བཙན་བྱོལ་བོད་མིའི་སྒྲིག་འཛུགས་ནང་སྲིད་ལས་ཁུངས་ཀྱིས་སྤིར་ནང་ཆེན་གཞིས་སུ་ས་ཆ་ཨེ་ཀ་གཉིས་ཉོས་ཡོད་པ་དང་། མི་འགྱངས་བར་ས་ཆ་དེ་བོད་ནས་ཡོང་བའི་དཀའ་ངལ་ཅན་གྱི་ཁྱིམ་ཚང་ ༧༢ ནས་ ༧༥ ཙམ་ལ་བགོ་བཤའ་རྒྱག་རྒྱུ་ཡིན་འདུག
འདས་ལོར་བོད་མིའི་སྒྲིག་འཛུགས་ནང་སྲིད་ལས་ཁུངས་ནས་སྤིར་ནང་ཆེན་གཞིས་ཆགས་སུ། བོད་ནས་ཡོང་བའི་སྡོད་གནས་དཀའ་ངལ་ཅན་ཚོར་ཧིན་སྒོར་འབུམ་ ༡༢༥ ཙམ་གྱིས་ས་ཆ་ཉོས་ཡོད་པ་ལྟར། མི་འགྱངས་བར་ས་ཆ་དེ་ཁྱིམ་ཚང་ ༧༢ ལྷག་ལ་བགོ་བཤའ་བརྒྱབ་སྟེ། ནང་སྲིད་ཀྱི་རོགས་རམ་འོག་སྒེར་སོ་སོ་ནས་ས་ཁྱོན་ལྟར་ཁང་པ་རྒྱག་འཆར་ཡོད་པ་དང་། གཞན། དགུ་བཅུ་གསུམ་ལས་འགུལ་ཚོགས་པའི་ཉེ་འཁྲིས་ཀྱི་ལག་རྩེད་སྤོ་ལོ་ཐང་དུ་ཆབ་སྲིད་བཙོན་ཟུར་ཚོར་སྡོད་ཁང་རྒྱག་བཞིན་པ་འདི་ལོའི་ཕྱི་ཟླ་ ༩ པ་ཙམ་ལ་འགྲུབ་འཆར་ཡོད་འདུག
གསར་འགོད་པས་བོད་མིའི་སྒྲིག་འཛུགས་ནང་སྲིད་དྲུང་ཆེ་འཁོར་ལྷ་ཚང་བསོད་ནམས་སྟོབས་རྒྱལ་ལགས་སུ། སྤིར་ས་གནས་ཀྱི་ལས་གཞི་དེ་ག་དུས་ནས་མགོ་བཙུགས་པ་དང་ད་ལྟ་གནས་སྟངས་ག་འདྲ་ཆགས་ཡོད་མེད་བཀའ་འདྲི་ཞུས་པར་ཁོང་གིས་ངོ་སྤྲོད་གནང་དོན། བོད་ནས་གསར་དུ་འབྱོར་བ་ཚོར་སྤྱི་ཡོངས་ནས་སྡོད་སའི་ཐོག་དཀའ་ངལ་ཆེན་པོ་འཕྲད་ཀྱི་ཡོད་པ་ལྟར། དེ་སྔོན་སྲིད་སྐྱོང་མཆོག་རྒྱ་གར་བྱང་ཤར་ཁུལ་དུ་ཕེབས་སྐབས་སྤིར་ཁུལ་གྱི་དཀའ་ངལ་ཡོད་པའི་ཁྱིམ་ཚང་ ༧༢ ནས་ ༧༥ ཙམ་གྱིས་ཁོ་རང་ཚོའི་བདེ་སྡུག་ཞུས་འདུག་ལ། དེ་བཞིན་ནང་སྲིད་བཀའ་བློན་མཆོག་ལའང་སྔ་རྗེས་སུ་བདེ་སྡུག་ཐེངས་མང་ཞུས་ཡོད་པ་རེད། གཞུང་གི་དགོངས་པའི་ནང་སྤིར་ཙམ་མ་ཡིན་པར་བོད་ནས་འབྱོར་བའི་འགྲོ་ས་སྡོད་ས་མེད་མཁན་ཚང་མར་གཟིགས་རྟོག་གནང་རྒྱུའི་འཆར་གཞི་ཡོད་ཀྱང་། འཆར་གཞི་དེ་ག་ཚོད་ལག་ལེན་བསྟར་ཐུབ་མིན་དངུལ་ལ་ཐུག་ཡོད་སྟབས། ད་ལྟའི་བར་དངུལ་གྱི་མཐུན་རྐྱེན་མ་ཚང་བ་དང་ས་ཆ་མ་རག་པར་ལྷག་པ་རེད། ན་ནིང་ང་ཚོས་ཁྱོན་ཧིན་སྒོར་འབུམ་ ༡༢༥ ཙམ་སྤྲད་དེ་ས་ཁྱོན་ཨེ་ཀ་ ༢ ཉོ་ཐུབ་ཡོད་པ་རེད། ཅེས་གསུངས་བྱུང་།
ཁོང་གིས་མུ་མཐུད་དུ་གསུངས་དོན། ཐོག་མའི་འཆར་གཞི་ལྟར་ན་ས་ཆ་ཉོས་པ་ཙམ་མ་ཡིན་པར་འཛུགས་སྐྲུན་ཏོག་ཙམ་ཐུབ་ན་བསམ་ཡོད་ཀྱང་། དངུལ་གྱིས་མ་འདང་བའི་དབང་གིས་ས་ཆ་ཁྱིམ་ཚང་སོ་སོར་བགོ་བཤའ་བརྒྱབ་ནས་ཁང་པ་སོ་སོས་རྒྱག་དགོས་ཀྱི་ཡོད་པ་རེད། ཡིན་ནའང་། ཁང་པ་རྒྱག་པར་ང་ཚོས་འགྲོ་སོང་ཕྲན་བུ་རེ་གཏོང་ཐུབ་པའི་རེ་བ་རྒྱག་གི་ཡོད། རབ་བྱུང་ན་ལས་གཞི་འདི་ད་ལོའི་ཕྱི་ཟླ་ ༣ པའི་ནང་ཁྱིམ་ཚང་སོ་སོར་ས་ཆ་བགོ་བཤའ་རྒྱག་ཐུབ་པའི་རེ་བ་རྒྱག་གི་ཡོད། ཅེས་བརྗོད་བྱུང་།
ཡང་ཁོང་ལ་ལས་གཞི་དེའི་ནང་ཁྱིམ་ཚང་འདེམས་སྒྲུག་ག་འདྲ་གནང་ཡོད་བཀའ་འདྲི་ཞུས་པར་ཁོང་གིས། སྤིར་ཁུལ་དུ་སྤིར་བོད་ཚོགས་དང་ནང་ཆེན་གཞིས་ཆགས། སྡེ་དགེ་གཞིས་ཆགས་བཅས་གཞིས་ཆགས་ཁག་གསུམ་ཡོད་པ་རེད། གཞིས་ཆགས་ཁག་སོ་སོའི་ནང་ནས་དཀའ་ངལ་ཅན་ག་འདྲ་འདེམས་སྒྲུག་བྱས་ཡོད་ཤེས་ཀྱི་མེད། གང་ལྟར་བོད་ནས་འབྱོར་བ་ཚོས་དང་པོར་གཞིས་ཆགས་ནང་ཁང་པ་གླས་ནས་བསྡད་པ་དང་། རིམ་གྱིས་གཞིས་ཆགས་ཀྱི་ནང་མི་ཚོ་ཕྱི་རྒྱལ་ལ་འགྲོ་སྐབས་ཁང་པ་རྩིས་སྤྲོད་དགོས་ཁེལ་བ། དེ་བཞིན་རྒྱ་གར་གྱི་ཁང་པ་གླས་ན་ཡང་ཁང་གླ་ཆེན་པོ་ཡིན་པ་སོགས་ཀྱི་དཀའ་ངལ་འཕྲད་ཀྱི་ཡོད། ང་ཚོའི་ངོས་ནས་ས་ཆ་ཉོ་རྒྱུའང་སྤིར་ལ་སྟབས་བདེ་པོ་འདྲ་ཆགས་ཡོད་སྟབས། ལས་གཞི་འདི་ས་གནས་དེར་མགོ་བཙུགས་པ་རེད། ཅེས་གསུངས་བྱུང་།
