྒྱག་སོགས་བྱས་ཏེ་བཙན་བྱོལ་ནང་ཆོས་དང་རིག་གཞུང་སྐད་ཡིག་ཐོག་ནས་བསྐྱར་གསོ་བྱས་ཏེ། འཛམ་གླིང་སྤྱི་ཡོངས་ནང་ཕན་ཐོགས་པ་བྱུང་ཡོད། ང་ཚོ་བོད་པ་གང་དུ་ཕྱིན་ཡང་ངོམས་ཆོག་པ་དེ་ཆོས་དང་རིག་གཞུང་སྐད་ཡིག་ཆགས་ཡོད་སྟབས། དེ་མི་ཉམས་གོང་འཕེལ་གཏོང་རྒྱུའི་འགན་ང་ཚོར་ཚང་མར་ཡོད། མཐོ་སློབ་འཛུགས་རྒྱུ་ཁག་པོ་རེད། ཡིན་ནའང་མཇུག་སྐྱོང་རྒྱུ་དེ་ལས་ཁག་པོ་ཡོད་པ་རེད། ཁ་ཤས་མགོ་བཙུགས་ཏེ་རྗེས་སུ་འཐུས་ཤོར་ཕྱིན་པ་མང་པོ་ཡོང་གི་ཡོད་པ་རེད། ས་ར་མཐོ་སློབ་དང་རིགས་སློབ་གཉིས་ད་ལྟའི་བར་གནས་ཐུབ་པར་མ་ཟད། ཚད་ལྡན་དང་ཡར་རྒྱས་ཀྱི་རྣམ་པ་གསལ་བོ་འདུག ད་ལྟའི་བར་རབ་འབྱམས་པ་ཐོན་པ་མང་པོ་ཞིག་ཡོད་ཀྱང་། ད་ལོ་ནས་ཤེས་རིག་དང་འབྲེལ་བ་ཆགས་ཡོད། དམིགས་བསལ་ལོ་རྒྱུས་དང་རྩོམ་རིག་ཐོག་གཙུག་ལག་རབ་འབྱམས་པ་ད་ལོ་ནས་མགོ་འཛུགས་གནང་ཡོད་སྟབས། མ་འོངས་པར་བོད་མིའི་སྒྲིག་འཛུགས་དང་དམིགས་བསལ་ཤེས་རིག་ལས་ཁུངས་ཀྱི་ངོས་ནས་མུ་མཐུད་མཉམ་འབྲེལ་ཐོག་མཐུན་འགྱུར་བསྐྲུན་ཆོག་གི་རེད། ཅེས་གསུངས་སོང་།
སྲིད་སྐྱོང་མཆོག་གིས་དོལ་རྒྱལ་གྱི་སྐོར་ལ་གསུང་དོན། ཉེ་སྔོན་བོད་མིའི་སྒྲིག་འཛུགས་ཀྱིས་དོལ་རྒྱལ་རྗེས་འབྲང་པ་ཚོའི་མིང་དང་པར་དྲ་རྒྱར་བཏོན་པ་རེད། བོད་པའི་སྤྱི་དོན་ལ་ཤ་ཞེན་ཡོད་མཁན་ཁ་ཤས་ཀྱིས། དེ་ག་རེ་བྱས་ནས་བཏོན་དགོས་པ་རེད་ཅེས་ཡི་གེ་འབྱོར་ཡོང་གི་འདུག མི་མང་པོ་ཞིག་གིས་སྟོན་དགོས་ཀྱི་འདུག དོལ་རྒྱལ་རྗེས་འབྲང་པ་སུ་ཡིན་པ་ཧ་གོ་དགོས་ཀྱི་འདུག་ཅེས་བཤད་མཁན་ཡང་བྱུང་སོང་། ང་ཚོ་བཀའ་ཤག་ནང་ཁུལ་གྲོས་བསྡུར་བྱས་རྗེས་ཉེ་བའི་དུས་ནས་དོལ་རྒྱལ་རྗེས་འབྲང་པ་ཚོས་༧གོང་ས་མཆོག་ཕྱི་རྒྱལ་དུ་ཆིབས་བསྒྱུར་སྐབས་མགྲོན་ཁང་དུ་ཡོང་གི་ཡོད་དང་། མགྲོན་ཁང་ནང་སྡོད་ཀྱི་ཡོད་པ། བཀའ་སློབ་གནང་སའི་ཚོགས་ཁང་ནང་འཛུལ་བ། ཕྱི་ལོགས་སུ་སྐད་འབོད