དེ་རིང་ཨ་རིའི་ནེའུ་ཡོག་བོད་ཀྱི་སྤྱི་ཁང་དུ་བགྲོ་གླེང་གོ་སྒྲིག་གནང་བའི་ཐོག་གདན་ཞུའི་སྐུ་མགྲོན་གཉིས་ཀྱིས་གཏམ་བཤད་གནང་བ་དང་འབྲེལ་ཏེ་དྲི་བ་དྲིས་ལན་ཧ་ཅང་འཁྲུག་ཆ་དོད་པོ་བྱུང་སོང་།
ཨ་རིའི་ནེའུ་ཡོག་དང་ནེའུ་ཇར་ཛི་ས་གནས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་གོ་སྒྲིག་འོག དེ་རིང་ཨ་རིའི་གཟའ་སྤེན་པའི་ཕྱི་དྲོའི་ཆུ་ཚོད་ ༢།༣༠ སྟེང་། བཀའ་ཟུར་བློ་བཟང་སྙན་གྲགས་ལགས་དང་དབུས་བོད་ཀྱི་གཞོན་ལྷན་གྱི་ཚོགས་གཙོ་བསྟན་འཛིན་འཇིགས་མེད་ལགས་གཉིས་ཆེད་དུ་གདན་འདྲེན་ཞུས་ཏེ། ནེའུ་ཡོག་བོད་ཀྱི་སྤྱི་ཁང་དུ་ ༼ བོད་སྤྱིའི་རྩ་དོན་བསྒྲུབ་བྱའི་ཐམས་ལམ་དང་འབྲེལ་བའི་གྲོས་མོལ་གསུང་བཤད།༽ཅེས་པའི་གཏམ་བཤད་ཅིག་གོ་སྒྲིག་གནང་སོང་ལ། དེར་ས་གནས་བོད་མི་ ༢༠༠ མ་ཟིན་ཙམ་འདུ་འཛོམས་བྱུང་སོང་།
ཚོགས་འདུའི་ཐོག་དབུས་བོད་ཀྱི་གཞོན་ལྷན་ཚོགས་གཙོ་བསྟན་འཛིན་འཇིགས་མེད་ལགས་ཀྱིས་གོང་གི་བརྗོད་གཞི་དང་འབྲེལ་ཏེ། ཚོགས་པ་ཞིག་གི་ཚོགས་མིར་འཛུལ་བའི་རྗེས་ལ་ཚོགས་པ་དེའི་དམིགས་ཡུལ་དང་ལངས་ཕྱོགས་བརྟན་པོར་འཛིན་དགོས་པའི་གལ་ཆེའི་རང་བཞིན་དང་། བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ལྟ་བ་ལངས་ཕྱོགས་ལ་འགྱུར་བ་མེད་སྐོར་སོགས་ནན་བརྗོད་གནང་སོང་། ཁོང་གིས་མུ་མཐུད་དུ། “ནེའུ་ཡོག་དང་ནེའུ་ཇར་ཛི་ས་གནས་གཞོན་ལྷན་རྒྱུན་ལས་ནས་ང་ལ་འཕྲིན་ཡིག་ཅིག་འབྱོར་སོང་། འཕྲིན་ཡིག་དེ་སུས་བསྐུར་མིན་ཐད་ཁ་པར་བཏང་ནས་སྐད་ཆ་དྲིས་དུས། ས་གནས་ཚོགས་གཙོ་དང་དྲུང་ཆེ་སོགས་ཀྱིས་དེའི་སྐོར་ཧ་གང་ཡང་གོ་མི་འདུག གནས་ཚུལ་འདིས་ས་གནས་རྒྱུན་ལས་ནང་ཁུལ་བསམ་ཚུལ་མཐུན་མིན་ཡོང་གི་ཡོད་པའི་རྟགས་ཤིག་སྟོན་གྱི་འདུག་སྟབས། རྗེས་སོར་འདི་འདྲའི་རིགས་མ་ཡོང་བ་གནང་དགོས་པ་དང་། གནས་ཚུལ་འདི་རིགས་ཐོག་ཚང་མས་གཟབ་གཟབ་གནང་དགོས་ཀྱི་འདུག” ཅེས་སོགས་བརྗོད་སོང་།
