དེ་རིང་རྩོམ་པ་པོ་མཱེ་གྷལ་བྷག་ལེ་ལགས་ཀྱིས་དཔེ་དེབ་ཀྱི་ངོ་སྤྲོད་གཏམ་བཤད་སྤེལ་སྐབས་ཁོང་གིས་བོད་ཀྱི་ཆུ་བོ་ནི་ཨེ་ཤ་ཡའི་མི་འབོར་ཐེར་འབུམ་ ༢ ལྷག་གི་འཚོ་བའི་རྟེན་གཞི་ཆགས་ཡོད་ཟེར།
དེ་རིང་ཕྱི་དྲོའི་ཆུ་ཚོད་ ༤།༠༠ ཐོག་གངས་སྐྱིད་གཉའ་ཁྲི་ཚོགས་ཁང་དུ། བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་གོ་སྒྲིག་འོག ཕྱི་གླིང་བ་མཱེ་གྷལ་བྷག་ལེ་(Michael Buckley) ལགས་ཀྱིས་ཁོང་གི་དེབ་“བཞུར་བཞིན་པའི་བོད” (Meltdown in Tibet) ཅེས་པའི་བརྗོད་དོན་སྐོར་ལ་ངོ་སྤྲོད་གཏམ་བཤད་ཅིག་བྱས་སོང་ལ། དེར་བོད་མིའི་སྒྲིག་འཛུགས་སྲིད་ཇུས་ཉམས་ཞིབ་ཁང་གི་འགན་འཛིན་དང་ཕྱི་འབྲེལ་དྲུང་ཆེ་གཙོས། བོད་མིའི་སྒྲིག་འཛུགས་ཀྱི་སྲི་ཞུ་ལས་བྱེད་ཁག་ཅིག་འཛོམས་སོང་།
བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་འགན་འཛིན་ཐུབ་བསྟན་བསམ་འཕེལ་ལགས་ཀྱིས་རྩོམ་པ་པོ་མཱེ་གྷལ་བྷག་ལེ་ལགས་ཀྱིས་སྔོན་ཆད་བོད་དོན་ཐོག་ལས་ཀ་གང་བྱས་ཡོད་མེད་ཐད་ངོ་སྤྲོད་གཏམ་བཤད་གནང་རྗེས། མཱེ་གྷལ་བྷག་ལེ་ལགས་ཀྱིས་ནུབ་ཕྱོགས་པ་ཉུལ་ཞིབ་བྱེད་མཁན་ཚོས་བོད་ཀྱི་ས་ཁྲ་གང་འདྲ་བྱས་ནས་བྲིས་ཡོད་མེད་ཐད་བརྗོད་དོན། སྔོན་མ་བོད་ནང་ཕྱི་རྒྱལ་གྱི་མི་རིགས་གཏོང་གི་མེད་སྟབས། དབྱིན་ཇི་བ་ཉུལ་ཞིབ་བྱེད་མཁན་ཞིག་གིས་རྒྱ་གར་བ་བོད་དུ་གནས་སྐོར་ལ་འགྲོ་མཁན་ཞིག་གླས་ཏེ་བོད་དུ་མངག་པ་ལྟར། གནས་སྐོར་བ་དེ་བོད་ཀྱི་ས་ཁུལ་ནང་བསླེབས་ཏེ་གོམ་པ་བཅུའི་རྗེས་ནས་བཟུང་། མ་ཎི་བགྲང་བྱེད་ཀྱི་ཕྲེང་བ་ནས་ཕྲེང་དོག་རེ་རེ་གཡུགས་ཏེ་ལྷ་ས་བར་ལེ་དབར་ག་ཚོད་ཡོད་མེད་རྩིས་རྒྱག་གིན་ཕྱིན་ཡོད་པ་མ་ཟད། གསེར་གྱི་མཆོད་རྟེན་ཞིག་འཁྱེར་ཡོད་པའི་ནང་ཕྱོགས་སྟོན་འཁོར་ལོ་ཞིག་སྦས་ཡོད་པ་མ་ཟད། འཁར་རྒྱུག་ནང་ས་བབ་ཀྱི་མཐོ་ཚད་འཇལ་བྱེད་འཕྲུལ་ཆས་ཤིག་བླུགས་ཡོད་པ་དང་། མ་ཎི་འཁོར་ལོའི་ནང་ཕྱོགས་སྟོན་འཁོར་ལོ་དང་ས་བབ་ཀྱི་མཐོ་ཚད་མཇལ་ཆས་ཀྱི་གནས་ཚུལ་མཁོ་སྒྲུབ་བྱས་པ་དག་ཐོ་འགོད་བྱས་ཏེ་ལོ་ ༢༠ ལྷག་མུ་མཐུད་བྱ་འགུལ་དེ་སྤེལ་ཡོད་ཀྱང་། སྐབས་དེར་ཡ་མཚན་པ་ཞིག་ལ་བོད་གཞུང་དང་བོད་མི་སུས་ཀྱང་གནས་ཚུལ་དེ་ཤེས་རྟོགས་ཐུབ་མེད།
༡༨༨༠ ལོར་དབྱིན་ཇི་བས་རྒྱ་གར་རྡོར་གླིང་ནས་འབྲི་ཀློག་གི་ཤེས་བྱ་གང་ཡང་མེད་པའི་སྐལ་སྟོབས་ཟེར་བ་ཞིག་བོད་ནང་འགྲོ་རུ་བཅུག་སྟེ་བོད་ཀྱི་གཙང་པོ་དག་ག་པར་རྒྱུག་གི་ཡོད་མེད་རྟོག་ཞིབ་བྱས་ཏེ། རྒྱ་གར་ནང་ཕྱིར་ལོག་བྱེད་མ་ཐུབ་ཚེ་གཙང་པོའི་ནང་ཤིང་དུམ་ ༥༠༠ གཡུགས་ཏེ་གཙང་པོའི་མཐུད་སྣེ་གཞན་དུ་ཡོད་མཁན་ཚོར་གཙང་པོ་དེ་ག་པར་རྒྱུག་གི་ཡོད་མེད་རྟོག་ཐུབ་པ་བཟོ་རྒྱུ་དེ་ཆགས་ཡོད་ཀྱང་། ཁོས་ལས་ཀ་དེ་ལོ་གསུམ་བྱས་རྗེས་ཁོ་ལ་ལམ་སྟོན་བྱེད་མཁན་གྱི་མི་དེ་གྲོངས་ཡོད་སྟབས། ལས་ཀ་དེ་མུ་མཐུད་མཇུག་སྐྱོང་མ་ཐུབ་པར་རྒྱ་གར་ནང་ཕྱིར་ལོག་བྱས་ཡོད་ཀྱང་། ཁོ་ལ་རྒྱལ་སྤྱིའི་ས་གཤིས་ཚོགས་པས་ལག་འཁྱེར་ཞིག་སྤྲད་པ་སོགས་ཀྱི་གནས་ཚུལ་བྱུང་ཡོད་ཀྱང་། ད་དུང་ང་ཚོས་ཁོ་སུ་ཡིན་མིན་ཤེས་ཀྱི་མེད། ཁོས་བོད་ཀྱི་གཙང་པོ་ལས་བྱུང་བའི་རྦབ་ཆུ་ཁག་ཅིག་མ་གཏོགས། གཙང་པོའི་བཞུར་ཡུལ་དང་འབྱུང་ཁུངས་སོགས་ཤེས་རྟོགས་ཐུབ་མེད་ཀྱང་། ནུབ་ཕྱོགས་པས་དེ་ནི་གསར་རྙེད་ཅིག་ཡིན་པར་ངོས་འཛིན་བྱེད་བཞིན་ཡོད། ཅེསབརྗོད་སོང་།
