ནང་སོག་གི་འབྲོག་པ་བཅུ་གྲངས་ཤིག་གིས་པེ་ཅིན་དུ་རྩྭ་སའི་གནད་དོན་ཞུ་གཏུག་བྱེད་བཞིན་ཡོད་ཀྱང་། ནང་སོག་ཉེན་རྟོག་པས་རྗེས་འདེད་བཏང་སྟེ་བཀག་འགོག་བྱེད་བཞིན་ཡོད་འདུག
རྒྱ་གཞུང་གིས་ནང་སོག་ནུབ་བྱང་ཁུལ་གྱི་ཝུ་ལན་ཁྲ་པུའུ་ཡི་འབྲོག་ཁྱིམ་བཅུ་གྲངས་ཤིག་གི་རྩྭ་སའི་ཐོག དམག་སྦྱོང་ལྟེ་གནས་བཙུགས་ཏེ་འབྲོག་པ་མང་ཚོགས་ལ་རྩྭ་སའི་གུན་གསབ་སྤྲད་མེད་སྟབས། འབྲོག་མང་གིས་ས་གནས་སྲིད་གཞུང་ལ་ཐེངས་མང་པོར་ཞུ་གཏུག་བྱས་ཡོད་ཀྱང་འབྲས་བུ་ཐོན་མེད་པར་བརྟེན། ཟླ་འདིའི་ཕྱི་ཚེས་ ༡༡ ཉིན་ནང་སོག་གི་འབྲོག་པ་བཅུ་གྲངས་ཤིག་པེ་ཅིན་དུ་ཆེད་སྐྱོད་ཀྱིས། དབུས་འབྲེལ་ཡོད་ལས་ཁུངས་ཁག་ཏུ་རྩྭ་སའི་གུན་གསབ་སྤྲོད་དགོས་པའི་ཞུ་གཏུག་བྱེད་བཞིན་ཡོད་ཀྱང་། འབྲེལ་ཡོད་ལས་ཁུངས་ཁ་ཤས་ཀྱིས་ཞུ་གཏུག་ཡི་གེ་དང་ལེན་མི་བྱེད་པའི་དཀའ་ངལ་འཕྲད་ཀྱི་ཡོད་པ་མ་ཟད། ནང་སོག་ཝུ་ལན་ཁྲ་པུའུ་གྲོང་ཁྱེར་ཉེན་རྟོག་པ་པེ་ཅིན་དུ་བསླེབས་ཏེ། ཞུ་གཏུག་པ་ཚོས་ལས་འགུལ་མཚམས་འཇོག་བྱས་ཏེ་ཕྱིར་ལོག་དགོས་པའི་བཙན་སྐུལ་གཏོང་བཞིན་ཡོད་འདུག
ཞུ་གཏུག་ཏུ་ཕྱིན་པའི་འབྲོག་མི་ཞིག་གིས་གསར་འགོད་པར། འདས་པའི་བདུན་ཕྲག་གཅིག་ལྷག་གི་ནང་ང་ཚོའི་ཞུ་གཏུག་གི་གནས་ཚུལ་དེ་ཙམ་བདེ་ལེགས་མ་རེད། གང་ཡིན་ཟེར་ན། འབྲེལ་ཡོད་ལས་ཁུངས་ཁ་ཤས་ཀྱིས་ཞུ་གཏུག་ཡི་གེ་དང་ལེན་བྱེད་ཀྱི་མི་འདུག་པས་ང་ཚོས་མུ་མཐུད་ཞུ་གཏུག་བྱེད་བཞིན་ཡོད། དཀའ་ངལ་གཙོ་བོ་ང་ཚོའི་ས་གནས་ཀྱི་ཉེན་རྟོག་པ་པེ་ཅིན་དུ་བསླེབས་ཏེ། ང་ཚོས་མུ་མཐུད་ཞུ་གཏུག་བྱེད་པར་བཀག་འགོག་བྱེད་ཀྱི་འདུག ཅེས་བརྗོད་ཡོད་པ་རེད།