བཀའ་ཟུར་བློ་བཟང་སྙན་གྲགས་ལགས་ཀྱིས་ད་ལྟའི་བོད་ནང་གི་གནས་བབ་དང་རྒྱལ་སྤྱིའི་གནས་བབ་བཅས་ནས་མགོ་བརྩམས་ཏེ། དབུ་མའི་ལམ་གྱི་གལ་ཆེའི་རང་བཞིན་ཐད་གཏམ་བཤད་གནང་བ་དང་འབྲེལ་ཏེ། “ སྤྱི་ཚོགས་ནང་ལ་ཁམས་པ་ཡིན་ན་བོད་གཞུང་གིས་ཡག་པོ་བྱེད་ཀྱི་མ་རེད་ཟེར་མཁན་སྔོན་ཆད་མང་པོ་ཡོད་རེད། ང་ལ་ཡང་དེ་འདྲ་གསུངས་མཁན་མང་པོ་བྱུང་མྱོང་། ང་རང་ཡང་ཁམས་ཕྲུག་ཅིག་ཡིན། ཡིན་ན་ཡང་། སྐད་ཆ་དེ་ལ་ངས་གཞི་མེད་ཀྱི་རྙོག་གཏམ་ཟེར་གྱི་ཡོད། གང་ཡིན་ཟེར་ན། ད་ལྟའི་བར་གྱི་བོད་གཞུང་གི་བཀའ་བློན་མང་ཆེ་ཤོས་ཁམས་པ་ཤ་སྟག་ཡིན་པ་འདིས་ཀྱང་གསལ་བཤད་བྱས་ཡོད། མང་ཚོགས་སུ་ཞིག་ཡིན་རུང་སྐད་འདི་རིགས་ཀྱི་བསླུ་བྲིད་འོག་མགོ་འཁོར་རྒྱུ་ཡོད་པ་མ་རེད།” ཅེས་སོགས་བརྗོད་བྱུང་།
གཏམ་བཤད་རྗེས་ཀྱི་དྲི་བ་དྲིས་ལན་སྐབས། ས་གནས་ནས་དབུས་ལ་བཏང་འབྱོར་བྱུང་བའི་འཕྲིན་ཡིག་དེའི་སྐོར་ལ་རྩོད་གླེང་མང་པོ་བྱུང་སོང་ལ། རང་བཙན་དང་དབུ་མའི་སྐོར་དང་། དབུས་གཞོན་ནུ་དང་ས་གནས་ཀྱི་སྐོར། དེར་མཐུད་ནས་ད་ལོའི་གསུམ་བཅུའི་དུས་དྲན་སྲུང་གཙི་བྱེད་ཕྱོགས་དང་། འཕྲེད་དར་སྟེང་གི་བརྗོད་ཚིག་སྐོར་སོགས་ལ་གླེང་སློང་མང་པོ་བྱུང་སྟེ་ཚོགས་རྭ་ཡོངས་ཚ་ཚ་འུར་འུར་ཞིག་བྱུང་སོང་།
