དེ་རིང་ཨ་མྱེས་རྨ་ཆེན་བོད་ཀྱི་རིག་གཞུང་ཞིབ་འཇུག་ཁང་གིས་རྩོམ་པ་པོ་ཚེ་དབང་རྟ་མགྲིན་ལགས་ཀྱིས་བརྩམས་པའི་དཔེ་དེབ་ཁག་དྲུག་དབུ་འབྱེད་གནང་བ་དང་འབྲེལ་ནས་རྩོམ་པ་པོར་གདེང་འཇོག་གི་གཏམ་བཤད་སྤེལ་སོང་།
དེ་རིང་ཉིན་རྒྱབ་ཆུ་ཚོད་ ༤།༡༥ ཐོག་མེག་གྷན་བོད་ཀྱི་གསོལ་མགྲོན་ཁང་དུ་ཨ་མྱེས་རྨ་ཆེན་བོད་ཀྱི་རིག་གཞུང་ཞིབ་འཇུག་ཁང་གི་གོ་སྒྲིག་འོག འབྲས་ལྗོངས་བྱ་མ་རྟའི་རྩོམ་སྒྲིག་པ་ཟུར་བ་དང་༼བོད་ནང་གི་ལོ་བདུན༽ཞེས་པའི་དེབ་བོད་ བསྒྱུར་གནང་མཁན་རྩོམ་པ་པོ་ཚེ་དབང་རྟ་མགྲིན་ལགས་ཀྱིས་བརྩམས་པའི་དཔེ་དེབ་ཁག་ ༦ དབུ་འབྱེད་གནང་སོང་ལ། སྐུ་མགྲོན་གཙོ་བོར་བོད་མིའི་སྒྲིག་འཛུགས་ཤེས་རིག་ལས་ཁུངས་རྩོམ་སྒྲིག་སྡེ་ཚན་གྱི་འགན་འཛིན་ཟུང་དྲུང་ཀརྨ་སྨོན་ལམ་ལགས་དང་། ཚེ་དབང་རྟ་མགྲིན་ལགས་ཀྱི་སློབ་གྲོགས་ཡིན་པ་བོད་མིའི་སྒྲིག་འཛུགས་འོས་བསྡུ་ལས་ཁང་འགན་འཛིན་འཇམ་དཔལ་ཆོས་བཟང་ལགས། དྲིལ་བསྒྲགས་དྲུང་ཆེ་དྭགས་པོ་བསོད་ནམས་ནོར་བུ་ལགས། འདེམས་ལྷན་དྲུང་ཆེ་མི་འགྱུར་རྡོར་རྗེ་ལགས། འཕྲོད་བསྟེན་དྲུང་ཆེ་ཤོ་ཟུར་བསོད་ནམས་ཆོས་འཕེལ་ལགས། དེ་མིན་དྷ་ས་ཁུལ་གྱི་རྩོམ་པ་པོ་དང་ཤེས་ཡོན་པ་ཁག་ཅིག་བཅས་འཛོམས་སོང་།
མཛད་སྒོའི་ཐོག་མར་སྐུ་མགྲོན་གཙོ་བོ་ཀརྨ་སྨོན་ལམ་ལགས་ཀྱིས་དཔེ་དེབ་ཁག་དབུ་འབྱེད་གནང་རྗེས། ཨ་མྱེས་རྨ་ཆེན་བོད་ཀྱི་རིག་གཞུང་ཞིབ་འཇུག་ཁང་གི་འགན་འཛིན་བཀྲ་ཤིས་ཚེ་རིང་ལགས་ཀྱིས་ངོ་སྤྲོད་གཏམ་བཤད་གནང་དོན། སྤྱིར་བཏང་ཨ་མྱེས་རྨ་ཆེན་བོད་ཀྱི་རིག་གཞུང་ཞིབ་འཇུག་ཁང་གི་དེབ་ཙག་ཙིག་དཔར་སྐྲུན་བྱེད་ཚད་ལ། མཐོ་ས་ལ་༧གོང་ས་མཆོག་གཙོས་པའི་བླ་མ་དང་དཔོན་པོ། མཁས་པ་ཆེན་པོ་དག་ལ་ཆེད་བརྗོད་དང་། འཚམས་འཕྲིན་ཡི་གེ་ཞུས་མྱོང་མེད། མ་ཞུས་པའི་རྩ་བ་གང་ཡིན་ཟེར་ན། ང་ཚོ་དཔར་སྐྲུན་བྱེད་མཁན་ལ་ཁ་སྟབས་དང་བཟོ་ལྟ་མེད་པ་མ་ཟད་རྒྱབ་ལ་དཔུང་མེད་སྟབས། དེ་སྔ་ཆེད་བརྗོད་ཞུ་དགོས་པའི་སྤོབས་པ་བྱུང་མ་སོང་། དེ་བཞིན། དཔེ་དེབ་དཔར་སྐྲུན་ཞུས་པ་ཁག་འགྲེམས་སྤེལ་ཤུགས་ཆེན་པོ་དེ་འདྲ་ཡང་བྱས་མྱོང་མེད། གང་ཡིན་ཞེ་ན་ང་ཚོ་མི་ཉམ་ཆུང་གིས་དེབ་ཆུང་ཆུང་ཞིག་དཔར་སྐྲུན་ཞུས་པ་ཧ་ལས་པའི་འགྲེམས་སྤེལ་བྱ་རྒྱུ་དེ་འདྲ་དཀའ་ལས་ཁག་པོ་འདུག ཅེས་བརྗོད་བྱུང་།
དཔེ་དེབ་དཔར་སྐྲུན་བྱེད་དགོས་དོན་ཐད་ཁོང་གིས། རྩོམ་པ་པོ་ནི་རྒྱ་གར་ནང་མི་རབས་དང་པོའི་གྲས་ཤིག་དང་། རྩོམ་སྒྲིག་ཉམས་ཞིབ་མཁས་པ་ཞིག་ཡིན་པ་ཙམ་མ་ཟད། དུས་རྒྱུན་དུ་ཉིན་ཞག་ཕྲུགས་གཅིག་ལ་རྩོམ་པ་པོ་མི་འདིའི་འགྲོ་འདུག་སྤྱོད་གསུམ་གྱི་སྤྱོད་ལམ་བཟང་པོ་དང་བག་ཡོད། དེ་བཞིན་ཡ་རབས་ཚུལ་ལྡན་ཅན་གྱི་མི་ཞིག་ཡིན་པ་མ་ཟད། འབྲས་ལྗོངས་གཞུང་གིས་དྲུང་ཆེའི་གནས་རིམ་བར་གཞུང་ཞབས་བྱེད་མྱོང་མཁན་ཞིག་ཡིན། བར་ལམ་སྐུ་གཟུགས་བདེ་མིན་དབང་གིས་ལོ་གཉིས་གོང་ནས་རྒས་ཡོལ་སྔ་བསྣུར་ཞུས་ཏེ། ལྷོད་ལྷོད་བྱས་ནས་བསྡད་ཡོད་ཀྱང་། ཉི་མ་རེར་གཟུགས་ཁམས་བདེ་སྐབས་ཆུ་ཚོད་གཅིག་གཉིས་ལས་མེད་ནའང་བོད་ཀྱི་རིག་གཞུང་དང་། ལྷག་པར་དུ་བོད་ཀྱི་སྐད་ཡིག་བཙན་བྱོལ་སྤྱི་ཚོགས་ནང་འཕྲོ་བརླག་ཕྱིན་ན་ཕངས་པོ་ཡིན་པ་དང་གཅིག གཉིས་ནས་༧གོང་ས་མཆོག་གིས་བཀའ་སློབ་གནང་བ་དག་ལ་ཉན་དགོས་པ་དང་། ལག་བསྟར་བྱེད་དགོས་པའི་བསམ་ཚུལ་ཡོད་མཁན་ཞིག་ཡིན་པ་མ་ཟད། ཁོ་རང་ཉན་མཁན་ཞིག་དང་ལག་ལེན་བསྟར་མཁན་ཞིག་ཡིན་སྟབས། ཉི་མ་རེར་ཆུ་ཚོད་གཅིག་གཉིས་རིང་གཟུགས་ཁམས་བདེ་པོ་ཡོད་ཚེ། དཔྱད་རྩོམ་དང་སྙན་རྩོམ། སྒྲུང་ཐུང་། ཀ་བཤད་འབྲི་རྒྱུ་ལ་སོགས་གནང་སྟེ་ཞུགས་བཞིན་ཡོད་པ་མ་ཟད། རྩོམ་ཡིག་དེ་དག་སྤྱི་སྒེར་གྱི་དུས་དེབ་ཁག་ནང་སྤེལ་ཡོད་པ་རེད། ད་རེབ་དེ་དག་ཕྱོགས་བསྒྲིགས་བྱས་ཏེ་དེབ་དྲུག་ཙམ་ཆགས་ཀྱི་འདུག ང་ཚོས་ ༡༩༩༥ ལོ་ནས་འབྲེལ་བ་བྱས་པ་ཙམ་མ་ཟད། ཨ་མྱེས་རྨ་ཆེན་གྱིས་རེ་སྐུལ་ཞུས་པ་ལྟར་ཁོང་གིས་ཧེན་རིག་ཧ་རར་གྱིས་བརྩམས་པའི་རང་གི་ལོ་རྒྱུས་ ༼བོད་ནང་གི་ལོ་བདུན།༽ཞེས་པ་གཙོས་དེ་མིན་གྱི་དཔེ་དེབ་གཉིས་དབྱིན་སྐད་ནས་བོད་བསྒྱུར་ཞུས་ཡོད་པ་སོགས་ཀྱི་འབྲེལ་བ་ཡོད་པའི་ཆ་ནས། ང་སྒང་ཏོག་ལ་འགྲོ་དུས་ཁོང་གིས་ངར་ཁྱེད་ཀྱིས་དེབ་དེ་དག་དཔར་སྐྲུན་ཞུ་ཐུབ་མིན་ལྟ་རོགས་ཞེས་འབོད་སྐུལ་ཞུས་བྱུང་། སྐབས་དེར་ངས་ཁོང་ལ་ང་ཚོར་དེབ་དྲུག་དཔར་སྐྲུན་ཞུ་རྒྱུའི་ནུས་པ་དང་། དཔལ་འབྱོར་གྱི་མགོ་འདྲེན་རྒྱབ་རྟེན་མེད་སྐོར་བརྗོད་པ་ཡིན་ཡང་། ཁོང་གིས་དེ་སྔ་ཨ་མྱེས་རྨ་ཆེན་གྱིས་ཁོང་གི་དེབ་དཔར་སྐྲུན་ཞུ་མྱོང་ཡོད་པ་མ་ཟད། དཔེ་དེབ་དཔར་སྐྲུན་བྱ་ཆེད་ཀྱི་འགྲོ་སོང་འཚལ་ཆོག་གསུངས་ཡོད་སྟབས། ང་ཚོས་ཁོང་གི་དཔེ་དེབ་དེ་དག་དཔར་སྐྲུན་ཞུ་ཐུབ་པ་ཡིན་ན། ཁོང་གི་སྐུ་གཟུགས་ཏོག་ཙམ་ཡག་པོ་ཡོང་རྒྱུར་ཕན་ཐོགས་དང་། རྩོམ་རིགས་ཐོག་ཉམས་ཞིབ་བྱ་རྒྱུའི་སེམས་ཤུགས་འཕར་གྱི་རེད་བསམ་སྟེ་དཔར་སྐྲུན་བྱས་པ་ཞིག་ཡིན། ཞེས་སོགས་ངོ་སྤྲོད་གནང་སོང་།
དེའི་རྗེས་སྐུ་མགྲོན་གཙོ་བོ་ཤེས་རིག་ལས་ཁུངས་ཀྱི་ཟུང་དྲུང་ཀརྨ་སྨོན་ལམ་ལགས་ཀྱིས་རྩོམ་པ་པོའི་ལོ་རྒྱུས་ངོ་སྤྲོད་དང་འབྲེལ་ཁོང་གིས་སན་ཇོ་སེབ་མཐོ་སློབ་ནང་སློབ་གཉེར་སྐབས་བརྩམས་པའི་བོད་དྲན་པའི་སྙན་རྩོམ་ཞིག་སྒྲོགས་སྦྱང་གནང་རྗེས་ཁོང་གིས། ངས་ཚོད་དཔག་བྱས་ན་ཚེ་དབང་རྟ་མགྲིན་ལགས་ཀྱིས་དེབ་དྲུག་བརྩམས་གནང་བ་ཙམ་མིན་པར། ད་དུང་དེབ་དེ་དག་ནང་མ་འཁོད་པའི་རྩོམ་རིགས་མང་པོ་ཞིག་ཡོད་པ་རེད། དེ་ཡང་ཀ་བཤད་དང་སྒྲུང་གཏམ། ཚིག་བཅད་དང་ཚིག་ལྷུག དེ་བཞིན་དབྱིན་ཡིག་ནས་བོད་བསྒྱུར་བྱས་པའི་དཔེ་དེབ་ ༼བོད་ནང་གི་ལོ་བདུན།༽ཞེས་པ་དང་། ཕྲང་རིང་ཨ་མ་ལགས་ཀྱིས་བརྩམས་པའི་ ༼བོད་ཀྱི་བུ་མོ།༽ མ་འོངས་པར་དཔར་སྐྲུན་ཞུ་འཆར་ཡོད་པའི་ཧོ་ལན་ཌི་ནས་ཡིན་པའི་རྩོམ་པ་པོ་ཧན་སེང་ཨན་ཌེ་སན་གྱིས་བརྩམས་པའི་རྟོག་སྒྲུང་བོད་བསྒྱུར་གནང་བ་སོགས་ཡོད་པ་མ་ཟད། འབྲས་ལྗོངས་ཁུལ་འདི་བལ་སྐད་ཤུགས་ཆེན་དར་ཡུལ་ཞིག་ཆགས་ཡོད་སྟབས། ཁོང་གིས་གཅིག་བྱས་ན་བལ་སྐད་ཐོག་བསྒྱུར་གནང་བ་དེ་འདྲ་ཡོད་སྲིད་པ་རེད་བསམ་གྱི་འདུག གང་ལྟར་ཁོང་མཐོ་རིམ་སློབ་ཆེན་ཐོན་པ་ནས་བཟུང་གོང་བརྗོད་ཕྱག་ལས་དེ་དག་གནང་རྗེས། འབྲས་ལྗོངས་གཞུང་གི་གཞུང་ཞབས་ཁོངས་ཚུད་དེ་༼འབྲས་ལྗོངས་བྱ་མ་རྟ།༽ཞེས་པའི་ཚགས་ཤོག་འགྲེམས་སྤེལ་གནང་བ་སོགས་གང་ལྟར་ཐེམ་པ་རིམ་འཛེགས་ཀྱིས་ཚུལ་བྱས་ཏེ། འབྲས་ལྗོངས་གཞུང་གི་དྲུང་ཆེའི་གནས་རིམ་བར་བསླེབས་ཏེ་ཕྱག་ལས་གནང་ཡོད་ཀྱང་། བོད་ཀྱི་སྐད་ཡིག་དང་རིག་གཞུང་སྲུང་སྐྱོབ་ཐོག་ཞེན་ཆགས་གནང་སྟེ། དུས་ཚོད་ཡོད་ཚད་ལ་རྩོམ་རིགས་ལྗགས་རྩོམ་གནང་སྟེ་བཞུགས་ཀྱི་ཡོད་པ་རེད། ཁོང་གིས་ ༢༠༡༡ ལོའི་བར་ལས་བྱེད་ཀྱི་ཞབས་ལོ་ཆ་ཚང་ལོངས་པའི་བར་མུ་མཐུད་ཕྱག་ལས་གནང་བ་ཡིན་ན། འབྲས་ལྗོངས་གཞུང་གིས་རྒས་ཕོགས་དང་རྒས་ཡོལ་གྱི་མཐུན་རྐྱེན་ཆ་ཚང་གནང་གི་ཡོད་པར་བརྟེན། ལས་ཁུངས་དང་ལས་རོགས་ཚོས་ཁོང་ལ་ཁྱེད་རང་སྐུ་གཟུགས་བདེ་པོ་མེད་སྟབས། ལས་ཁུངས་ངོས་ནས་ཞོགས་པ་རླངས་འཁོར་བཏང་སྟེ་བསུ་རྒྱུ་དང་འབྲེལ་ལས་འཆར་ཐོ་དེབ་ཐོག་མཚན་རྟགས་ཤིག་བཀོད་དེ་ཕྱག་ལས་གནང་མི་དགོས་པར་ནང་ལ་ལོག་ཕེབས་ན་འགྲིག་གི་རེད། ཡིན་ཡང་རྒས་ཡོལ་གྱི་ཞབས་ལོ་མ་ལོན་པར་འཁྱོལ་ཐུབ་པའི་དགོངས་པ་བཞེས་པ་ཡིན་ན་ཁེ་ཕན་ཡོད་སྐོར་ཞུས་ཡོད་ཀྱང་། ཁོང་གིས་ང་ལས་ཀ་བྱེད་མ་ཐུབ་པའི་མི་ཞིག་གིས་ཕོགས་བཟས་ནས་བསྡད་པ་ཡིན་ན་རྩ་བ་ཉིད་ནས་འགྲིག་གི་མ་རེད་ལ། ལས་རྒྱུ་འབྲས་ལའང་འགྲོ་གི་མེད་སྟབས། ང་རྒས་ཡོལ་སྔ་བསྣུར་ཞུ་རྒྱུ་ཡིེན་ཞེས་བརྗོད་པ་ལྟར་ ༢༠༡༠ ལོར་སྐུ་གཟུགས་བདེ་མིན་དབང་གིས་རྒས་ཡོལ་ཞུས་གནང་བ་རེད། ཅེས་སོགས་བརྗོད་སོང་།
