འདས་པའི་ལོ་བཅུའི་གོང་ནས་ཤེས་རིག་ལས་ཁུངས་འོག་དབུ་འཛུགས་གནང་བའི་རིགས་གཅིག་རྐང་འཛིན་པ་གསོ་སྐྱོང་ལས་གཞིའི་སྐོར་ལ་རྒྱུས་ལོན་བྱས་པ་ལྟར་ན། ད་བར་སྒྲིག་ཞུགས་མ་ཡིན་པའི་སློབ་མ་ ༤༤ དང་སྒྲིག་ཞུགས་སློབ་མ་ ༣༥ ཙམ་སྐྱེད་སྲིང་བྱས་ཡོད་པ་ལས་མཐར་སོན་གྲུབ་འབྲས་ཐོན་པ་སྒྲིག་ཞུགས་སློབ་མ་ ༤ དང་སྒྲིག་ཞུགས་མ་ཡིན་པ་ ༢ བཅས་བྱུང་ཡོད་འདུག
རྒྱ་ནག་གིས་བོད་ས་བཙན་བཟུང་བྱས་ཏེ་༧གོང་ས་མཆོག་དང་བོད་མི་མང་པོ་རྒྱ་བལ་འབྲུག་གསུམ་ནང་སྐྱབས་བཅོལ་དུ་འབྱོར་མ་ཐག་ནས་བཟུང་། སྐབས་དེའི་བོད་གཞུང་དམངས་གཉིས་ཀྱིས་ཤེས་ཡོན་སློབ་གསོའི་ཐོག་ཤུགས་བསྐྱོན་ཡོད་ཅིང་། དགོན་སྡེ་དང་གཞིས་ཆགས་གསར་རྒྱག་ལས་ཀྱང་ཕྲུ་གུ་ཚོའི་སློབ་གསོའི་ཐོག་ནུས་པ་བཏོན་ཏེ། རྒྱ་གར་གཞུང་གི་རོགས་འདེགས་འོག་བོད་པའི་སློབ་གྲྭ་ཟུར་འཛུགས་བྱས་ཡོད་ཀྱང་། དཔལ་འབྱོར་མཐུན་རྐྱེན་སོགས་རྒྱུ་རྐྱེན་སྣེ་མང་འོག་འདས་པའི་མི་ལོ་ལྔ་བཅུ་ལྷག་རིང་ཤེས་ཡོན་ཐོག་གྲུབ་འབྲས་ཆེན་པོ་ལེན་ཐུབ་མེད་པ་མ་ཟད། བོད་ཕྲུག་ཚོའི་ཁྲོད་དེང་གི་རིག་ཚན་འདྲ་མིན་ཐོག་འབུར་དུ་ཐོན་པ་དཀོན་པོ་ཡིན་པ་མ་ཟད། བོད་རང་གི་སྐད་ཡིག་རིག་གཞུང་ཐོག་ལའང་འཐུས་ཤོར་ཆེན་པོ་ཕྱིན་ཡོད་པའི་ངོས་འཛིན་བྱེད་བཞིན་ཡོད།
༧གོང་ས་མཆོག་གིས་སྔ་ཕྱི་ཐེངས་མང་པོར་ཤེས་ཡོན་ཐོག་ནུས་པ་འདོན་དགོས་པའི་བཀའ་ནན་ཡང་ཡང་ཕེབས་ཡོད་པ་མ་ཟད། ཁོང་སྐུ་སྒེར་ངོས་ནས་སློབ་ཡོན་ཕུལ་ཏེ་རིགས་གཅིག་རྐང་འཛིན་པ་སྐྱེད་སྲིང་བྱེད་དགོས་པའི་བཀའ་སློབ་ཀྱང་ཐེངས་མང་གསུངས་པ་གཞིར་བཟུང་བོད་མིའི་སྒྲིག་འཛུགས་ཤེས་རིག་ལས་ཁུངས་འོག ༢༠༠༤ ལོའི་ཟླ་ ༤ ཚེས་ ༡ ཉིན་ཡིག་རྒྱུགས་ཀྱི་ལམ་ནས་ཡུན་ཚད་ལོ་ ༣ ཅན་གྱི་རིགས་གཅིག་རྐང་འཛིན་པའམ་ཆེད་ལས་ཉམས་ཞིབ་པ་སྐྱེད་སྲིང་བྱེད་རྒྱུའི་ལས་འཆར་ཞིག་མགོ་འཛུགས་གནང་སྟེ་ལོ་རེར་སྒྲིག་ཞུགས་པ་ ༥ དང་སྒྲིག་ཞུགས་མིན་པ་ ༥ བཅས་ཁྱོན་མི་ ༡༠ རེ་གསོ་སྐྱོང་ལག་བསྟར་གནང་སྟེ་ད་བར་ལོ་བཅུ་ཙམ་འགྲོ་བཞིན་ཡོད།
སྒྲིག་ཞུགས་ཟེར་བ་དེ་རྒྱ་གར་གྱི་མཐོ་རིམ་སློབ་གཉེར་ཁང་གང་རུང་ནས་ངོས་ལེན་ཡོད་པའི་ཞིབ་འཇུག་སློབ་མ་( M.Phil.)དང་། ཡང་ན་འབུམ་རམས་པ་ (Ph.D)གང་རུང་ཐོག་སློབ་སྦྱོང་བྱེད་བཞིན་པ་ཚོར་གོ་དགོས་པ་དང་། སྒྲིག་ཞུགས་མ་ཡིན་པ་ཟེར་བ་དེ་སྤྱི་ཚོགས་ནང་བོད་སྐད་ཡིག་གི་གནས་ཚད་མཐོན་པོ་ཡོད་ཀྱང་། གཙུག་ལག་སློབ་གཉེར་ཁང་སོགས་སུ་སློབ་ཞུགས་གོ་སྐབས་མ་རག་པ་ཚོར་གོ་དགོས།
ཐོག་མ་སྒྲིག་ཞུགས་པ་དག་ལ་ཟླ་རེར་སློབ་ཡོན་ཧིན་སྒོར་ ༤༠༠༠ དང་། ཉམས་ཞིབ་རྒྱུ་ཆ་དང་འགྲུལ་བཞུད་ཆེད་ལོ་རེར་ཧིན་སྒོར་ ༦༠༠༠། སྒྲིག་ཞུགས་མ་ཡིན་པ་ཚོར་ཟླ་རེར་སློབ་ཡོན་ཧིན་སྒོར་ ༣༥༠༠ དང་། ཉམས་ཞིབ་རྒྱུ་ཆ་དང་འགྲུལ་བཞུད་ཆེད་གོང་མཚུངས་ལྟར་ཡིན་ལ། ༢༠༡༡ ལོ་ནས་སྒྲིག་གཞིར་བསྐྱར་བཅོས་བཏང་སྟེ། ལོ་རེར་སྒྲིག་ཞུགས་སློབ་མ་ ༡༠ དང་། སྒྲིག་ཞུགས་མ་ཡིན་པ་ ༡༠ བཅས་སུ་སྤར་ཡོད་པ་མ་ཟད། སྒྲིག་ཞུགས་པར་ལོ་གཅིག་ལ་ཧིན་སྒོར་ ༧༠༠༠༠ དང་། སྒྲིག་ཞུགས་མ་ཡིན་པར་ལོ་གཅིག་ལ་ཧིན་སྒོར་ ༦༠༠༠༠ བཅས་སུ་སྤར་ཆ་གནང་ཡོད་པ་དང་། དེ་བཞིན། ཉམས་ཞིབ་སློབ་མ་སོ་སོར་སློབ་སྟོན་གནང་མཁན་ཁྱད་ལས་མི་སྣ་རེ་དགོས་པ་དང་། སློབ་སྟོན་པའི་ཟླ་དྲུག་གི་ལས་འཆར་ལ་ཞིབ་འཇུག་དང་འབྲེལ་རྒྱབ་གཉེར་གནང་དགོས་པ། ༢༠༡༣ ལོ་ནས་བཟུང་སྒྲིག་ཞུགས་མ་ཡིན་པའི་ཁོངས་སུ་ས་མིག་ ༢ གཏན་ཉིན་སློབ་གྲྭ་ཁག་གི་དགེ་རྒན་ཚོའི་ཆེད་དུ་ཟུར་འཇོག་དང་། ས་མིག་གཞན་ ༢ ས་རྭ་མཐོ་སློབ་ཀྱི་སློབ་ཐོན་པའི་ཆེད་དུ་ཟུར་འཇོག་བྱས་ཡོད་འདུག
