ཟླ་འདིའི་ཕྱི་ཚེས་ ༡༢ ཉིན་ཨི་ཊ་ལིའི་རྒྱལ་ས་རོམ་དུ་ཚོགས་གཏན་འཁེལ་བའི་ཞི་བདེའི་ལྷན་ཚོགས་ཐེངས་ ༡༤ པའི་ཐོག་༧གོང་ས་མཆོག་ཆིབས་བསྒྱུར་བཀའ་དྲིན་བསྐྱང་རྒྱུ་ཡིན་འདུག
འདི་ལོའི་ཕྱི་ཟླ་ ༡༠ ནང་ནོ་བྷེལ་ཞི་བདེའི་གཟེངས་རྟགས་བཞེས་མཁན་གྱི་ལྷན་ཚོགས་ཐེངས་ ༡༤ པ་ལྷོ་ཨ་ཧྥེ་རི་ཁའི་ནང་ཚོགས་གཏན་འཁེལ་ཡོད་ཀྱང་། ལྷོ་ཨ་ཧྥེ་རི་ཁ་གཞུང་གིས་༧གོང་ས་མཆོག་ལ་ཐོངས་མཆན་མ་ཕུལ་བར་བརྟེན། ལྷན་ཚོགས་དེ་ཕྱིར་འགྱངས་བྱེད་དགོས་ཁེལ་ཡོད་པ་དང་། འདི་ལོའི་ཕྱི་ཟླ་ ༡༡ ཚེས་ ༡༢ ཉིན་ཨི་ཊ་ལེའི་ནང་རྟེན་གཞི་བྱས་པའི་ནོ་བྷེལ་ཞི་བདེའི་གཟེངས་རྟགས་ཚོགས་ཆུང་གིས། ཞི་བདེའི་ལྷན་ཚོགས་དེ་ཟླ་འདིའི་ཚེས་ ༡༢ ཉིན་ཨི་ཊ་ལིའི་རྒྱལ་ས་རོམ་དུ་ཚོགས་གཏན་འཁེལ་བ་ཁྱབ་བསྒྲགས་གནང་ཡོད་པ་ལྟར། ༧གོང་ས་མཆོག་ལྷན་ཚོགས་ཐོག་ཆིབས་བསྒྱུར་བཀའ་དྲིན་བསྐྱང་རྒྱུ་ཡིན་འདུག
དེ་རིང་འདི་གའི་གསར་འགོད་པས་ཁ་པར་བརྒྱུད་སྐུ་སྒེར་དྲུང་ཆེ་བློ་བཟང་སྦྱིན་པ་ལགས་སུ། ཞི་བདེའི་ལྷན་ཚོགས་ཐོག་མཛད་འཆར་ཅི་ཡོད་བཀའ་འདྲི་ཞུས་པ་ལྟར་ན། ཟླ་འདིའི་ཕྱི་ཚེས་ ༡༡ ཉིན་གྱི་སྔ་དྲོའི་ཆུ་ཚོད་ ༡༠།༣༠ ཐོག ༧གོང་ས་མཆོག་ཨི་ཊ་ལིའི་རྒྱལ་ས་རོམ་དུ་ཞབས་སོར་འཁོད་རྒྱུ་ཡིན་པ་དང་། ཚེས་ ༡༢ ཉིན་གྱི་ཞོགས་པའི་ཆུ་ཚོད་ ༩ པ་ཐོག་ཞི་བདེའི་ལྷན་ཚོགས་ཀྱི་མཛད་སྒོ་འཚོགས་རྒྱུ་ཡིན་ལ། ལྷན་ཚོགས་དབུ་འབྱེད་ཐོག་རོམ་གྲོང་ཁྱེར་སྤྱི་ཁྱབ་འགན་འཛིན་མཆོག་གིས་ཕེབས་བསུའི་གསུང་བཤད་གནང་རྒྱུ་དང་། ཉིན་དེར་ཚོགས་ཞུགས་པ་རྣམ་པས་ཞི་བདེ་མཉམ་གནས་ཡོང་ཐབས་དང་དམངས་གཙོའི་ཐོག་གནས་ཐབས། དེ་བཞིན་ལྷོ་ཨ་ཧྥེ་རི་ཁའི་ལོ་ངོ་ ༢༠ རིང་གི་དམངས་གཙོའི་གནས་སྟངས་ལ་བསྐྱར་ཞིབ་དང་། འགྲོ་བ་མིའི་རིགས་ཞི་བདེའི་ངང་འཚོ་གནས་ཐུབ་ཐབས་དང་ཞི་བདེའི་འགལ་རྐྱེན་སེལ་ཐབས་སྐོར་བཅས་ཀྱི་བརྗོད་གཞིའི་ཐོག་བགྲོ་གླེང་གནང་རྒྱུ་དང་། ཞི་བདེ་ལྷན་ཚོགས་ནས་སྤྱི་ཚོགས་ཞབས་ཞུ་པ་ཁག་ཅིག་ལ་གཟེངས་རྟགས་འབུལ་འཆར་ཡོད་འདུག ཕྱི་ཚེས་ ༡༣ ཉིན་གྱི་སྔ་དྲོར་༧གོང་ས་མཆོག་གིས་ཨི་ཊ་ལིའི་གྲོས་ཚོགས་འཐུས་མི་ཁག་ཅིག་ལ་མཇལ་འཕྲད་གནང་རྒྱུ་དང་། ཕྱི་དྲོར་ལྷན་ཚོགས་ནས་ཞི་བདེར་གནས་ཐབས་དང་དམག་འཁྲུག་སྔོན་འགོག དེ་བཞིན། རྒྱལ་སྤྱི་དང་འབྲེལ་བའི་སྒྲིག་འཛུགས་ཁག་གི་ལས་འགན་གང་ཡིན་སྐོར་ལ་བགྲོ་གླེང་དང་། ཕྱི་ཚེས་ ༡༤ ཉིན་ཞི་བདེར་འཕྲད་བཞིན་པའི་དཀའ་ངལ་སེལ་ཐབས་སྐོར་ལ་བགྲོ་གླེང་གནང་རྒྱུ་བཅས་ཁུལ་དེའི་ནང་གི་མཛད་འཕྲིན་རྣམས་ལེགས་པར་གྲུབ་རྗེས། ཕྱི་ཚེས་ ༡༥ ཉིན་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་ཞབས་སོར་འཁོད་རྒྱུ་ཡིན་འདུག
གསར་འགོད་པ། པདྨ་མཚོ།