མཇུག་ཏུ་གསར་འགོད་པས་ནེའུ་ཡོག་དང་ནེའུ་ཇར་ཛི་ས་གནས་གཞོན་ནུའི་ཚོགས་གཙོ་ངག་དབང་དཔལ་ལྡན་ལགས་སུ་འཕྲིན་ཡིག་དེའི་སྐོར་ལ་བཅར་འདྲི་ཞུས་པར། ཁོང་གིས། “འཕྲིན་ཡིག་དེ་སྤྱིར་བཏང་གི་ཆ་ནས་གཞོན་ནུའི་ལངས་ཕྱོགས་དང་ལྟ་བའི་སྐོར་ལ་གང་ཡང་མ་རེད། ང་ཚོ་ནེའུ་ཡོག་དང་ནེའུ་ཇར་ཛི་ས་གནས་གཞོན་ནུ་ལྷན་ཚོགས་ལ་རྒྱུན་ལས་ ༡༡ ཡོད་པ་ཚང་མ་འཛོམས་ཐོག་ནས་གྲོས་བསྡུར་བྱས་ཏེ། གཞོན་ནུ་ལྷན་ཚོགས་ནང་ཁུལ་ལ་མཐུན་ལམ་ཡོང་ཐབས་ཐད་ཛ་དྲག་གི་ཚོགས་འདུ་ཞིག་ཚོགས་དགོས་ཀྱི་ཡོད་སྟབས། ཚོགས་འདུ་ཐོག་ལ་དབུས་གཞོན་ནུའི་ཚོགས་གཙོ་ཕེབས་རོགས་ཟེར་ནས་འཕྲིན་ཡིག་ཅིག་ཕུལ་རྒྱུར་ཐག་བཅད་པའི་ཐོག་ནས་བསྐུར་བ་ལས། རྒྱུན་ལས་ཁ་ཤས་ཤིག་གིས་གང་དྲན་བསྐུར་བ་དེ་འདྲ་མ་རེད། དབུས་གཞོན་ནུའི་ཚོགས་གཙོ་ལགས་ཀྱིས་ས་གནས་རྒྱུན་ལས་ནང་ཁུལ་དེའི་སྐོར་ཤེས་རྟོགས་མི་འདུག་ཟེར་བ་གཞི་རྩ་མེད་པའི་བཀའ་མོལ་རེད་”ཅེས་གསུངས་སོང་།
གཞོན་ནུའི་དབུས་རྒྱུན་ཚོགས་གཙོ་བསྟན་འཛིན་འཇིགས་མེད་ལགས་སུ་བཅར་འདྲི་ཞུས་པར། ཁོང་གིས། “ ཐེངས་འདིར་ང་ལ་གཞོན་ནུའི་སྐོར་ལ་བཤད་དགོས་གསུངས་སོང་། དེར་བརྟེན་ངས་གཞོན་ནུའི་སྐོར་ལ་འགྲེལ་བཤད་གང་ཐུབ་བྱས་པ་རེད། དེའི་སྐབས་ལ་ས་གནས་རྒྱུན་ལས་ནང་གི་སྐད་ཆ་དེ་ཚོ་བྱུང་བ་རེད། འཕྲིན་ཡིག་དེའི་སྐོར་ལ་ས་གནས་རྒྱུན་ལས་ཚང་མས་ཧ་གོ་ཡི་ཡོད་མེད་དེ་ས་གནས་ཚོགས་གཞོན་དང་དྲུང་ཆེ་གཉིས་ལ་སྐད་ཆ་དྲིས་དང་འགྲིག་གི་རེད།” ཅེས་བརྗོད་སྟབས། གསར་འགོད་པས་ཁ་པར་བརྒྱུད་ས་གནས་ཚོགས་གཞོན་དང་དྲུང་ཆེ་གཉིས་ལ་འབྲེལ་བ་ཞུས་ཀྱང་ཁ་པར་འཇོག་མཁན་བྱུང་མ་སོང་།
རྙོག་གླེང་ཅན་གྱི་འཕྲིན་ཡིག་དེའི་ནང་དོན་འོག་ཏུ་བཀོད་ཡོད།
༼ ༄༅། །གུས་བཀུར་འོས་པའི་ངྷ་ས་དབུས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་གཙོས་དབུས་པའི་རྒྱུན་ལས་རྣམ་པ་ལྷན་རྒྱས་ཀྱི་སྐུ་ཁམས་བཟང་པོའི་དྲུང་དུ་ཆེད་གསོལ།