འབྲེལ་ཡོད་ལས་ཁུངས་ཀྱིས་ངོ་སྤྲོད་གནང་དོན་ལྟར་ན། ༢༠༠༤ ལོར་ལས་གཞི་འདི་ཐོག་མ་མགོ་འཛུགས་བྱེད་སྐབས། སྒྲིག་ཞུགས་མ་ཡིན་པའི་ཁོངས་སུ་སློབ་མ་ ༦ དང་། ༢༠༠༥ ལོར་སློབ་མ་ ༥། ༢༠༠༦ ལོར་སློབ་མ་ ༡། ༢༠༠༨ ལོར་སློབ་མ་ ༥། ༢༠༡༡ ལོར་སློབ་མ་ ༡༠། ༢༠༡༢ ལོར་སློབ་མ་ ༡༠། ༢༠༡༣ ལོར་སློབ་མ་ ༡༠ བཅས་ད་བར་ཁྱོན་སློབ་མ་ ༤༤ བྱུང་ཡོད་འདུག
སྒྲིག་ཞུགས་པའི་ཁོངས་སུ་ ༢༠༠༥ ལོར་སློབ་མ་ ༡ དང་། ༢༠༠༧ ལོར་སློབ་མ་ ༢། ༢༠༠༩ ལོར་སློབ་མ་ ༣། ༢༠༡༠ ལོར་སློབ་མ་ ༡། ༢༠༡༡ ལོར་སློབ་མ་ ༦ ། ༢༠༡༢ ལོར་སློབ་མ་ ༨ ། ༢༠༡༣ ལོར་སློབ་མ་ ༦། ༢༠༡༤ ལོར་སློབ་མ་ ༨ བཅས་ཁྱོན་སློབ་མ་ ༣༥ ཙམ་བྱུང་ཡོད་འདུག
ཉེ་ཆར་གསར་འགོད་པས་ཤེས་རིག་ལས་ཁུངས་ཀྱི་ཤེས་ཡོན་འགན་འཛིན་ཟུང་དྲུང་ཚེ་རིང་བསམ་གྲུབ་ལགས་སུ། ད་བར་ཤེས་རིག་ལས་ཁུངས་འོག་རིགས་གཅིག་རྐང་འཛིན་པ་མང་པོ་ཞིག་སྐྱེད་སྲིང་གནང་ཡོད་པ་དག་ལས། སྒྲིག་ཞུགས་མ་ཡིན་པ་ཚོའི་ཞིབ་འཇུག་གྲུབ་འབྲས་གང་འདྲ་ཆགས་ཡོད་མེད་བཅར་འདྲི་ཞུས་པར། ཁོང་གིས། སྒྲིག་ཞུགས་མ་ཡིན་པའི་ཁོངས་སུ་ད་བར་སློབ་ཕྲུག་གཉིས་ཀྱིས་བསླབ་པ་མཐར་སོན་ཐུབ་པ་བྱུང་སྟེ། དཔྱད་རྩོམ་གྱི་དེབ་བཏོན་ཡོད་པ་རེད། དེ་གཉིས་ནི་རྔ་པ་བསོད་ནམས་རྒྱ་མཚོ་ལགས་ཀྱིས་ཁོ་རང་སྒེར་ངོས་ནས་དཔར་སྐྲུན་ཞུས་པའི་༼ བོད་ཀྱི་སྐད་ཡིག་ཡོང་ཐབས་ལ་དཔྱད་པ། ༽ཞེས་པ་ཞིག་དང་། ཤེས་རིག་ལས་ཁུངས་ཀྱིས་དཔར་སྐྲུན་ཞུ་འཆར་ཡོད་པ་ཨ་འཁོར་བཟོད་པ་ལགས་ཀྱི་༼ ནང་བསྟན་རིག་པ་དཔྱད་གཞིར་བཟུང་བའི་ཤེས་རིག ༽ཅེས་པ་གཉིས་རེད། ཁོང་གཉིས་ལ་སློབ་ཐོན་ཕྱག་ཁྱེར་ཡང་ཕུལ་ཡོད་པ་རེད། གཞན་སློབ་མ་གཅིག་གིས་སོ་སོའི་དཔྱད་རྩོམ་འདིར་ཕུལ་ཡོད་ཀྱང་རྒྱུགས་འཕྲོད་པའི་ཚད་གཞི་ལོངས་མེད་པ་དང་། སློབ་མ་གཞན་ཞིག་གིས་དཔྱད་རྩོམ་ཕུལ་ཡོད་ཀྱང་དེ་ལ་མཁས་པས་ཞིབ་འཇུག་གནང་སྟེ་གནད་དོན་ཁག་ཅིག་ལ་བསྐྱར་དུ་བཟོ་བཅོས་བྱེད་དགོས་ཆགས་པ། སློབ་མ་གཉིས་ཀྱིས་དཔྱད་རྩོམ་འདི་གར་ཕུལ་བར་ད་ལྟ་མཁས་པ་ཚོས་ཞིབ་འཇུག་གནང་བཞིན་པ་རེད། ཅེས་བརྗོད་བྱུང་།
ཁོང་གིས་བརྗོད་པ་ལྟར་ན། སྒྲིག་ཞུགས་སྐོར་ལ་ད་བར་སློབ་མ་ ༤ གིས་ཞིབ་འཇུག་གྲུབ་འབྲས་ཐོན་ཡོད་པ་དག་ནི། སློབ་མ་ཚེ་རིང་དབྱངས་སྐྱིད་ལགས་ཀྱིས་བྷ་རོ་ཊ་གཙུག་ལག་སློབ་ཁང་ནས་སེམས་ཁམས་རིག་པ་དང་། སྐལ་བཟང་ཐར་པ་ལགས་ཀྱིས་མེལ་སོར་གཙུག་ལག་སློབ་ཁང་ནས་རྫས་འགྱུར་རིག་པ། བསྟན་འཛིན་ཉི་འབུམ་ལགས་ཀྱིས་ལྡི་ལི་གཙུག་ལག་སློབ་ཁང་ནས་སྲོག་ཆགས་རིག་པ། བསྟན་འཛིན་ཚུལ་ཁྲིམས་ལགས་ཀྱིས་མ་རྡ་ར་སི་གཙུག་ལག་སློབ་ཁང་ནས་རྒྱ་གར་དང་རྒྱ་ནག་གི་འབྲེལ་ལམ་སྐོར་ལ་ཉམས་ཞིབ་རྩོམ་ཡིག་བཏོན་པ་བཅས་ཡིན་འདུག
རིགས་གཅིག་རྐང་འཛིན་གྱི་གྲུབ་འབྲས་ཐོག་གཟིགས་ཚུལ་གང་ཡོད་དང་། མ་འོངས་པར་ལས་གཞི་འདི་ཡར་རྒྱས་གཏོང་འཆར་ཡོད་མེད་དྲིས་པར། ཁོང་གིས། ད་ལྟ་སྒྲིག་ཞུགས་མ་ཡིན་པའི་རིགས་གཅིག་རྐང་འཛིན་པའི་སློབ་མ་གཉིས་ཀྱིས་ཞིབ་འཇུག་གི་དཔྱད་རྩོམ་སྤུས་ཚད་ཧ་ཅང་ཡག་པོ་བྱུང་ཡོད། དེའི་ནང་ནས་ཨ་འཁོར་བཟོད་པ་ལགས་ཀྱིས་བརྩམས་པའི་དཔྱད་རྩོམ་དེབ་དེ་བོད་ཀྱི་ཤེས་ཡོན་སློབ་གསོ་ཐོག་ཡིན་སྟབས། ང་ཚོས་མ་འོངས་པར་དགེ་རྒན་འོས་སྦྱོང་དང་དགེ་རྒན་གྱི་ཟབ་སྦྱོང་། དེ་བཞིན་ད་ལྟ་དགེ་རྒན་གྱི་ཕྱག་ལས་གནང་བཞིན་སོགས་ལ་ཐུགས་ཕན་གསོ་བ་ཞིག་ཡོང་གི་རེད་བསམ་གྱི་འདུག ཅེས་བརྗོད་བྱུང་།