ཁོང་གིས་རྒྱ་ནག་གཞུང་གིས་བོད་ཀྱི་གཙང་པོ་དག་ལ་ཆུ་རགས་བརྒྱབ་ཏེ་རང་བྱུང་ཁོར་ཡུག་ལ་གཏོར་སྐྱོན་གཏོང་གི་ཡོད་སྐོར་བརྗོད་དོན། ཟླ་གཉིས་གོང་རྒྱ་ནག་གཞུང་གིས་ཡར་ཀླུང་གཙང་པོའི་ཐོག་ཆུ་རགས་ཆེ་ཆུང་ཁག་ ༥ རྒྱག་མགོ་བཙུགས་ཡོད་པ་དང་། མ་འོངས་པར་གཙང་པོ་དེ་དང་དེའི་ཆུ་ཕྲན་ཁག་ཐོག་ཆུ་རགས་ ༢༠ རྒྱག་རྒྱུའི་ཐག་གཅོད་བྱས་ཡོད་པ་མ་ཟད། རྒྱ་ནག་གཞུང་གིས་རྒྱལ་སྤྱིའི་ཆུ་བོའི་གྲོས་མཐུན་ལ་བརྩི་སྲུང་མ་བྱས་པར། རྨ་བྱ་ཁ་འབབ་དང་རྟ་མཆོག་ཁ་འབབ། སེང་གེ་ཁ་འབབ། གླང་ཆེན་ཁ་འབབ། རྨ་ཆུ་དང་འབྲི་ཆུ་སོགས་ཀྱི་གཙང་པོ་ཁ་བསྒྱུར་བ་དང་། དེ་ཚོའི་ཐོག་ཆུ་རགས་བརྒྱབ་པ་ཙམ་མ་ཟད། ཆུ་རགས་རྒྱག་མཁན་གྱི་ལས་མི་དག་རྒྱ་ནག་ནས་སྐད་བཏང་སྟེ་ཆུ་རགས་རྒྱག་བཞིན་བོད་ཀྱི་གཏེར་ཁ་སྔོག་འདོན་བྱས་ཏེ། རང་བྱུང་ཁོར་ཡུག་ལ་གནོད་སྐྱོན་ཤུགས་ཆེན་གཏོང་གི་ཡོད་པ་མ་ཟད། གལ་སྲིད་མ་འོངས་པར་ས་ཡོམ་བརྒྱབ་པ་སོགས་བྱས་ཚེ། གཞིས་ལུས་བོད་མི་དང་རྒྱ་གར་གཙོས་ཨེ་ཤ་ཡའི་ཡུལ་གྲུ་ཁག་ལ་གནོད་སྐྱོན་ཐེབས་རྒྱུ་རེད། ད་ལྟ་མིའི་བྱ་སྤྱོད་གྱིས་རྐྱེན་པས་རྒྱལ་སྤྱིའི་ཐོག་ཁོར་ཡུག་གཏོར་སྐྱོན་བྱུང་སྟེ། སོ་སོའི་ས་ཁུལ་ནང་སྡོད་མ་ཐུབ་པར་རྒྱལ་ཁབ་དང་ས་ཁུལ་གཞན་ནང་ཉེན་ཡོལ་འགྲོ་མཁན་ས་ཡ་ ༢ ལྷག་བྱུང་ཡོད་སྟབས། རྒྱ་ནག་གཞུང་གིས་ཤིང་ནགས་གཅོད་འབྲེག་དང་གཙང་པོ་ཁ་བསྒྱུར། ཆུ་རགས་བརྒྱབ་པ། འབྲོག་པར་བཙན་ཤེད་བྱས་ནས་གནས་སྤོ་བྱེད་བཅུག་པ་སོགས་བྱས་ཏེ། དཔལ་འབྱོར་མཁོ་སྒྲུབ་བྱ་རྒྱུའི་ལས་འགུལ་མུ་མཐུད་སྤེལ་ཚེ། མ་འོངས་པར་བོད་ཀྱི་སྣོད་བཅུད་རྟེན་འབྲེལ་གྱི་མ་ལག་ (Ecological system) འཐུས་ཀ་མ་ཚང་བ་ཆགས་ཏེ། འཛམ་གླིང་དང་ཨེ་ཤ་ཡའི་ཡུལ་གྲུ་ཁག་ནང་དཀའ་ངལ་འཕྲད་རྒྱུ་ཡིན། ཞེས་བརྗོད་སོང་།