་བཅས་བྱེད་ཡོང་སྐབས། ༧གོང་ས་མཆོག་གི་སྐུ་ཕྱྭར་ཉེན་ཁ་མཐོང་བ་རེད། རྒྱ་གར་དང་ཨ་རིའི་གསང་བའི་ལས་ཁུངས་ཀྱིས་དོལ་རྒྱལ་རྗེས་འབྲང་པ་ཚོས་༧གོང་ས་མཆོག་གི་སྐུ་ཕྱྭར་ཉེན་ཁ་འདུག་ཅེས་གསང་བའི་སྙན་ཐོ་ནང་བཏོན་ཡོད་སྟབས། ཉེན་ཁར་མཐོང་སྟེ་གསལ་བསྒྲགས་བྱས་པ་རེད། དེ་མིན་ཁོ་ཚོའི་པར་དང་མིང་བཏོན་སྟེ་ཁོ་ཚོར་གནོད་སྐྱེལ་ཞེས་དེ་སྔོན་ཞུས་བཞག་པ་དེ་འདྲ་ཡོད་པ་མ་རེད་ལ། ད་ལྟ་ཡང་ཞུ་རྒྱུ་མེད། པར་བཏོན་པ་དེས་ཁོ་རང་ཚོར་གནོད་སྐྱོན་བྱུང་བཞག་པ་རྩ་བ་ཉིད་ནས་མེད། མེད་པའི་ཁུངས་སྐྱེལ་གང་ཡོད་ཅེ་ན། མིང་དང་པར་བཏོན་སྟེ་ཟླ་ཤས་འགྲོ་བཞིན་ཡོད་ཀྱང་། ཁོ་རང་ཚོའི་མི་གཅིག་ལ་བོད་མི་གཅིག་གིས་མཛུབ་མོ་བཙུགས་པ་བྱུང་མེད། དེ་༧གོང་ས་མཆོག་གི་བཀའ་སློབ་ལམ་སྟོན་གཞིར་བཟུང་ང་ཚོས་འཚེ་མེད་ཞི་བའི་ལམ་ལ་འགྲོ་བཞིན་པ་ལག་བསྟར་བྱེད་ཀྱི་ཡོད་པ་དང་། བོད་མི་ཚོས་འགན་འཁུར་གྱིན་པའི་དབང་གིས་རེད། མི་མང་ལ་ངོ་སྤྲོད་བྱེད་པའི་འགན་བོད་མིའི་སྒྲིག་འཛུགས་ལ་ཡོད་པ་རེད། མ་འོངས་པར་ཅིག་ཆགས་པ་ཡིན་ན་སྔོན་མ་ནས་ངོ་སྤྲོད་མ་བྱས་པ་ག་རེ་རེད་ཅེས་བཤད་ཀྱི་རེད། ངོ་སྤྲོད་བྱས་པ་དེ་ཡང་ང་ཚོས་ཁོ་ཚོའི་པར་གསར་བ་བཏོན་བཞག་པ་དེ་འདྲ་མ་རེད། རྗེས་འབྲང་པ་ཚོ་དངོས་སུ་ཁྲོམ་རར་ཐོན་ཏེ་སྐད་འབོད་བྱས་པ་དང་། ཁོང་ཚོའི་བརྙན་འཕྲིན་དང་དྲ་རྒྱར་ཡོད་བཞག་པ་དེ་ཕྱོགས་བསྒྲིགས་བྱས་ཏེ་བཏོན་ཏེ་བཀོད་བཞག་པ་དེ་འདྲ་རེད། ཅེས་གསུངས་སོང་།
ད་ཆར་ས་ར་མཐོ་སློབ་དུ་གཙུག་ལག་རབ་འབྱམས་པའི་སློབ་མ་ ༡༢ དང་། མཐོ་རིམ་རིག་གནས་འཛིན་གྲྭར་སློབ་མ་ ༡༡༣། ནང་དོན་རིག་པའི་འཛིན་གྲྭར་སློབ་མ་ ༤༠། ཕྱི་རྒྱལ་སྐད་ཡིག་འཛིན་གྲྭ་དང་པོ་དང་གཉིས་པར་སློབ་མ་ ༢༧། ཟུར་སྦྱོང་སློབ་མ་ ༦༠ བཅས་ཁྱོན་བསྡོམས་སློབ་མ་ ༢༥༢ དང་། དགེ་རྒན་དང་ལས་བྱེད་ ༣༧ ཡོད་འདུག
གསར་འགོད་པ། དོན་གོ