ཁོང་གིས་མུ་མཐུད་དུ་བརྗོད་དོན། ཤེས་རིག་ལས་ཁུངས་ངོས་ནས་ད་ཡོད་ཉམས་ཞིབ་པ་ཚོར་ ༢༠༡༣ ལོར་ཝ་ར་ཎཱ་སི་མཐོ་སློབ་ཏུ་ཉམས་ཞིབ་རིག་པའི་ཐོག་ཟབ་སྦྱོང་ཞིག་དང་། དེའི་རྗེས་སུ་ས་ར་མཐོ་སློབ་ཏུ་ཟབ་སྦྱོང་ཞིག་ཕུལ་ཡོད་སྟབས། ཚང་མས་ཕན་ཐོགས་ཆེན་པོ་བྱུང་སོང་གསུང་གི་འདུག་སྟབས། ཡོང་རྒྱུ་བསྡད་པའི་ཟླ་ ༡༢ ནང་ད་ལྟ་རིགས་གཅིག་རྐང་འཛིན་གནང་བཞིན་པའི་སློབ་མ་རྣམས་ལ་བསྐྱར་དུ་ཞིབ་འཇུག་གནང་ཕྱོགས་ཐོག་ཟབ་སྦྱོང་ཞིག་སྤྲོད་འཆར་ཡོད། ཅེས་བརྗོད་བྱུང་།
ཡང་ཁོང་ལ། ༢༠༠༧ དང་ ༢༠༠༩། ༢༠༡༠། ༢༠༡༤ བཅས་སུ་སྒྲིག་ཞུགས་མ་ཡིན་པའི་རིགས་གཅིག་རྐང་འཛིན་པ་མ་བསྡུས་པའི་རྒྱུ་རྐྱེན་གང་ཡིན་དྲིས་པར་ཁོང་གིས། ༢༠༠༤ ལོ་ནས་སློབ་འཇུག་གནང་བའི་སློབ་མའི་གྲུབ་འབྲས་དང་། ༢༠༠༦ ལོར་ཚད་གཞི་ལོན་པའི་སློབ་མ་གཅིག་ལས་བྱུང་མེད་སྟབས། ཤེས་རིག་ལས་ཁུངས་ཀྱིས་སློབ་ཡོན་ལས་འཆར་ལ་བསྐྱར་ཞིབ་གནང་དགོས་པ་ཆགས་ཏེ་སློབ་མ་བསྡུ་ཐུབ་ཡོད་པ་མ་རེད། ༢༠༡༤ ལོ་སྟེ་ད་ལོ་སླར་ཡང་སློབ་མ་མ་བསྡུས་པའི་རྒྱུ་མཚན། དངོས་གནས་བྱས་ན་ད་བར་སློབ་མ་ ༡༥ སློབ་ཡོན་དུས་ཡུན་ཚང་སྟེ་ཉམས་ཞིབ་གྲུབ་དོན་གྱི་དཔྱད་རྩོམ་འདོན་སྤེལ་བྱེད་དགོས་ཀྱི་ཡོད་ཀྱང་། ཉམས་ཞིབ་མཐར་སོན་སློབ་མ་གཉིས་ལས་བྱུང་མེད་པ་དང་། དེ་ནས་ད་ལྟ་སློབ་ཡོན་གནང་བཞིན་པའི་སློབ་མ་ ༣༠ ལ་ཉམས་ཞིབ་གནང་ཕྱོགས་ཀྱི་ཟབ་སྦྱོང་གོ་སྒྲིག་གིས་སློབ་ཐོན་ཡོང་ཐབས་ལ་འབད་བརྩོན་བྱ་རྒྱུ། ༢༠༡༡ ལོའི་སློབ་མ་རྣམས་ ༢༠༡༣ ལོར་སློབ་ཐོན་ཡོང་རྒྱུ་ཡིན་སྟབས་དེ་དག་གིས་གྲུབ་འབྲས་ལ་གཞིགས་ཏེ། མ་འོངས་པར་སློབ་ཡོན་གནང་ཕྱོགས་ལ་བསྐྱར་ཞིབ་གནང་གཏན་འཁེལ་བ་བཅས་ལ་བརྟེན་ཏེ། ལོ་དེ་དག་ནང་སློབ་མ་བསྡུས་ཡོད་པ་མ་རེད། ཅེས་བརྗོད་བྱུང་།
