རྒྱ་གར་དབུས་གཞུང་གིས་༧་གོང་ས་མཆོག་དང་རྒྱལ་བ་ཀརྨ་པ་རྣམ་གཉིས་ཀྱི་བདེ་སྲུང་འགྲོ་གྲོན་ཆ་ཚང་གཏོང་དགོས་པའི་འབོད་སྐུལ་ཞུས།
ཁ་སང་རྒྱ་གར་དུས་བབ་དྲ་ཚིགས་སྟེང་གནས་ཚུལ་སྤེལ་བ་ལྟར་ན། རེས་གཟའ་ལྷག་པའི་ཉིན། རྒྱ་གར་རྒྱལ་ས་ལྡི་ལི་གསར་པར་རྒྱ་གར་རྒྱལ་ཡོངས་མངའ་སྡེ་ཁག་གི་སྲིད་སྐྱོང་ཚོའི་ཚོགས་འདུ་ཞིག་ཚོགས་ཡོད་ཅིང་། སྐབས་དེར་ཧི་མ་ཅཱལ་མངའ་སྡེའི་སྲིད་སྐྱོང་ཀཱལ་ཡན་སིང་(Kalyan Sigh) ལགས་ཀྱིས། ༧གོང་ས་ཏཱ་ལའི་བླ་མ་མཆོག་དང་རྒྱལ་བ་ཀརྨ་པ་རྣམ་གཉིས་ཀྱི་བདེ་སྲུང་འགྲོ་གྲོན་ཆ་ཚང་རྒྱ་གར་དབུས་གཞུང་གིས་གཏོང་དགོས་པའི་འབོད་སྐུལ་ཞུས་པ་དང་འབྲེལ་ཏེ། མ་འོངས་པར་འགྲོ་སོང་དེ་དག་དབུས་གཞུང་གིས་བཏང་བ་ཡིན་ན། མངའ་སྡེ་གཞུང་གི་ཉེན་རྟོག་ཕྱོགས་ཀྱི་འགྲོ་སོང་མང་པོ་ཞིག་སྲི་ཚགས་ཀྱིས་ཉེན་རྟོག་པའི་ལས་དོན་གཞན་དག་ཐོག་གཏོང་ཐུབ་པ་ཡིན་ན། མངའ་སྡེའི་ཉེན་རྟོག་པའི་ནུས་པ་མཐོར་འདེགས་གཏོང་ཐུབ་སྐོར་བརྗོད་ཡོད་འདུག
གཞན། ཧི་མ་ཅལ་དང་ལ་དྭགས་རྒྱལ་ས་སླེ་གཉིས་བར་མེ་འཁོར་ལྕགས་ལམ་འཛུགས་སྐྲུན་བྱེད་དགོས་པའི་འབོད་སྐུལ་ཞུས་ཡོད་པ་དང་། ཁོང་གིས་བཤད་རྒྱུར། ཧི་མ་ཅལ་མངའ་སྡེ་འདིས་དཀའ་ངལ་མང་པོ་ཞིག་ལ་གདོང་ལེན་བྱེད་བཞིན་ཡོད་པའི་ཁྲོད། རྒྱ་གར་བྱང་ཤར་མཐའ་མཚམས་ཁག་ཅིག་རྒྱ་ནག་དང་མཉམ་སྤྱོད་བྱེད་བཞིན་ཡོད་པ་དང་། ཇ་མུ་(Jammu)དང་ཀ་ཤི་མི་རེ་ (Kashmir)ནང་དུ་དམག་དཔུང་གི་ལས་དོན་མང་པོ་ཞིག་རྩོམ་དགོས་པ། དེ་བཞིན། ས་ཁུལ་དེ་དག་ཏུ་ཡུལ་སྐོར་སྤྲོ་འཆམ་པའི་འདུ་འཛོམས་ཆེ་བ་དང་། ས་བབས་ཡག་པོ་མེད་པ། རང་བྱུང་གི་ཉེན་ཁ་མང་བ་བཅས་ལ་བརྟེན་ཏེ། ཧ་མ་ཅཱལ་གྱི་མཐའ་མཚམས་ས་ཁུལ་ཁག་ཡར་རྒྱས་གཏོང་རྒྱུའི་ལས་དོན་ཐད། དབུས་གཞུང་གིས་མ་དངུལ་གྱི་རོགས་སྐྱོར་གནང་དགོས་པའི་འབོད་སྐུལ་ཞུས་ཏེ། མ་འོངས་པར་ཧ་མ་ཅཱལ་མཐའ་མཚམས་འཛུགས་སྐྲུན་དང་ཉེན་སྲུང་ལས་དོན་སོགས་ཡར་རྒྱས་གཏོང་དགོས་རྒྱུ་གལ་ཆེན་ཡིན་སྐོར་དབུས་གཞུང་ལ་ཞུས་ཡོད་འདུག