འདི་ག་ནེའུ་ཡོག་དང་ནེའུ་ཇར་སི་སྐབས་བཅུ་གཉིས་པའི་ས་གནས་བོད་ཀྱི་གཞོན་ནུ་ལྷན་ཙོགས་ཀྱི་རྒྱུན་ལས་ཡོངས་ནས་གལ་ཆེན་དོན་ཆེན་དུ་སེམས་ནས་ཞུ་གསོལ་སྙིང་བོར། བཙན་བྱོལ་བོད་མིའི་སྤྱི་ཚོགས་ཀྱི་ལོ་རྒྱུས་ལ་ཕྱིར་མིག་བལྟས་ན། བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་སྒྲིག་འཛུགས་འདི་ནི་བོད་མིའི་སྒྲིག་འཛུགས་ཀྱི་ལས་དོན་ལ་དངོས་ཤུགས་གང་ཐད་ནས་ཕྱར་གྲུ་མཉམ་འདེགས་ཞུ་མཁན་དང་། སྤྱི་ཚོགས་ཞབས་ཞུ་སྒྲུབ་མཁན། བཀའ་དྲིན་ཟླ་མེད་༧སྤྱི་ནོར་༧གོང་ས་༧སྐྱབས་མགོན་༧རྒྱལ་བའི་དབང་བོའི་རྩ་བའི་བཀའ་དགོངས་དང་མི་འགལ་བའི་ཐོག་ཁ་ཕྱོགས་མ་ནོར་བར་གཞུང་མང་འགྲོ་སར་ཤར་བསྐྱོད་བྱེད་མཁན་གྱི་གཞུང་འབྲེལ་མ་ཡིན་པའི་སྒྲིག་འཛུགས་ལོ་རྒྱུས་ཡོད་པ་ཞིག་ཡིན། དེ་འདྲའི་རྒྱུ་མཚན་ལ་བརྟེན་ནས་གཞོན་ལྷན་ནི་རྒྱ་ནག་གཞུང་གིས་སྡང་ཟུག་བྱེད་ཡུལ་དང་། བོད་མི་མང་ཚོགས་ཀྱིས་བསྔགས་བརྗོད་བྱེད་ཡུལ་གྱི་སྒྲིག་འཛུགས་གལ་ཆེན་ཞིག་ཡིན་པ་ཀུན་གྱིས་མཁྱེན་གསལ་རེད།
འོན་ཀྱང་། བར་སྐབས་ཤིག་ནས་སྐབས་འཚོལ་རིང་ལུགས་པ་ཆེས་ཉུང་ཤས་དང་། ས་གནས་རེ་ཟུང་གི་ལས་དོན་བྱེད་ཕྱོགས་དང་། འཐབ་རྩོད་ཀྱི་ཁ་ཕྱོགས་ནོར་འཁྲུལ་བྱུང་དབང་གིས་གཞོན་ལྷན་ནང་ཁུལ་འཆམ་མཐུན་མ་བྱུང་བའི་ཁར། གཞོན་ནུའི་ས་གནས་ཁ་ཤས་དབུས་གཞོན་ལྷན་གྱི་འགོ་ཁྲིད་འོག་མ་བསྡད་པར་ལོགས་སུ་ཐོན་པ་དང་། བོད་མིའི་སྤྱི་ཚོགས་ཁྲོད་དུའང་གཞོན་ལྷན་སྒྲིག་འཛུགས་ལ་མཐོང་ཕྱོགས་མི་ལེགས་པ་སྣ་ཚོགས་བྱུང་ཡོད་པ་སོགས་ནི་དགྲ་དགའ་གཉེན་སྡུག་དང་། གཞོན་ལྷན་ལ་སྙིང་ནས་ཤ་ཚ་ཡོད་མཁན་རྣམས་བློ་ཕམ་དགོས་པའི་གནས་ཚུལ་ཐབས་རྡུགས་ཤིག་ཆགས་ཡོད།