གསར་འགོད་པས་སྒྲིག་ཞུགས་ཚོ་ཤེས་རིག་འོག་གི་རིགས་གཅིག་རྐང་འཛིན་གྱི་སློབ་ཡོན་ནང་ཚུད་པར་ཆ་རྐྱེན་དང་ཡིག་ཚད་སོགས་གང་དག་ཡོད་མེད་དྲིས་པར་ཁོང་གིས། སྒྲིག་ཞུགས་ཁོངས་རིགས་གཅིག་རྐང་འཛིན་གྱི་སློབ་ཡོན་ཐོབ་པར་སློབ་ཡོན་ཞུ་མཁན་གྱི་དོ་བདག་སློབ་མ་དེ་གཙུག་ལག་རབ་འབྱམས་པ་ཐོན་པ་གང་ཞིག་ལོ་གཅིག་གི་ཉམས་ཞིབ་སྔོན་འགྲོའི་སྦྱོང་བརྡར་ (M. Phil) ཐོན་པ་ཞིག་ཡིན་དགོས། དེ་མིན་ཆ་རྐྱེན་ཁག་ཤེས་རིག་ལས་ཁུངས་ཀྱིས་སྤྲོད་བཞིན་པའི་མཐོ་སློབ་སློབ་ཡོན་དང་གཅིག་མཚུངས་ཆགས་ཡོད། དཔེར་ན། སློབ་ཡོན་ཞུ་མཁན་སློབ་མ་དེར་འཛིན་རིམ་བཅུ་པ་ནས་ཉམས་ཞིབ་སྦྱོང་བརྡར་ (M.Phil) བར་གྱི་ཤེས་ཚད་ལག་འཁྱེར་དགོས་པ་མ་ཟད། དོ་བདག་གི་སྐྱབས་བཅོལ་དེབ་དང་དཔྱ་ཁྲལ་ལག་དེབ། ཕ་མའི་དཔྱ་ཁྲལ་ལག་དེབ་ཁག་གི་ངོ་བཤུས་དང་། དེ་མིན་ཉམས་ཞིབ་གནང་ཡུལ་གཙུག་སློབ་ཁང་ནས་ཉམས་ཞིབ་གནང་བཞིན་ཡོད་པའི་རྒྱབ་གཉེར་ཡིག་ཆུང་ངེས་པར་དགོས་ཀྱི་ཡོད། ཅེས་བརྗོད་བྱུང་།
སྒྲིག་ཞུགས་མ་ཡིན་པའི་ཆ་རྐྱེན་སྐོར་ལ་ཁོང་གིས། དོ་བདག་སོ་སོ་བོད་ཡིག་གནས་ཚད་གང་ལེགས་ཡོད་པ་གང་ཞིག་ལ་དཔྱད་རྩོམ་གྱི་དེབ་བཏོན་པའམ་ཡང་ན་དུས་དེབ་སོགས་ནང་དཔྱད་རྩོམ་གང་འཚམ་བཀོད་ཡོད་པ་དང་། སོ་སོའི་རིགས་གཅིག་རྐང་འཛིན་གྱི་བརྗོད་གཞི་དང་འཆར་གཞི་གསལ་པོ་ཡོད་དགོས་པ་དེ་སྔོན་འགྲོའི་ཆ་རྐྱེན་འདྲ་བོ་རེད། ཡིག་རྒྱུགས་སྐབས་བོད་ཀྱི་སྐད་ཡིག་གི་གནས་ཚད་ལ་བརྒྱ་ཆ་ ༣༠ དང་། ཉམས་ཞིབ་འཆར་གཞི་ལ་བརྒྱ་ཆ་ ༢༠། ངག་རྒྱུགས་ལ་བརྒྱ་ཆ་ ༢༥ ཡོད། སྐད་ཡིག་གཉིས་པ་ཁུངས་འཕེར་ཡོད་པར་བརྒྱ་ཆ་ ༡༠ དང༌། སྐད་ཡིག་གསུམ་པ་ཁུངས་འཕེར་ཡོད་པར་བརྒྱ་ཆ་ ༥ ། ཉམས་ཞིབ་ཀྱི་གནས་ཚད་ལྡན་པའི་དཔྱད་རྩོམ་དཔར་འགྲེམས་ཡོད་རིགས་ལ་བརྒྱ་ཆ་ ༡༠ གནང་རྒྱུ་བཅས། སློབ་ཡོན་འདི་ཐོབ་པར་ཕྱོགས་བསྡོམས་བརྒྱ་ཆ་ ༦༠ དགོས་ཤིང༌། བརྒྱ་ཆ་ ༦༠ ལོངས་པ་ཇི་ཡོད་རྩེ་བཏོགས་ཀྱིས་འདེམས་སྒྲུག་བྱེད་བཞིན་ཡོད། ཅེས་བརྗོད་བྱུང་།
ཡང་ཁོང་ལ་སྒྲིག་ཞུགས་ཚོའི་ཁྲོད་དུ་ལོ་གསུམ་གྱི་སྒང་ལ་ལོ་བཞི་པ་དང་ལྔ་པའི་སློབ་ཡོན་རག་གི་ཡོད་པ་རེ་ཟུང་ཚོད་འདུག དེ་ག་རེ་ཡིན་མིན་དྲིས་པར་ཁོང་གིས། སྤྱིར་སྒྲིག་ཞུགས་ཉམས་ཞིབ་པའི་སློབ་ཡོན་དུས་ཡུན་ལོ་གསུམ་ཡིན་ཡང་ལོ་གསུམ་ནང་ཉམས་ཞིབ་ལས་དོན་མཇུག་སྒྲིལ་མ་ཐུབ་ཚེ་ལོ་གཅིག་གཉིས་འཕར་འགྱངས་ཞུ་ཆོག་གི་ཡོད་པ་ལྟར། འདི་ག་ལས་ཁུངས་ནས་སློབ་ཡོན་གནང་བཞིན་པའི་ཁོངས་ནས་སློབ་མ་རིག་འཛིན་རྡོ་རྗེ་ལགས་དང་བསྟན་འཛིན་ནམ་དགའ་ལགས་རྣམ་གཉིས་ཀྱིས་དུས་ཚོད་འཕར་འགྱངས་ཞུས་ཏེ་སློབ་སྦྱོང་མཇུག་སྐྱོང་གནང་གི་ཡོད། ཅེས་བརྗོད་བྱུང་།
གསར་འགོད་པས་ཤེས་རིག་ལས་ཁུངས་ཀྱི་སློབ་ཡོན་འོག རྒྱ་གར་ལྷོ་ཕྱོགས་མ་དྷ་ར་སི་གཙུག་ལག་སློབ་ཆེན་ནང་། ༼ བཙན་བྱོལ་བོད་གཞུང་གི་འཛིན་སྐྱོང་དང་ཆབ་སྲིད་ཟུང་ལས་ཆབ་སྲིད་ཀྱི་ནུས་པ་གོང་མཐོར་གཏོང་ཐབས།༽(Politics and Administration of Tibetan Government in Exile: Political analysis in prospectus of efficiency) ཞེས་པའི་ཐོག་འབུམ་རམས་པའི་སློབ་གཉེར་གནང་བཞིན་པ། རིག་འཛིན་རྡོར་རྗེ་ལགས་སུ་བཅར་འདྲི་ཞུས་པར། ཁོང་གིས། ངས་ཐོག་མ་ ༢༠༠༩ ལོར་འབུམ་རམས་པ་སློབ་སྦྱོང་བྱེད་རྒྱུའི་ཐག་གཅོད་བྱེད་སྐབས། ཤེས་རིག་དང་བོད་ཁྱིམ་གྱི་སློབ་ཡོན་བསྡུར་སྐབས་ཤེས་རིག་གི་སློབ་ཡོན་ཕྲན་བུ་མང་བ་འདུག་སྟབས། ངས་ཤེས་རིག་ལས་ཁུངས་ཀྱི་སློབ་ཡོན་ཞུས་པ་ཡིན། ད་ལྟ་ང་ལ་ཟླ་བ་ཟེར་ཧིན་སྒོར་ ༥༠༠༠ ཙམ་རེ་སྤྲོད་ཀྱིན་འདུག ཅེས་བརྗོད་བྱུང་།
