དེ་རིང་ཕྱི་དྲོར་བོད་ཀྱི་དཔེ་མཛོད་ཚོགས་ཁང་དུ་མགོ་ལོག་ཁུལ་གྱི་ཁུལ་དཔོན་ཟུར་པ་དར་རྒྱས་ལགས་ཀྱིས་བརྩམས་པའི་༼བོད་ཁུལ་བརྟན་ ལྷིང་མེད་པའི་འབྱུང་རྩ།༽ཞེས་པའི་བོད་རྒྱ་ཟུང་འབྲེལ་གྱི་དེབ་ཅིག་དབུ་འབྱེད་གནང་སོང་།
དེ་རིང་ཕྱི་དྲོའི་ཆུ་ཚོད་ ༣ ཐོག་གངས་སྐྱིད་བོད་ཀྱི་དཔེ་མཛོད་ཚོགས་ཁང་དུ། བོད་ཀྱི་རྩོམ་པ་པོའི་མཐུན་ཚོགས་ཀྱི་གོ་སྒྲིག་འོག མགོ་ལོག་ཁུལ་གྱི་ཁུལ་དཔོན་ཟུར་པ་དར་རྒྱས་ལགས་ཀྱིས་རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིན་ལ་གནང་བའི་སྙན་ཞུ་སྟེ། བོད་ཁུལ་དུ་བརྟན་ལྷིང་མེད་པའི་འབྱུང་རྩ་ངོས་འཛིན་དང་དེའི་ཐད་ཀྱི་བསམ་འཆར་སོགས་བཀོད་པའི་༼བོད་ཁུལ་བརྟན་ལྷིང་མེད་པའི་འབྱུང་རྩ༽ཞེས་པའི་བོད་རྒྱ་ཟུང་འབྲེལ་གྱི་དེབ་ཅིག་དང་། གཡུ་སྒང་ལོ་དེབ༼རྒྱང་བཞུད༽ཅེས་པ་གཉིས་དབུ་འབྱེད་ཀྱི་མཛད་སྒོ་ཚོགས་སོང་བ་དང་། མཛད་སྒོའི་ཐོག་སྐུ་མགྲོན་གཙོ་བོ་སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་དང་བོད་ཀྱི་དཔེ་མཛོད་ཁང་གི་ལོ་རྒྱུས་ཉམས་ཞིབ་པ་དམ་ཆོས་དཔལ་བཟང་ལགས། དེ་བཞིན་སྤྱི་འཐུས་རྒྱུན་ལས་ཁག་ཅིག་དང་གཞུང་འབྲེལ་མིན་པའི་ཚོགས་པ་ཁག་གི་སྐུ་ཚབ། གཞན་ཡང་དྷ་ས་ཁུལ་གྱི་རྩོམ་པ་པོ་དང་གཞོན་སྐྱེས་དོ་སྣང་ཅན་བཅས་མི་ ༦༠ ཙམ་འདུ་འཛོམས་གནང་སོང་།
མཛད་སྒོའི་ཐོག་མར་ཚོགས་གཙོ་མཆོག་གིས་དཔེ་དེབ་གཉིས་དབུ་འབྱེད་དང་། དེ་ནས་ཁུལ་དཔོན་ཟུར་པ་དར་རྒྱས་ལགས་ཀྱི་བཟའ་ཟླའི་ནུ་བོ་དམ་ཆོས་དཔལ་བཟང་ལགས་ཀྱིས། དར་རྒྱས་ལགས་ཡུལ་དཔོན་ཞིག་ནས་ཁུལ་དཔོན་དུ་གྱུར་བའི་བར་གྱི་མི་ཚེའི་ལོ་རྒྱུས་མདོར་བསྡུས་ངོ་སྤྲོད་གནང་དོན། ཁོའི་མི་ཚེའི་ནང་གུང་ཁྲན་ཏང་ལ་ཁ་སེམས་གཉིས་ཀྱིས་ལས་ཀ་བྱས་ཡོད་ཀྱང་། ཁོང་གི་ལས་ཀ་དེ་ལྷག་བསམ་རྣམ་དག་བྱས་པ་མ་གཏོགས་ཁོང་ནི་གུང་ཁྲན་ཏང་གིས་གང་བཤད་ཚང་མ་ཁས་ལེན་མཁན་ཞིག་མིན་ལ། དཔོན་གནས་སུ་ཡོད་སྐབས་གཞན་གྱི་ལྐོག་རྔན་ལེན་པ་དང་མི་མང་གི་ནག་ཉེས་གང་བྱུང་ཐེར་འདོན་བྱེད་མཁན་ཞིག་གཏན་ནས་མིན་པ་མ་ཟད། ཁོང་ཁུལ་དཔོན་ཡིན་སྐབས་༧པཎ་ཆེན་རིན་པོ་ཆེ་སྐུ་གྲོངས་བའི་མྱ་ངན་ཚོགས་འདུ་རྒྱལ་ཡོངས་ནང་ཐོག་དང་པོ་མགོ་ལོག་ཁུལ་ཐོག་ནས་བསྡུས་བ་དང་། པཎ་ཆེན་རིན་པོ་ཆེའི་སྐུ་པར་མདུན་དུ་མཆོད་མེ་ཕུལ་བར་བརྟེན་ཕྱིས་སུ་ཁོང་ཞིང་ཆེན་ནང་སོང་སྟེ་དགོངས་དག་ཞུ་དགོས་ཁེལ་ཡོད་སྐོར་དང་། ས་བྱི་ཞི་རྒོལ་བྱུང་རྗེས་དེ་དང་འབྲེལ་བའི་བོད་ཁུལ་གྱི་ཚོགས་འདུ་བསྡུས་བ་མ་ཟད། ཕྱི་ལོ་ ༢༠༠༩ ལོར་ཞིང་ཆེན་རིམ་པའི་མགོ་ཁྲིད་ལས་ཐོག་དང་ཟུར་པ་སོགས་ཁོང་ཚོ་བོད་མི་རིགས་ཞེན་ཅན་ ༥ ཡིས་ཆེད་དུ་ཚོགས་པ་བཙུགས་ཏེ་ལྷ་ས་དང་དར་མདོ། རྔ་པ། ཀན་ལྷོ་བཅས་སུ་ཟླ་གཅིག་ལྷག་རིང་སྐོར་སྐྱོད་བྱས་ཏེ། ས་བྱི་ཞི་རྒོལ་དེ་ཏཱ་ལའི་བླ་མ་དང་བཙན་བྱོལ་གཞུང་གིས་བཟོས་པ་ཞིག་ཡིན་མིན་ལྟ་རྒྱུ་ཡིན་ཞེས་ཁོང་ཚོ་གཅིག་ནས་རྒྱལ་ཁབ་ལ་ཤ་ཚ་དང་། གཉིས་ནས་མི་རིགས་ལ་ཤ་ཚ་བའི་སྒོ་ནས་ཉམས་ཞིབ་བྱེད་དུ་སོང་བ་མ་ཟད། ཉམས་ཞིབ་བྱས་རྗེས་སྲིད་འཛིན་ཞི་ཅིན་ཕིན་ལ་ས་བྱི་ཞི་རྒོལ་དེ་རྒྱ་གཞུང་གི་མགོ་ཁྲིད་དང་མི་མང་བར་གྱི་ཆོས་དད་རང་དབང་དང་འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་ཐད་ཀྱི་འཐབ་རྩོད་ཅིག་ཡིན་པ་ལས། ཏཱ་ལའི་བླ་མ་དང་བཙན་བྱོལ་བོད་གཞུང་གིས་བཟོས་པ་ཞིག་རྩ་བ་ནས་མ་རེད་ཅེས་ཞིབ་འཇུག་སྙན་ཞུ་ཞིག་སྤྲད་ཡོད་ཀྱང་། ཞི་ཅིན་ཕིན་གྱི་ལག་ཏུ་འཕྲོད་ཡོད་མེད་གསལ་ཁ་མ་བྱུང་གོང་ཁོང་སྐུ་གྲོངས་ཡོད་པ་དང་། ཁོང་ལྟ་བུའི་རྒྱ་ནག་གི་དཔོན་པོ་བོད་རིགས་ ལར་ཞེན་ཅན་ཚོ་རིམ་པར་སྐུ་གྲོངས་བའི་རྒྱུ་རྐྱེན་ལ་དོགས་པ་ཆེན་པོ་ཡོད་ལུགས་དང་། བོད་ནང་དུ་འདི་ལྟ་བུའི་ལོ་རྒྱུས་ཀྱི་དངོས་བྱུང་བདེན་དཔང་མང་པོ་ཡོད་ཀྱང་། དུས་ཀྱི་འགྱུར་འགྲོས་ཁྲོད་རིམ་གྱིས་ནག་གསུབ་ཏུ་འགྲོ་བཞིན་ཡོད་སྟབས། ལོ་རྒྱུས་ཀྱི་བདེན་དཔང་འདི་རིགས་བསྡུ་སྒྲིག་བྱ་རྒྱུ་གལ་ཆེན་ཡིན་སྐོར་སོགས་བརྗོད་སོང་།