མ་འོངས་པར་ཁྱིམ་ཚང་དེ་ཚོ་ཕྱི་རྒྱལ་དུ་ཕྱིན་པ་ཡིན་ན་ས་ཆ་དང་ཁང་པ་སུ་ལ་བདག་དགོས་མིན་དོགས་འདྲི་ཞུས་པར། ཁོང་གིས། གཞིས་ཆགས་ཀྱི་ཐོབ་ཁོངས་རང་གི་ཐོག་ནས་ཁོ་རང་ཚོ་ག་ཚོད་གནས་སྡོད་བྱས་པའི་བར་དུ་ས་ཆ་དང་ཁང་པ་ཁོ་རང་ཚོར་བདག་གི་ཡོད་པ་རེད། ཡིན་ནའང་། མ་འོངས་པར་ནང་མི་ཚང་མ་ཕྱི་རྒྱལ་དུ་ཕྱིན་པ་ལྟ་བུ་བྱུང་ན། ཁང་པ་དེ་ཁོ་རང་ཚོས་བརྒྱབ་པ་ཡིན་སྟབས་སོ་སོ་འགྲོ་སྐབས་བོད་པ་ནང་ཁུལ་གྱི་སུ་ལ་སྤྲད་ནའང་ང་ཚོས་དམིགས་བསལ་དགག་བྱ་བྱེད་པའི་གནས་སྟངས་ཆགས་མེད་ཀྱང་། ས་ཆའི་རིན་འབབ་ཕྲན་བུ་ཚུར་ལེན་དགོས་ཁེལ་རྒྱུ་རེད་བསམ་གྱི་འདུག གང་ཡིན་ཟེར་ན། ཁོ་ཚོར་སོ་སོའི་གཞུང་གིས་ཐོབ་ཐང་སྤྲད་བཞག་པ་དེ་ལས་ཀྱང་ཡག་པོ་ཞིག་རག་གི་ཡོད་པ་རེད། གནས་ཚུལ་འདི་དག་སྐོར་ལ་ནང་སྲིད་ལས་ཁུངས་ངོས་ནས་སྒྲིག་གཞི་ཞིག་གཏན་འབེབས་གནང་དགོས་པ་རེད་དྲན་གྱི་འདུག ཅེས་གསུངས་བྱུང་།
ཡང་ཁོང་གིས་ནང་སྲིད་ལས་ཁུངས་ནས་བཙན་བྱོལ་བོད་མིའི་གཞིས་སྒར་གཞན་དག་ནང་ཡོད་པའི་བོད་ནས་འབྱོར་བའི་དཀའ་ངལ་ཅན་ཚོ་ལའང་དཀའ་ངལ་སེལ་ཐབས་གནང་པའི་འཆར་གཞི་ཡོད་སྐོར་གསུངས་དོན། བར་ལམ་ང་ཚོས་གཞིས་ཆགས་ཁག་གི་ལས་ཁུངས་ཚང་མར་ཡི་གེ་བཏང་སྟེ། ས་གནས་སུ་འགྲོ་ས་སྡོད་ས་མེད་པའི་མི་ག་ཚོད་ཡོད་མེད་ཀྱི་གྲངས་འབོར་གཏོང་རོགས་ཞེས་མངགས་ཡོད་སྟབས། དེ་ཚོ་འབྱོར་སོང་ན་ང་ཚོས་རིམ་གྱིས་དཀའ་ངལ་སེལ་ཐུབ་པའི་འབད་བརྩོན་བྱ་རྒྱུ་ཡིན། ཡིན་ནའང་། མ་འོངས་པར་བསྒྲུབ་ཐུབ་དང་མི་ཐུབ་ཟེར་བ་དེ་གནས་སྟངས་མང་པོ་ཞིག་ལ་རག་ལས་ཡོད། ང་ཚོ་ནང་སྲིད་ལས་ཁུངས་ཀྱིས་དགོངས་པ་གཉིས་པ་ཞིག་ག་རེ་བཞེས་ཀྱི་ཡོད་ཟེར་ན། གཞིས་ཆགས་ཁག་གི་མི་མང་པོ་ཕྱི་རྒྱལ་དུ་ཕྱིན་ཏེ། གཞིས་ཆགས་ཀྱི་ཁང་པ་དང་ས་ཆ་གང་ལ་གང་འཚམ་ཞིག་ལྷག་ཡོང་གི་ཡོད་སྟབས། བོད་ནས་གསར་དུ་འབྱོར་བའི་དཀའ་ངལ་ཅན་ཚོར་མཁོ་སྤྲོད་ཐུབ་པའི་འཆར་གཞི་ཞིག་སྒྲིག་གི་ཡོད། བསྟན་ འཛིན་སྒང་དང་མེའོ་སོགས་གཞིས་ཆགས་ཁག་ནས་ས་ཁང་གང་འཚམ་སྟོང་པར་ལྷག་ཡོད་པ་དེ་ ཚོ་སྟོང་པར་མ་བཞག་པར་བོད་ནས་འབྱོར་བ་ཚོར་སྤྲད་ན་འགྲིག་དང་མི་འགྲིག་བཀའ་ཤག་ ལ་སྙན་གསན་ཞུས་སྐབས། བསྟན་འཛིན་སྒང་སོགས་རྒྱ་གར་བྱང་ཤར་ཁུལ་དུ་ཡོད་པའི་གཞིས་ཆགས་ཁག་གི་ས་ཁང་སྤྲད་ན་འགྲིག་གི་རེད། ཡིན་ནའང་དེ་མིན་གྱི་གཞིས་ཆགས་ཁག་གི་ས་ཁང་ཐད་བསྐྱར་དུ་བཀའ་བསྡུར་གནང་དགོས་པའི་བཀའ་ཕེབས་སོང་། ཞེས་གསུངས་བྱུང་།
གཞན། དགུ་བཅུ་གསུམ་ལས་འགུལ་ཚོགས་པའི་ཉེ་འགྲམ་གྱི་ལག་རྩེད་སྤོ་ལོ་ཐང་དུ། ཆབ་སྲིད་བཙོན་པ་ཚོར་བཞུགས་གནས་ཁང་རྩེག་ཅིག་རྒྱག་གི་ཡོད་པ་དེའི་སྐོར་བཀའ་འདྲི་ཞུས་པར། ཁོང་གིས། བོད་ནང་དངོས་གནས་དྲང་གནས་ཆབ་སྲིད་ཀྱི་ལས་དོན་ཤུགས་ཆེན་པོ་གནང་བའི་རྐྱེན་ གྱིས་བོད་ནང་གནས་མ་ཐུབ་པར་རྒྱ་གར་ནང་བཙན་བྱོལ་དུ་ཡོང་བ་དང་། འདིར་ཡོང་སྟེ་ཡང་དཀའ་ངལ་འཕྲད་བསྡད་པ་དེ་ཚོར་༧གོང་ས་མཆོག་ནས་ཀྱང་དམིགས་བསལ་གཟིགས་རྟོག་གནང་ཐུབ་དགོས་པའི་དགོངས་གཞི་ཡོད་པ་ལྟར། བཀའ་ཤག་གིས་བཀའ་མངགས་གནང་སྟེ་ནང་སྲིད་ཀྱིས་ལས་གཞི་འདི་མགོ་བརྩམས་པ་རེད། ལས་གཞི་འདིར་ཐོག་མར་ས་ཆ་མ་རག་པའི་དཀའ་ངལ་མང་པོ་འཕྲད་སོང་། ཕྱིས་སུ་ས་ཆ་རག་པ་དང་མཉམ་དུ་དངུལ་ཡང་ཕྲན་བུ་ཞིག་རག་པ་རེད། ཡུན་ རིང་པོ་ནས་ཅིག་བྱ་རྒྱུ་ཡིན་ཟེར་ནས་ལྷག་བསྡད་པ་ལས་དངུལ་གང་ཡོད་པ་དེས་ལས་མགོ་ བཙུགས་བཞག་ན་ཡག་པོ་ཡོད་སྟབས། ད་ལྟའི་ཆར་འབུམ་ ༧༠ ལྷག་གིས་ཁང་པ་ ༡༦ ཡོད་པའི་ཐོག་རྩེག་གཉིས་ཅན་ཞིག་རྒྱག་བཞིན་ཡོད་ལ། རྩ་བའི་ས་ཆ་དེའི་ཐོག་ཁང་རྩེག་བཞི་རྒྱག་པའི་རྩིག་གདན་བཞག་ཡོད་པ་རེད། གང་ལྟར་འདི་ལོའི་ཕྱི་ཟླ་བརྒྱད་པ་དགུ་པའི་ནང་ཁང་པ་དེ་དག་རྒྱན་རྒྱག་པའི་འཆར་གཞི་ཡོད། སྐབས་དེར་ཆབ་སྲིད་བཙོན་ཟུར་སུ་ལ་གནང་དགོས་མིན་དེ་བདེ་སྲུང་ལས་ཁུངས་ཀྱིས་ དགོངས་པ་བཞེས་དགོས་པ་ཞིག་ཆགས་ཀྱི་ཡོད་པ་རེད་བསམ་གྱི་འདུག ཅེས་གསུངས་བྱུང་།
གསར་འགོད་པ། པདྨ་མཚོ།
སྲིད་སྐྱོང་མཆོག་གིས་བཀའ་བློན་ལ་མི་སྣ་འཇོག་སྟངས་མ་ནོར་ན་འདི་འདྲ་རེད། ལྷ་ལྕམ་རྒྱ་རི་སྒྲོལ་མ་སྔོན་ཆད་ནས་ནང་སྲིད་བཀའ་བློན་ལ་བཞུགས་ཡོད་ན་གསར་འབྱོར་ཚོ་ལའང་ཉི་མ་འདི་སྔ་སེ་ནས་ཤར་ཡོད་པའི་ཡིད་ཆེས་ཡོད། ད་དུང་འདི་འདྲ་བའི་གཏམ་བཟང་གང་མང་མང་།
དུས་བབ་ཚང་གིས་གསར་འགྱུར་གལ་ཆེན་རང་རོགས་ཚང་མས་ཧ་གོ་དགོས་པའི་གནས་ཚུལ་འདི་རིགས་སྤེལ་བཞིན་པར་ཐུགས་རྗེ་ཆེ་ཞུ་བ་དང་མཉམ་དུ། ནང་སྲིད་ལས་ཁུངས་ཀྱི་ལས་གཞི་དེ་ཧ་ཅང་ཕྱི་དྲག་པའི་ཚོར་སྣང་བྱུང་། འདི་ལྟ་བུའི་ལས་གཞི་ལོ་མང་སྔོན་ནས་སྤེལ་ཡོད་ན། དེང་སང་བོད་མིའིསྒྲིག་འཛུགས་ནས་བཟུང་ཚོགས་སྡེ་ཁག་ཏུ་མི་མ་རག་པའི་མུ་གེ་བྱུང་ངེས་མ་རེད། གང་ལྟར་ལས་གཞི་འདི་མགོ་བཙུགས་བཞག་པ་ཙམ་གྱིས་བཀྲ་ཤིས་བདེ་ལེགས་དང་། མ་འོངས་པར་ས་ཆ་དེའི་ཐོག་དཀའ་ངལ་ཅན་གྱི་ཁྱིམ་ཚང་ཚོས་རང་ངོས་ནས་ཁང་པ་རྒྱག་ཐུབ་པར་སྨོན་ལམ་འདེབས།
བོད་གཞུང་དང་ལྷག་དོན་དུ་ནང་སྲིད་ལས་ཁུངས་ཀྱི་འབྲེལ་ཡོད་ཚང་མར་ཐུགས་རྗེ་ཆེ། རིམ་གྱིས་བཙན་བྱོལ་བོད་མིའི་ས་གནས་གཞན་དག་ནང་གི་བོད་མི་ཚོས་ཀྱང་རྒྱ་གར་ཁང་པ་གླས་ཏེ་སྡོད་མི་དགོས་པའི་ཐབས་ལམ་ཞིག་ལ་དགོངས་པ་ཆེ་བཞེས་གནང་རོགས།