ཁོང་ལ་སློབ་ཡོན་དེས་སོ་སོར་་ཕན་ཐོགས་ག་ཚོད་ཡོང་གི་ཡོད་མེད་དྲིས་པར་ཁོང་གིས། སྤྱིར་བཏང་ཤེས་རིག་ལས་ཁུངས་བཀའ་དྲིན་ཆེན་པོ་རེད། ཡིན་ནའང་སློབ་ཡོན་རྦད་དེ་ཉུང་དྲགས་པ་རེད། ད་ལྟའི་དུས་ཚོད་འདིར་ཉམས་ཞིབ་བྱེད་མཁན་ཞིག་ལ་དངུལ་དེ་ཙམ་གྱིས་གང་ཡང་འདང་གི་མ་རེད། སློབ་ཡོན་ཕར་ཞོག་ཟས་སོང་ཙམ་ཡང་ཁག་པོ་རེད། ང་སྡོད་ས་དེར་ཁང་གླ་དང་ཟས་སོང་ཧ་ཅང་ཆེན་པོ་རེད། གཙོ་བོ་ཕ་མ་སྤུན་མཆེད་ཚོར་བརྟེན་བསྡད་ཡོད་པ་རེད། རྒྱ་གར་གྱི་སློབ་ཕྲུག་མང་པོ་ཞིག་ལ་རྒྱ་གར་གཞུང་གིས་ཡིག་ཚད་བརྒྱུད་ (UGC) གཙོས་ཉམས་ཞིབ་ཐོག་སློབ་ཡོན་མཐུན་རྐྱེན་མང་པོ་སྦྱོར་གྱིན་འདུག ཡིག་ཚད་ལོན་ན་ཟླ་གཅིག་ལ་སློབ་ཡོན་ཧིན་སྒོར་ ༡༨༠༠༠ ཙམ་སྤྲོད་ཀྱི་འདུག ཅེས་བརྗོད་བྱུང་།
མཇུག་ཏུ་ཁོང་ལ་ད་ལྟ་ཞིབ་འཇུག་གི་གྲུབ་འབྲས་གང་འདྲ་བྱུང་ཡོད་མེད་དྲིས་པར། ཁོང་གིས། ང་རང་གིས་ཐོག་མ་ལོ་གསུམ་ནང་འབུམ་རམས་པ་འཐོན་རྒྱུའི་དམིགས་ཡུལ་བཟུང་སྟེ། ལོ་གསུམ་ལ་འབད་བརྩོན་བྱས་ཀྱང་མ་ཚར་སྟབས། ཡང་བསྐྱར་ལོ་གཅིག་གི་སློབ་ཡོན་གནང་རོགས་ཞེས་སྙན་ཞུ་ཕུལ་བ་ལྟར་དགོངས་བཞེས་གནང་སྟེ་ལོ་ ༤ ཡི་ཉམས་ཞིབ་བྱས་ཀྱང་ད་དུང་མ་ཚར་སྟབས། སྒྲིག་འཛུགས་ཀྱི་སྒྲིག་གཞིར་འགྱུར་བ་བཏང་སྟེ་ལོ་ ༥ བར་སློབ་ཡོན་གནང་བྱུང་། དེང་སྐབས་སློབ་ཡོན་སྤྲོད་སྟངས་ལ་འགྱུར་བ་ཕྱིན་ཏེ། ཐད་ཀར་སློབ་མའི་ལག་ཏུ་མི་སྤྲོད་པར་གཞིས་མགོ་དང་ཕ་མ་སོགས་བརྒྱུད་དགོས་པ་དེ་ཅ་ཟིང་པོ་འདྲ་ཞིག་རེད། ཅེས་བརྗོད་བྱུང་།
གསར་འགོད་པ། དོན་གྲུབ།