དེ་རྗེས་རྩོམ་པ་པོའི་མཐུན་ཚོགས་ཀྱི་ཚོགས་གཞོན་སྤྲོ་ཚིགས་ཆོས་གྲགས་ལགས་ཀྱིས་དེབ་ཀྱི་གལ་གནད་རང་བཞིན་སྐོར་དོན་ཚན་གསུམ་གྱི་ཐོག་ནས་བརྗོད་དོན། དེབ་འདིའི་ནང་གི་དོན་སྙིང་གཙོ་བོ་ག་རེ་ངོས་འཛིན་བྱེད་ཀྱི་ཡོད་ཟེར་ན། བོད་ནང་དུ་གནད་དོན་ཡོད་པ་དང་། གནད་དོན་ཡོད་པ་ཙམ་དུ་མ་ཟད་གནད་དོན་ཚབས་ཆེན་འཕྲལ་དུ་ཐག་གཅོད་དགོས་པ། གནད་དོན་དེའི་རྩ་བ་རྒྱ་གཞུང་གིས་བོད་ནང་ལག་བསྟར་བྱེད་བཞིན་པའི་སྲིད་བྱུས་ལ་ཐུག་ཡོད་སྟབས། སྲིད་བྱུས་ལེགས་བཅོས་ཀྱིས་མཚོན་པའི་དེའི་ཐད་བསམ་ཚུལ་ལྔ་བཏོན་འདུག དེ་གནད་འགག་ཅིག་ལ་ངོས་འཛིན་བྱེད་ཀྱི་ཡོད། གང་ཡིན་ཟེར་ན། རྒྱ་གཞུང་གི་བརྒྱུད་ལམ་ཁག་དང་དཔོན་རིགས་ཚོས་བོད་ནང་གནད་དོན་མེད་པ་དང་ཏོག་ཙམ་ཡོད་པ་དེ་ཏཱ་ལའི་བླ་མ་དང་ཁ་བྲལ་བ་ཉུང་ཤས་ཤིག་གི་གནད་དོན་རེད། བོད་ཁུལ་ཞི་བདེ་ལྷིང་འཇགས་ངང་ནས་འཕེལ་རྒྱས་ཞེ་དྲག་འགྲོ་བཞིན་ཡོད་པ་ཟེར་གྱི་ཡོད་པ་རེད། ཡིན་ནའང་། རྒྱ་ནག་གཞུང་ངོས་ནས་གསོ་སྐྱོང་བྱས་པའི་དམར་ཤོག་ཚོགས་མི་མཐོ་གྲས་ཤིག་གིས་སྲིད་འཛིན་ལ་སྙན་ཞུ་སྤྲད་དེ། བོད་ནང་དུ་གནད་དོན་ཡོད་པ་དང་དེ་མྱུར་ཏུ་སེལ་དགོས་པ། དེའི་རྩ་བ་རྒྱ་ནག་གཞུང་གི་སྲིད་བྱུས་ལ་ཐུག་ཡོད་པའི་གནས་ཚུལ་ཁུངས་ལྡན་ཞིབ་ཚགས་བྲིས་ཡོད་སྟབས། ནང་དོན་གྱི་ཆ་ནས་དོན་སྙིང་གཙོ་བོ་དེ་ཆགས་ཀྱི་ཡོད་པ་རེད་བསམ་གྱི་འདུག དོན་སྙིང་གཉིས་པ་གང་རེད་ཟེར་ན། གོང་དུ་གསུངས་པ་ལྟར་དེབ་དེའི་ནང་དུ་༧རྒྱལ་བ་རིན་པོ་ཆེའི་སྐོར་མང་པོ་ཞིག་ཡོད་པ་རེད། སྤྱིར་བཏང་བོད་པ་ཞིག་གི་ངོས་ནས་༧རྒྱལ་བ་རིན་པོ་ཆེ་ལ་དད་མོས་དང་དགའ་ཞེན། དེ་བཞིན་ཁོང་གི་མཛད་རྗེས་སྐོར་ལ་རྩོམ་འབྲི་བ་དེ་དམིགས་བསལ་གང་ཡང་ཆགས་ཀྱི་ ཡོད་པ་མ་རེད། ཡིན་ནའང་། རྒྱ་གཞུང་གིས་གསོ་སྐྱོང་བྱས་ཤིང་དམར་ཤོག་གི་ཚོགས་མི་ཡིན་པའི་མཐོ་རིམ་དཔོན་རིགས་ཤིག་གིས་༧རྒྱལ་བ་རིན་པོ་ཆེར་ངོས་འཛིན་དང་དད་མོས་ག་འདྲ་ཡོད་མེད་བྲིས་པ་དེ། ཕྱོགས་གཅིག་ནས་དམིགས་བསལ་ཞིག་ཆགས་ཀྱི་ཡོད་པ་རེད། གཙོ་བོ་དེའི་ནང་དུ་ག་རེ་བཀོད་འདུག་ཟེར་ན། བོད་ནང་རྒྱལ་གཅེས་ཆོས་གཅེས་ཀྱི་ལས་འགུལ་སྤེལ་སྐབས། ཆོས་དད་ཆེ་བའི་མང་ཚོགས་དང་ལྷག་པར་དུ་དགོན་པ་གྲྭ་ཚང་གི་བླ་གྲྭ་ཚོར་༧རྒྱལ་བ་རིན་པོ་ཆེ་ལ་ངོ་རྒོལ་བྱེད་དུ་བཅུག་པ་དེ། དངོས་གནས་དྲང་གནས་ཀྱིས་བོད་མིའི་སེམས་ཁམས་ལ་རྒྱུས་མངའ་མེད་པ་དང་ཕན་ཐོགས་མེད་པའི་གནོད་བྱེད་ཅིག་ཡིན་པ་གཙོ་བོར་བཤད་ཡོད་པ་དང་། དེང་སང་བོད་ནང་གི་བོད་མི་ཚོས་ཆོས་སྲིད་གཉིས་ཀྱི་ཐོག་ནས་༧རྒྱལ་བ་རིན་པོ་ཆེ་དབུ་ཁྲིད་ཅིག་ལ་ངོས་འཛིན་དང་སྔར་ལས་དད་མོས་བྱེད་ཀྱི་ཡོད་སྐོར་ནན་བརྗོད་བྱས་འདུག དེབ་འདིའི་དོན་སྙིང་གསུམ་པ་དེ་༧རྒྱལ་བ་རིན་པོ་ཆེས་འཛམ་གླིང་གི་ཞི་བདེ་དང་སངས་རྒྱས་ཀྱི་བསྟན་པ། དེ་བཞིན་བོད་མི་རིགས་ཀྱི་ཆེད་དུ་མཛད་རྗེས་རླབས་ཆེན་འཇོག་བཞིན་ཡོད་པ་ནན་བརྗོད་ཀྱིས། ༧རྒྱལ་བ་རིན་པོ་ཆེ་བདེ་ལེགས་ངང་བོད་ནང་ཕེབས་ཐུབ་རྒྱུ་དེ་བོད་མི་ཡོངས་ཀྱི་རྩ་བའི་རེ་འདུན་ཉག་ཅིག་ཡིན་སྐོར་བྲིས་ཡོད་པ་རེད། ཅེས་དང་། དེབ་དེའི་ནང་དུ་ཡོན་རྒྱལ་རབས་ཀྱི་སྐབས་ནས་བོད་རྒྱ་ནག་གི་ཆ་ཤས་ཡིན་པ་དང་། ༧གོང་ས་མཆོག་གིས་བོད་དང་ཐའེ་ཝན་གཉིས་རྒྱ་ནག་གི་ཆ་ཤས་ཡིན་པ་ངོས་ལེན་གནང་ཡོད་ སྐོར་གྱིས་མཚོན་པའི་གནས་ཚུལ་ཁ་ཤས་རྒྱ་གཞུང་གི་ལྟ་བ་ལངས་ཕྱོགས་གཞིར་བཞག་སྟེ་བྲིས་ཡོད་ཀྱང་དེ་དགོས་མཁོ་ཞིག་ཆགས་ཡོད། རང་ཉིད་ཏང་དང་རྒྱལ་ཁབ་ལ་ལྷག་བསམ་རྣམ་དག་དང་དགའ་ཞེན་ཡོད་པའི་ལྟ་བ་ལངས་ཕྱོགས་ དེ་འདྲ་ཞིག་འཁུར་བའི་ཐོག་ནས་མི་རིགས་འཐབ་བརྩོད་བྱེད་མཁན་ཁག་ཅིག་ཡོང་གི་ཡོད། དཔེར་ན་པཎ་ཆེན་རིན་པོ་ཆེ་དང་འབའ་བ་ཕུན་ཚོགས་དབང་རྒྱལ། སྡེ་རོང་ཚེ་རིང་དོན་འགྲུབ། རྡོ་རྗེ་ཚེ་བརྟན་སོགས་མང་པོ་ཡོད་པ་དང་། དེ་ཚོ་ཐབས་ལམ་དང་བརྒྱུད་ལམ་དམིགས་བསལ་བ་ཞིག་གི་ཐོག་ནས་བོད་དོན་འཐབ་རྩོད་བྱེད་མཁན་ཞིག་ཆགས་བསྡད་ཡོད་སྐོར་སོགས་གསལ་བཤད་གནང་སོང་།
མཇུག་ཏུ་སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་གིས་དཔེ་དེབ་དབུ་འབྱེད་དང་འབྲེལ་བའི་གསུང་བཤད་གནང་དོན། དར་རྒྱས་ཀྱི་ལོ་རྒྱུས་འདི་མི་གཅིག་གི་ལོ་རྒྱུས་རེད། བོད་མདོ་དབུས་ཁམས་གསུམ་གྱི་ནང་དར་རྒྱས་དང་འདྲ་བའི་གནས་སྟངས་མང་པོ་བྱུང་ཡོད་པ་རེད། ཡིན་ནའང་། གནས་ཚུལ་ཕྱི་ལོགས་སུ་ཐོན་ཐུབ་དང་མ་ཐུབ་ཀྱི་གནས་སྟངས་འོག་ནས་ང་ཚོས་བཤད་ཐུབ་པ་དང་མི་ཐུབ་པའི་གནས་སྟངས་མང་པོ་ཞིག་བྱུང་བཞིན་ཡོད་སྟབས། དེ་རིང་འདིར་དཔེ་མཚོན་ཙམ་ཞིག་བྱུང་བ་དེ་ལོ་རྒྱུས་ཀྱི་ཐོག་ནས་གལ་ཆེན་པོ་ཞིག་ལ་ངོས་འཛིན་ཞུ་ཡི་ཡོད། དེབ་ཆ་ཚང་ཀློག་རྒྱུ་མ་བྱུང་ཡང་གང་བཀླགས་པ་དེར་བལྟས་ན། དར་རྒྱས་ལགས་ཕྱི་ལོ་ ༡༩༤༡ ལོར་སྐྱེས་ཤིང་ ༢༠༡༣ ལོར་གྲོངས་ཡོད་པ་དང་། ཁོང་ལ་ལོ་ ༧༢ ཀྱི་མི་ཚེའི་ཉམས་མྱོང་ཡོད་པ་དང་། ཉམས་མྱོང་དེ་ཡང་བོད་ནང་དུ་ལོ་རྒྱུས་ཀྱི་འགྱུར་བ་ཆེན་པོ་ཞིག་འགྲོ་བའི་སྐབས་སུ་བྱུང་ཡོད་སྟབས། ཁོ་རང་གི་མི་ཚེའི་ནང་གི་མཐོང་ཐོས་མྱོང་གསུམ་དེ་ང་ཚོའི་ལོ་རྒྱུས་ནང་ཧ་ཅང་གལ་ཆེན་པོ་རེད། ལྷག་པར་དུ་གོང་དུ་བརྗོད་པ་ལྟར། ས་གནས་རིམ་པ་བྱས་ཏེ་དབུས་གྲོས་ཚོགས་བར་དུ་མི་མང་འཐུས་མི་གནང་བ་སོགས་ཀྱི་འགན་ཆེན་པོ་ཞེ་དྲག་ཅིག་ཁུར་ཡོད་སྟབས། ས་གནས་ཀྱི་ལས་ཀ་བྱེད་མཁན་ཚོའི་འགན་ཁུར་སྟངས་དང་ལས་ཀ་བྱེད་སྟངས། སྲིད་བྱུས་ལག་བསྟར་བྱེད་སྟངས། དེ་བཞིན་དབུས་ནས་བཀོད་ཁྱབ་ག་འདྲ་ཡོང་གི་ཡོད་མེད་སོགས་ཚང་མར་རྒྱུས་ཡོད་པའི་ཐོག་ནས་བྲིས་ཡོང་བ་དེ་ཚོར་དོ་སྣང་བྱེད་དགོས་པའི་གནས་སྟངས་ཤིག་ཆགས་ཀྱི་ཡོད་པ་རེད་བསམ་གྱི་འདུག ཅེས་སོགས་གསུངས་སོང་།