འདས་ཟིན་པའི་གནས་ཚུལ་ལ་འགྱོད་སེམས་བྱེད་རྒྱུ་ལས་ཅི་བྱ་དབེན་ཡང་། གལ་ཆེ་ཤོས་ནི་སྤྱི་ཚོགས་ཁྲོད་གཞོན་ལྷན་སྒྲིག་འཛུགས་ཀྱི་གཟུགས་བརྙན་འདི་སྔར་བཞིན་སླར་གསོ་ཡོང་ཐབས་ཀྱི་འབད་བརྩོན་ནུས་པ་ལྡན་པ་ཞིག་གང་མགྱོགས་མ་གནང་བ་ཡིན་ན། དབུས་གཞོན་ནུ་ལྷན་ཚོགས་འདི་བཞིན་འབངས་མེད་པའི་དཔོན་དུ་འགྱུར་ཉེན་ཡོད་པས། དེའི་ཐོག་དགོངས་པ་ཆེ་བཞེས་གནང་རྒྱུ་དུས་ལ་བབ་ཡོད་པའི་ཚོར་སྣང་ཆེན་པོ་བྱུང་།
ཆིག་སྒྲིལ་ནི་བོད་མི་རིགས་ཡུན་རིང་གསོན་པོར་གནས་ཐུབ་མིན་གྱི་འགག་རྩ་ཡིན་པ་ང་ཚོས་ཞུ་མི་དགོས་པར་གོང་རིམ་དབུས་རྒྱུན་རྣམ་པས་མཁྱེན་གསལ་ལ་སོང་། གཞིས་བྱེས་བོད་མི་ཡོངས་ཀྱི་མངོན་འདོད་ལ་དགོངས་བཞེས་ཀྱིས་དབུས་གཞོན་ནུ་ལྷན་ཚོགས་ཀྱིས། གཞོན་ལྷན་སྒྲིག་འཛུགས་ནས་ལོགས་སུ་ཐོན་པའི་ས་གནས་ཁ་ཤས་ཡོད་པ་དེ་རྣམས་དང་། དེ་མིན་ས་གནས་ཁག་ཡོངས་རྫོགས་ཆེད་བསྐོང་གིས། ཁོང་རྣམས་ཀྱི་རེ་འདོད་གང་ཡིན་པ་ལྷུག་བཤད་བྱེད་ས་ཡོད་པ་དང་། གཞོན་ལྷན་གྱི་གཟུགས་བརྙན་སྔར་ལྟར་སླར་གསོ་ཡོང་ཐབས་སུ་བསམ་ཚུལ་བརྗེ་ལེན་གྱི་ཛ་དྲག་གི་ཚོགས་ཆེན་ཞིག་འཕྲལ་དུ་བསྐོང་ཚོགས་གནང་སྐྱོང་ཡོང་བའི་འབོད་སྐུལ་ཞུ་རྒྱུ་ཡིན།
སྐབས་དེར་གཞོན་ནུའི་ས་གནས་ཡོངས་རྫོགས་ནས་རང་རང་ས་གནས་སོ་སོའི་རྒྱ་ཆེའི་སེར་སྐྱ་མི་མང་གི་རེ་འདོད་ངོ་མ་ཅི་ཡིན་བསྣམས་ནས་བོད་སྤྱིའི་བདེན་དོན་འཐབ་རྩོད་དང་། ད་ལྟའི་བོད་ནང་གི་ཆེས་ཡ་ང་བའི་ཛ་དྲག་གི་གནས་སྟངས་གཉན་འཕྲང་ལ་ཐུགས་བསམ་ཆེ་བཞེས་ཀྱིས་ལོ་རྒྱུས་ཡུན་རིང་ལྡན་པའི་གཞོན་ལྷན་སྒྲིག་འཛུགས་འདི། གང་འདྲ་བྱས་ནས་རྒྱ་ཆེའི་མང་ཚོགས་ཀྱི་སྔར་ལྷག་ཡིད་ཆེས་རྒྱབ་སྐྱོར་ཡོད་པའི་གཞུང་མང་གཉིས་ཕན་གྱི་སྒྲིག་འཛུགས་ཤིག་ཆགས་པ་བྱེད་རྒྱུར་ཐབས་ལམ་ཅི་ཡོད་ཀྱི་དགོངས་ཚུལ་བསྣམས་ཏེ་ཚོགས་ཆེན་དུ་ཕེབས་ཐུབ་པའི་རེ་བསྐུལ་ནན་པོ་ཞུ་རྒྱུ་ཡིན།