རྩོམ་པ་པོའི་གླེང་བརྗོད་ནང་ཁོང་གིས། “ང་ཡིས་ད་ཕན་བོད་གངས་ཅན་པའི་སྐད་ཡིག་ཐོག་སྙན་རྩོམ་མམ་བྱིས་སྒྲུང་ལ་སོགས་པ་གང་འདྲ་ཞིག་བྲིས་རུང་། དེ་དག་ཐམས་ཅད་ལ་བརྟེན་ནས་གཙོ་ཆེར་བོད་གཞུང་དང་རྒྱ་གར་གཞུང་གི་རླབས་ཆེའི་གཟིགས་རྟོགས་འོག རྡོར་གླིང་དབུས་བོད་གཞུང་སློབ་གྲྭ་དང་། དེའི་ནང་བཞུགས་པའི་སློབ་དགེ་དྲིན་ཅན་རྣམ་པའི་བཀའ་དྲིན་སྙིང་བཅངས་ཐོག མ་འོངས་བོད་ཀྱི་སོན་རྩར་གྱུར་བའི་བོད་རིགས་གཞོན་སྐྱེས་རྣམས་ཀྱི་ཆེད་དུ་མིག་དཔེ་ལྟ་བུར་གྱུར་བ་དང་། དེའི་ཐོག་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་དུས་རྟག་ཏུ་བོད་ཀྱི་སྐད་ཡིག་འདི་དེང་རབས་ཞི་བདེས་ཕོངས་ཤིང་འཁྲུག་ཆ་ཆེ་བའི་འཛམ་གླིང་འདིའི་ནང་སྐྱེ་འགྲོ་ཡོངས་ལ་བདེ་སྐྱིད་ཡོང་བའི་ཐབས་ལམ་གཅིག་རང་ཡོད་པ་དེ་ནི་སྟོན་པ་བཅོམ་ལྡན་འདས་ཀྱིས་སྟོན་གནང་མཛད་པ་གཞན་ཕན་བྱང་ཆུབ་སེམས་ཀྱི་ལྟ་བ་གཞི་ལ་བཞག་པའི་ནང་པ་སངས་རྒྱས་པའི་ཆོས་ལུགས་འདི་ཡི་གཞི་རྩ་ལྟ་བུ་ཡིན་པས་རང་ཅག་ཚང་མས་བོད་ཀྱི་སྐད་ཡིག་དང་རིག་གཞུང་རྣམས་འཛིན་སྤེལ་བྱ་རྒྱུ་དེ་ཤིན་ཏུ་གལ་ཆེན་ཡིན་པའི་བཀའ་སློབ་ནན་པོར་གནང་བཞིན་པ་དེ་ཡི་ཞབས་འདེགས་སུ་འགྱུར་རྒྱུའི་དམིགས་ཡུལ་ཁོ་ན་ཡིན་པས་ན། ད་ཕན་ངས་ངལ་བ་དྭང་ལེན་གྱི་སྒོ་ནས་དབྱིན་བོད་གཉིས་ཐོག་ནས་རྩོམ་རིགས་ཀྱི་ངལ་བ་གང་ཞིག་བླངས་ཡོད་པ་འདི་རྣམས་ཐམས་ཅད་རྒྱལ་བ་དགྱེས་པའི་མཆོད་པ་དང་། འཛམ་གླིང་ཞི་བདེར་ཕན་པའི་རྒྱུ་རུ་འགྱུར་བའི་སྨོན་ལམ་ཡོད།”ཅེས་འཁོད་འདུག
ཐེངས་འདིར་ཚེ་དབང་རྟ་མགྲིན་ལགས་ཀྱིས་བརྩམས་པའི་དཔེ་དེབ་ཁག་ ༦ དབུ་འབྱེད་གནང་བ་དག་ནི། ༼སྙན་རྩོམ་རྒྱལ་གཅེས་ལྷག་བསམ།༽ ཞེས་པ་དང་། ༼སྙན་རྩོམ་མི་རྟག་བཤེས་གཉེན།༽ ༼སྙན་རྩོམ་དགའ་བའི་གླུ་དབྱངས།༽ ༼རང་ཡུལ་སྨྱུག་གི་དྲན་གཏམ།༽ ༼ ཀ་བཤད་གངས་རིའི་བདུད་རྩི།༽ ༼སྒྲུང་དེབ་བློ་གསར་མིག་འབྱེད༽ སོགས་ཡིན་འདུག