ཡང་ས་གནས་སུ་ཡོད་པའི་འབྲེལ་ཡོད་ཅིག་གིས། ཟླ་འདིའི་ཕྱི་ཚེས་ ༡༨ ཉིན་ས་གནས་ཉེན་རྟོག་པས་ཞུ་གཏུག་པ་ཚོའི་ཁྱིམ་མི་དང་གྲོགས་ཉེ་འབྲེལ་ཚོར། ཕྱི་ཕྱོགས་ཀྱི་གསར་འགྱུར་བརྒྱུད་ལམ་སོགས་ལ་འབྲེལ་འདྲིས་བྱེད་མི་ཆོག་པའི་བཀའ་རྒྱ་བཏང་ཡོད་ལུགས་བརྗོད་འདུག
ཟླ་འདིའི་ཕྱི་ཚེས་ ༢༠ ཉིན་ནང་སོག་སུའུ་ནེ་ཊི་ཧྲི་ཆི་ཁུལ་གྱི་འབྲོག་མང་ ༦༠ ཙམ་ཁྲོམ་གཞུང་དུ་འདུ་འཛོམས་བྱས་ཏེ། རྩྭ་ས་བཙན་འཕྲོག་བྱས་པར་ངོ་རྒོལ་སྐད་འབོད་གནང་བ་སོགས་པེ་ཅིན་དུ་ཕྱིན་པའི་ཞུ་གཏུག་པ་ཚོར་རྒྱབ་སྐྱོར་བྱེད་བཞིན་ཡོད་པ་དང་། ནང་སོག་གི་ཕོ་གསར་ཞིག་གིས་སྐད་འཕྲིན་ནང་ཞུ་གཏུག་པ་ཚོའི་པར་རིས་དང་ཡིག་ཆ་བརྒྱུད་གཏོང་བྱས་ཡོད་པར་བརྟེན། ཁ་སང་ས་གནས་ཉེན་རྟོག་པས་ཁོ་བོའི་སྐད་འཕྲིན་ནང་གི་གནས་ཚུལ་ནག་གསུབ་གཏོང་དགོས་པའི་བཙན་སྐུལ་བྱས་ཡོད་པ་མ་ཟད། ཟླ་འདིའི་ཕྱི་ཚེས་ ༢༥ ཉིན་ཁོ་བོར་ཞིབ་བཤེར་བྱ་རྒྱུ་ཡིན་ལུགས་བརྗོད་ཡོད་འདུག
ནང་སོག་གི་ཐོབ་ཐང་དོན་གཉེར་བ་གྲགས་ཅན་ཧཱ་ཏ་ལགས་ཀྱི་བཟའ་ཟླ་ཞིན་ནཱ་ལགས་ཀྱིས། པེ་ཅིན་གྱི་ཉིན་རེའི་ཞུ་གཏུག་གནས་ཚུལ་ཐོ་འགོད་ཀྱིས་ཕྱིར་བསྒྲགས་གནང་བཞིན་ཡོད་པའི་སྐོར་ཁོང་མོས། ད་སྐབས་སྲིད་གཞུང་གིས་ཞུ་གཏུག་པ་ཚོར་འཇིགས་སྐུལ་བྱེད་བཞིན་འདུག དོན་དངོས་གནས་ཚུལ་ཧ་གོ་བ་ཡིན་ན་གནད་དོན་ཐག་གཅོད་ཐུབ་པར་བརྟེན་ས་གནས་སྲིད་གཞུང་གིས་འཇིགས་སྐུལ་བྱེད་ཀྱིན་ཡོད་པ་རེད། གང་ལྟར་སྲིད་གཞུང་གིས་དབང་ཆ་བེད་སྤྱད་དེ་འབྲོག་མང་ལ་བཙན་གནོན་བྱས་ན། འབྲོག་མང་གིས་ངེས་པར་དུ་གསར་འགྱུར་བརྒྱུད་ལམ་ཁག་ལ་རང་ཉིད་ཀྱི་འབོད་སྒྲ་སྒྲོག་དགོས་པ་རེད། གང་ཡིན་ཟེར་ན། འབྲོག་མང་ཚོ་དངོས་གནས་འཚོ་ཐབས་དཀའ་བའི་གནས་སུ་གྱར་ཡོད་པ་རེད། ཅེས་དང་། དྲ་གྲོགས་མང་པོས་རྒྱ་གཞུང་གིས་ཁོ་མོ་བསྐྱར་དུ་འཛིན་བཟུང་བྱེད་པར་སེམས་འཚབ་བྱེད་ཀྱིན་ཡོད་ཀྱང་། གནད་དོན་འདིའི་ཆེད་དུ་ཁོ་མོ་འཛིན་བཟུང་བྱས་ན་གཟི་བརྗིད་ཅིག་ཏུ་ངོས་འཛིན་བྱེད་ཀྱི་ཡོད་སྐོར་བརྗོད་འདུག
ནང་སོག་ནུབ་བྱང་ཁུལ་གྱི་རྩྭ་ཐང་གི་དཀའ་རྙོག་ཐད་མི་མང་གིས་ཞི་རྒོལ་དང་ཞུ་གཏུག་ཐེངས་མང་བྱས་ཡོད་ཀྱང་། འདས་པའི་ལོ་ ༡༠ ལྷག་གི་རིང་ས་གནས་སྲིད་གཞུང་གིས་ཁ་གཡར་ས་གང་མང་བཙལ་ཏེ་གནད་དོན་ཐག་གཅོད་བྱས་མེད་པ་མ་ཟད། བཟོ་གྲྭ་དང་དམག་སྦྱོང་ལྟེ་གནས་སོགས་གསར་དུ་བརྒྱབ་སྟེ་འབྲོག་པའི་རྩྭ་ས་བཙན་འཕྲོག་བྱས་པ་དང་། རྡོ་སོལ་སོགས་ཀྱི་གཏེར་ཁ་སྔོག་འདོན་ཤུགས་ཆེན་བྱེད་བཞིན་ཡོད་པར་བརྟེན། རྩྭ་ཐང་གི་ཁོར་ཡུག་ལ་འབག་བཙོག་ཆེན་པོ་བཟོས་ཏེ། འབྲོག་པའི་ནོར་ལུག་ལ་འཆི་སྐྱོན་བྱུང་བ་སོགས་ཀྱི་གནོད་འཚེ་མང་པོ་ཐེབས་ཀྱི་ཡོད་འདུག
གསར་འགོད་པ། པདྨ་མཚོ།
ནང་སོག་བོད་དང་ཡུ་གར་གྲངས་ཉུང་རིགས།།
ནང་གི་གནད་དོན་ཕྱི་ལ་འབྲེལ་མེད་ཟེར།།
ནང་འཛིངས་དཀའ་རྙོག་རབ་དང་རིམ་པ་ནི།།
ནང་ནས་འདུམ་པར་དཀའ་འོ་དམར་པོའི་དཔོན།།
་་་་་་་་་་ ཟླ་འདིའི་ཕྱི་ཚེས་ ༡༡ ཉིན་ནང་སོག་གི་འབྲོག་པ་བཅུ་གྲངས་ཤིག་པེ་ཅིན་དུ་ཆེད་སྐྱོད་ཀྱིས། དབུས་འབྲེལ་ཡོད་ལས་ཁུངས་ཁག་ཏུ་རྩྭ་སའི་གུན་གསབ་སྤྲོད་དགོས་པའི་ཞུ་གཏུག་བྱེད་བཞིན་ཡོད་ཀྱང་།
འབྲེལ་ཡོད་ལས་ཁུངས་ཁ་ཤས་ཀྱིས་ཞུ་གཏུག་ཡི་གེ་དང་ལེན་མི་བྱེད་པའི་དཀའ་ངལ་འཕྲད་ཀྱི་ཡོད་པ་་་་་་་་་་་