ང་ཚོ་རྒྱུན་ལས་ཐུན་མོང་ནས་དེ་རིང་གི་ཞུ་སྙན་འདི་ཕུལ་བའི་དགོས་དམིགས་གཙོ་བོ་ནི། སྤྱི་ལོ་ ༡༩༧༠ ཟླ་ ༡༠ ཚེས་ ༠༧ ཉིན་དབུ་བརྙེས་ཤིང་། ད་ལོ་ལོ་གྲངས་ཞེ་བཞི་སོན་པའི་སྒྲིག་འཛུགས་འདིའི་འཐབ་རྩོད་ཀྱི་ལོ་རྒྱུས་ཁྲོད་སྐུ་ངལ་འཛེམས་མེད་ཀྱིས་ལེགས་སྐྱེས་ཕུལ་མཁན་མེས་པོ་འདས་སོན་རྣམས་ཐུགས་ཕམ་མི་ཡོང་བ་དང་། གཞོན་ལྷན་སྒྲིག་འཛུགས་འདི་བཞིན་ཆིག་སྒྲིལ་གྱིས་གཞུང་མང་གཉིས་ཕན་གྱི་སྒྲིག་འཛུགས་གཟི་བརྗིད་དང་ལྡན་པ་ཞིག་ཆགས་པ་བྱེད་རྒྱུ་འདི་ཡིན་པས། དེ་ལུགས་མཛད་ཕྱོགས་དམ་དོན་གནང་སྐྱོང་ཡོང་བ་མཁྱེན། ཞེས་སྐབས་བཅུ་གཉིས་པའི་ནེའུ་ཡོག་དང་ནེའུ་ཇར་སི་ས་གནས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་རྒྱུན་ལས་ཐུན་མོང་ནས། སྤྱི་ལོ་ ༢༠༡༣ ཟླ་ ༡༡ ཚེས་ ༠༥ ཉིན་བཟང་པར་་་་་་་་་་ཕུལ། ༽ ཞེས་བཀོད་འདུག
ས་གནས་གསར་འགོད་པ། སངས་རྒྱས་བཀྲ་ཤིས།
ཁ་སང་ངས་གནད་དོན་འདིའི་ཐོག་ལ་མཆན་ཞིག་བཏབ་པ་ཡིན། དུས་བབ་ཚང་གིས་ངའི་མཆན་དེ་བཏོན་མེད་པ་གང་རེད།
ས་དབུས་གཞོན་ལྷན་ཚོགས་པའི་ཚོགས་གཙོ་དང་ཚོགས་མི་རྣམ་པར་གལ་སྲིད་༸གོང་ས་ལྷ་མི་རྣམ་འདྲེན་མཆོག་གིས་ལམ་བཟང་སྟོན་པའི་གཉིས་མེད་དབུ་མའི་ལམ་ལ་རྟེན་ནས་བོད་ལ་རང་སྲིད་རང་སྐྱོང་འཐོབ་ཚེ་ད་དུང་རང་བཙན་འཐབ་རྩོད་བྱ་རྒྱུ་ཡིན་ནམ། ཁྱེད་རྣམ་པའི་ལས་འགུལ་ནི་ཟས་བཅད་ངོ་རྒོལ་དང་། མར་མེ་ཁྲོམ་སྐོར། རྐང་འཁོར་སྐོར་བསྐྱོད། ཞི་བའི་གོམ་བགྲོད་ལས་གཞན་ལས་འགུལ་རྣམ་པ་གསར་པ་འདྲ་མེད་པས། དུག་སྦྲང་ལས་འགུལ་ག་པར་ཡོད། ཁ་བདེན་ཚིག་ལ་གནས་ཡོད་ན། ཇཱན་ཏར་མཱན་ཏར་ལམ་ཁ་སྟོང་པ་རེད་འདུག་པའི་མཁྱེན་པ་གནང་། དེ་མ་གཏོགས་ས་དབུས་ཀྱི་སྐད་ཆ་ལ་ངོ་རེ་ཚ།