དུས་བབ་ཚང་གི་གསར་འགྱུར་གྱི་སྤུས་ཚད་བལྟས་བལྟས་རིག་རིག་ལ་ཡར་རྒྱས་འགྲོ་སོང་། མ་གཞི་ང་གསར་འགྱུར་རིགས་ལ་དེ་ཙམ་དགའ་བོ་མེད། ཡིན་ནའང་དུས་བབ་ཚང་གི་གསར་འགྱུར་ཁ་ཤས་ཀློག་པ་ནས་བཟུང་གསར་འགྱུར་མང་པོ་ཀློག་ཉེ་བྲོ་བ་ཞིག་ཆགས་སོང་བ་མ་ཟད། གནས་ཚུལ་ཡང་མང་པོ་ཞིག་གི་གནད་འགག་ཧ་གོ་བ་ཆགས་སོང་བས་གསར་འགོད་པ་རྣམ་པ་རྗེས་སུ་ཡིད་རངས་ཞུ་བཞིན་ཡོད།
ད་འཕྱི་སོང་བ་རེད་་་་གསར་འབྱོར་མང་དུས་དང་་དཀའ་ངལ་ཆེ་དུས་བོད་གཞུང་གིས་སྐད་ཆ་གཅིག་ཀྱང་བཤད་མ་སོང་་་་དེར་བརྟེན་སྐབས་དེར་མི་མང་པོ་ཞིག་དཀའ་ངལ་གྱི་དབང་གིས་ཕྱིར་ཕ་ཡུལ་ལ་བྱིན་པ་རེད་་་ད་ཡོད་རྣམས་རང་མགོ་ཐོན་ཙམ་འདུག་དུས་གཞི་ནས་གསར་འབྱོར་ཚོར་རོགས་པ་ཞེས་མང་སྙན་པོ་ཞིག་བསྒྲགས་པ་འདི་ཡ་མཚན་རེད་་་་་་ཕྱི་རྒྱལ་ལ་གཏོང་རྒྱུའི་གོ་སྐབས་ཤིག་ཡོད་ན་ད་དུང་གསར་འབྱོར་ཚོར་གོ་སྐབས་དེ་རེག་གི་མ་རེད་་་་ལོ་བཅུ་གྲངས་ཤིག་གི་རྗེས་ནས་གསར་འབྱོར་ཚོ་གཞི་ནས་ཕྱི་རྒྱལ་ལ་གཏོང་རྒྱུའི་གྲས་སུ་སླེབས་ཐུབ་པའི་རེ་བ་ཡོད་་་་་གང་ལྟར་ཡོད་ཚད་ཆབ་སྲིད་ཟེར་བའི་མིང་དེའི་འོག་ཏུ་ཡོད་པས་སྐབས་སྐབས་སུ་དགོས་དབང་གིས་གསར་འབྱོར་ཚོར་ཡང་ཁེ་བཟང་རེ་རེག་པའི་རེ་བ་འདུག་་་་་སྤྱི་ཚོགས་ལ་ཆ་སྙོམས་མེད་པས་ཡོད་ཚད་ཀླད་པའི་འཁྱུག་རྩལ་ལ་རག་ལས་འདུག
བོད་མིའི་སྒྲིག་འཛུགས་ཀྱི་ས་ཆ་ཉོ་བ་དང་། དྲྭ་འབུ་ཚོས་ཚང་ཁང་ནས་ཡེ་རྩི་སོ་སྨན་ཉོ་སྟངས་དང་གཅིག་པ་ག་ལ་ཡིན།དེ་ལས་རྡ་ས་དང་ལྡི་ལིར་ས་ཆ་ཡག་པོ་ཡོད་པ་དང་། གསར་འབྱོར་འཁོར་ས་ཡིན་པ། དཀའ་ངལ་སེལ་འདོད་མེད་པ་ག་ལ་ཡིན་་ཧི་ཧི་ཧི་་་་
ངོ་མ་ལས་དོན་བཟང་པོ་དེ་བྱ་བ་ལམ་འགྲོ་ཡོང་བ་སྨོན།
མི་ངན་རེ་གཟུང་སོ་སོར་ལ་རིན་མེད་ཁང་པ་གཅིག་མ་སྤྲོད་བར་ཡས་འགྲི་གི་མི་འདུག་མས་འགྲི་གི་མི་འདུག་ཟེར་ནས་སྡུག་སྐད་ཡོད་ཡོད་པ་རེད། ་