ཁུལ་དཔོན་དམ་པ་དར་རྒྱས་ལགས་ནི་ཕྱི་ལོ་ ༡༩༤༡ ལོར་མདོ་སྨད་ཙོང་ཁ་བ་ཡན་གཞོངས་བཤམས་སྡེ་བ་རུ་སྐྱེས་ཤིང་། རང་ལོ་ ༡༥ ཐོག་བྱ་བར་ཞུགས་ཏེ་མགོ་ལོག་ཁུལ་དུ་ལས་བགོས་བྱས་པ་དང་། ཕྱི་ལོ་ ༡༩༥༨ ཟླ་ ༡༠ ཚེས་ ༡ ཉིན་རྒྱ་གཞུང་གིས་ཁྱོ་ག་བཙོན་དུ་བཅུག་པའི་མགོ་ལོག་ཁང་གསར་ཚང་གི་བུ་མོ་ངག་ལྷ་ཟེར་བ་དང་བཙན་དབང་གིས་གཉེན་སྒྲིག་བྱེད་དུ་བཅུག ཕྱི་ལོ་ ༡༩༥༩ ལོ་ནས་བཟུང་དར་རྒྱས་ལགས་གཅིག་སྒྲིལ་རྫོང་ཁང་གསར་མཉམ་ལས་ཁང་རུ་ཆེན་བཞི་པའི་རུ་གཙོ་དང་སྨིན་ཐང་ཡུལ་ཚོའི་ཡུལ་དཔོན་སོགས་སུ་བསྐོས་པ་དང་། དེ་ནས་རིམ་བཞིན་གོ་གནས་འཕར་ཏེ་མགོ་ལོག་ཁུལ་གྱི་ཁུལ་དཔོན་དང་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་སྐབས་བརྒྱད་པ་དང་དགུ་པའི་འཐུས་མི། དེ་བཞིན་མཚོ་སྔོན་ཞིང་ཆེན་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བརྒྱད་པའི་ཞིང་ཕྱུགས་དང་ཁོར་ཡུག་སྲུང་སྐྱོབ་ཁང་གི་མགོ་གཙོ་བཅས་ཀྱི་འགན་ཁུར་མྱོང་ཡོད་ཅིང་། ཕྱི་ལོ་ ༢༠༡༣ ཟླ་ ༢ ཚེས་ ༩ ཉིན་ཟི་ལིང་གི་སྨན་ཁང་ཞིག་ནས་འདས་གྲོངས་སུ་ཕྱིན་ཡོད་འདུག དེབ་འདིའི་བརྗོད་བྱའི་སྐོར་ལ་ཁོང་གིས་ཐོག་མཐའ་བར་གསུམ་དུ་བོད་ཁུལ་བརྟན་ལྷིང་མེད་པའི་རྣམ་པར་གནས་དགོས་དོན་གང་ཡིན་ནམ། དེའི་འབྱུང་རྩ་ངོ་མ་གང་དུ་ཡོད་དམ། གནད་དོན་འདི་དག་ལ་བསམ་གཞིགས་གཟབ་ནན་དང་བྱ་ཐབས་ཡང་དག་པ་སྤྱད་འོས་པར་མ་ཟད། ད་དུང་འགལ་ཟླ་ཐག་གཅོད་བྱེད་པའི་དུས་ལ་བབ་ཡོད། ཅེས་བརྗོད་འདུག
དེབ་འདི་དཔར་སྐྲུན་བྱེད་མཁན་ནོར་ཡོད་རེད། བྱུང་ན་བོད་གཞུང་དྲིལ་བསྒྲགས་དང་། དེ་མ་བྱུང་ཡང་འགྲོ་བ་མིའི་ཐོབ་ཐང་ལས་ཁུངས་ཤིག་གིས་དཀར་སྐྲུན་ཞུ་དགོས་རེད།