ད་དངོས་གནས་གཞོན་ནུར་ཚོགས་པ་འདི་ཚར་འདུག ས་གནས་ཚོགས་གཙོ་ཞིག་གིས་དབུས་ཚོགས་གཙོ་ལ་ཆེས་སྤྱིར་བཏང་གི་བརྩི་བཀུར་ཙམ་ཡང་མི་བྱེད་པར་ཧམ་བཤད་དཔེ་ན་མེད་པ་བྱེད་ཀྱི་འདུག
“འཕྲིན་ཡིག་དེ་སྤྱིར་བཏང་གི་ཆ་ནས་གཞོན་ནུའི་ལངས་ཕྱོགས་དང་ལྟ་བའི་སྐོར་ལ་གང་ཡང་མ་རེད། ང་ཚོ་ནེའུ་ཡོག་དང་ནེའུ་ཇར་ཛི་ས་གནས་གཞོན་ནུ་ལྷན་ཚོགས་ལ་རྒྱུན་ལས་ ༡༡ ཡོད་པ་ཚང་མ་འཛོམས་ཐོག་ནས་གྲོས་བསྡུར་བྱས་ཏེ། གཞོན་ནུ་ལྷན་ཚོགས་ནང་ཁུལ་ལ་མཐུན་ལམ་ཡོང་ཐབས་ཐད་ཛ་དྲག་གི་ཚོགས་འདུ་ཞིག་ཚོགས་དགོས་ཀྱི་འདུག དེའི་ཐོག་ལ་དབུས་གཞོན་ནུའི་ཚོགས་གཙོ་ཕེབས་རོགས་ཟེར་ནས་འཕྲིན་ཡིག་ཅིག་ཕུལ་རྒྱུར་ཐག་བཅད་པའི་ཐོག་ནས་བསྐུར་བ་ལས། རྒྱུན་ལས་ཁ་ཤས་ཤིག་གིས་གང་དྲན་བསྐུར་བ་དེ་འདྲ་མ་རེད། དབུས་གཞོན་ནུའི་ཚོགས་གཙོ་ལགས་ཀྱིས་ས་གནས་རྒྱུན་ལས་ནང་ཁུལ་དེའི་སྐོར་ཤེས་རྟོགས་མི་འདུག་ཟེར་བ་གཞི་རྩ་མེད་པའི་བཀའ་མོལ་རེད་”
“ ཐེངས་འདིར་ང་ལ་གཞོན་ནུའི་སྐོར་ལ་བཤད་དགོས་གསུངས་སོང་། དེར་བརྟེན་ངས་གཞོན་ནུའི་སྐོར་ལ་འགྲེལ་བཤད་གང་ཐུབ་བྱས་པ་རེད། དེའི་སྐབས་ལ་ས་གནས་རྒྱུན་ལས་ནང་གི་སྐད་ཆ་དེ་ཚོ་བྱུང་བ་རེད། འཕྲིན་ཡིག་དེའི་སྐོར་ལ་ས་གནས་རྒྱུན་ལས་ཚང་མས་ཧ་གོ་ཡི་ཡོད་མེད་དེ་ས་གནས་ཚོགས་གཞོན་དང་དྲུང་ཆེ་གཉིས་ལ་སྐད་ཆ་དྲིས་དང་འགྲིག་གི་རེད།”
ནེ་ཡོག་འཇར་སའི་ས་གནས་གཞོན་ནུའི་ཚོགས་གཙོ་ཡང་འགྲིག་མི་འདུག ཨ་ཁ
ད་བོད་ཕྱི་ལོགས་ཀྱི་ནུས་པ་ཁྱོན་ཡོངས་ནས་ཉམས་འགོ་ཚུགས་སོང་། ཕྱོགས་གཅིག་ནས་ཐབས་སྐྱོ་བོ་རེད་དེ། བོད་ནང་ལ་མཚོན་ན་ཡག་པོའང་རེད། རང་གི་རྐང་པའི་སྒང་ལ་རང་ཉིད་ལངས་དགོས་པའི་དུས་ལ་སླེབས་ཟིན་པ་རེད།