དྲ་གྲོགས་ཨོ་བརྒྱན་གྱི་གསུངས་པར་མོས་མཐུན་ཡོད། སྤིར་གཞིས་ཆགས་ནང་གསར་འབྱོར་ཚོར་ཁང་པ་ཚོར་སྡོད་ཁང་རྒྱག་གི་ཡོད་ཟེར་བ་དེ་མིང་གསར་འབྱོར་ལ་ཁ་གཡར་ནས་ལས་ཀ་གཞན་པ་ཞིག་བྱེད་ཀྱིན་ཡོད་པ་རེད། བཙན་བྱོལ་ནས་ནས་སྒང་ནས་མར་རྩིས་ནས་གསར་འབྱོར་མང་ཤོས་ཡོད་ས་རྡ་རམ་ས་ལ་རེད། དེ་ནས་རྒྱ་གར་ལྡི་ལི་ཡིན་རྒྱུ་རེད། དེ་རྗེས་ལ་བལ་ཡུལ་ཡིན་ཤས་ཆེ། སྤིར་དེ་བོད་ནས་གསར་འབྱོར་བ་སྡོད་ས་ཞིག་རྩ་བ་ནས་མ་རེད་ང་ས་ཆ་དེ་ནས་ཧ་ལམ་ལོ་དྲུག་ལྷག་བསྡད་ཡིན། གསར་འབྱོར་བ་ཁ་ཤས་ཡོད་རེད་ཁོང་ཚོ་ཚོང་ཁང་ཟ་ཁང་འཛིན་མཁན་དངུལ་གང་ལ་གང་འཚམས་ཡོད་མཁན་དག་རེད། དེ་ནས་གྲྭ་བ་ལོག་མཁན་དང་སློབ་གྲྭ་ཁོངས་མ་འཁྱོལ་མཁན་རེ་ཟུང་ཡོད་རེད། ཁོང་ཚོ་རྒྱུན་རིང་པོར་ཁྱོན་ནས་སྡོད་ཀྱི་ཡདོ་མ་རེད།
ལྷ་ལྕམ་རྒྱ་རི་སྒྲོལ་མ་ལགས་ལ་ཐུགས་རྗེ་ཆེ།
ཡག་མོ་སྒོ་སྒྲོལ་མའི་ཞལ་རས་ཡིན།།
སེམས་བསམ་པ་སྒྲོལ་མའི་བྱམས་བརྩེ་ཡིན།།
འཇོན་ལྷག་བསམ་སྒྲོལ་མའི་འཕྲིན་ལས་ཡིན།།
མ་སྒྲོལ་མའི་སྐུ་ཚེ་བརྟན་པར་ཤོག།
་་་་་་་་ ས་ཆའི་རིན་འབབ་ཕྲན་བུ་ཚུར་ལེན་དགོས་ཁེལ་རྒྱུ་རེད་བསམ་གྱི་འདུག གང་ཡིན་ཟེར་ན། ཁོ་ཚོར་སོ་སོའི་གཞུང་གིས་ཐོབ་ཐང་སྤྲད་བཞག་པ་དེ་ལས་ཀྱང་ཡག་པོ་ཞིག་རག་གི་ཡོད་པ་རེད། གནས་ཚུལ་འདི་དག་སྐོར་ལ་ནང་སྲིད་ལས་ཁུངས་ངོས་ནས་སྒྲིག་གཞི་ཞིག་གཏན་འབེབས་གནང་དགོས་པ་རེད་དྲན་གྱི་འདུག ་་་་་་་་་
བོད་གཞུང་གིས་གསར་འབྱོར་ཚོར་ཁང་པ་བརྒྱབ་པ་ཐུགས་རྗེ་ཤིན་ཏུ་ཆེ། ཁང་པ་འདི་དག་རྡ་རམ་ས་ལ་དང་ལྡི་ལིར་བརྒྱབ་ཡོད་ན་ཅི་མ་རུང་། གསར་འབྱོར་བ་མང་ཤོས་རྡ་རམ་ས་ལ་དང་ལྡི་ལི་རྒྱ་གར་ལྷོ་ཕྱོགས་སོགས་སུ་ཡོད་རེད།