མེ་གྷལ་བྷག་ལེ་ལགས་ཀྱིས་ཡར་འབྲོག་གཡུ་མཚོའི་འཁྲིས་སུ་གློག་ཁང་བརྒྱབ་ཡོད་པ་དང་འབྲེལ་བའི་ཐོག་བརྗོད་དོན། རྒྱ་ནག་གཞུང་གིས་བོད་མི་ཚོས་རྩ་ཆེར་འཛིན་པའི་བོད་ནང་གི་མཚོ་ཁོངས་ནས་ཡར་འབྲོག་གཡུ་མཚོའི་ཆུ་བེད་སྤྱད་དེ་གློག་ཁང་བརྒྱབ་ཡོད་པ་མ་ཟད། གཡུ་མཚོ་ནས་གློག་ཁང་ཆེད་ཆུ་བེད་སྤྱོད་བཏང་བ་དག་ཡར་ཀླུང་གཙང་པོར་འདྲེན་གྱི་ཡོད་པ་དང་། ཡང་ཡར་ཀླུང་གཙང་པོ་ནས་ཚུར་ཡར་འབྲོག་གཡུ་མཚོའི་ནང་ཆུ་གཏོང་གི་ཡོད་སྐོར་རྗོད་ཀྱིན་ཡོད་ཀྱང་། ཚན་རིག་ལྟར་ན་མཚོའི་ཆུ་དང་གཙང་པོའི་ཆུ་གཉིས་གཏན་ནས་མི་འདྲ་སྟབས། ངས་རྒྱ་ནག་གཞུང་གིས་ཁ་གཡར་ནས་མགོ་བསྐོར་གཏོང་གི་ཡོད་རེད་བསམ་གྱི་འདུག ལོ་ ༢༠ སྔོན་ལ་ངས་ཡར་འབྲོག་གཡུ་མཚོར་རྟོག་ཞིབ་བྱེད་པར་ཐེངས་འགར་འགྲོ་མྱོང་ཡོད་སྟབས། མཚོ་ཁུལ་དེའི་ཁོར་ཡུག་གཙང་བ་དང་། མཚོའི་ཆུ་སྔོ་ཞིང་དྭངས་བ་དག་ཡིན་ཡང་། ད་ལྟ་འབགས་བཙོག་བྱུང་སྟེ་འགྱུར་བ་ཆེན་པོ་ཐེབས་འདུག ཅེས་བརྗོད་སོང་།
མཇུག་ཏུ་ཁོང་གིས་དེབ་དེར་༼བཞུར་གྱིན་པའི་བོད༽ཞེས་བཏགས་དགོས་དོན་ཐད་བརྗོད་དོན། སྤྱིར་བཏང་ “བཞུར་གྱིན་པ“ཞེས་པར་དབྱིན་ཡིག་ནང་དོན་དག་མང་པོ་ཡོད་ཀྱང་། ངས་དེབ་དེའི་ནང་ད་ལྟ་བོད་ཀྱི་གངས་རི་དང་འཁྱགས་རོམ་དག་བཞུར་ཏེ། རང་བྱུང་ཁོར་ཡུག་ལ་གནོད་འཚེ་ཕོག་གི་ཡོད་པ་མ་ཟད། རྒྱ་ནག་གཞུང་གིས་བཙན་ཤེད་བྱས་ནས་འབྲོག་པ་གནས་སྤོ་བྱེད་བཅུག་པ་དང་། ཆུ་རགས་བརྒྱབ་པ་སོགས་བྱས་ཏེ། སྣོད་བཅུད་ཀྱི་རྟེན་འབྲེལ་ལ་དོ་ཕོག་གཏོང་གི་ཡོད་ཀྱང་། གཞུང་ཕྱོགས་ནས་གདོང་ལེན་གང་ཡང་བྱེད་ཀྱི་མེད་པའི་དངོས་བྱུང་གནས་ཚུལ་དག་ཞིབ་འགོད་བྱས་ཡོད། ཅེས་སོགས་བརྗོད་སོང་།
དེབ་དེའི་སྔོན་གླེང་ནང་གི་ (Why Tibet matters) ༼བོད་ག་རེ་བྱས་ནས་གནད་འགག་ཆགས་ཡོད༽ཅེས་པའི་ནང་རྩོམ་པ་པོས། “་བོད་མཐོ་སྒང་ནི་ལྷོ་ཤར་ཨེ་ཤ་ཡའི་ཆུ་བོའི་འབྱུང་ཁུངས་ཤིག་ཡིན་པ་མ་ཟད། བོད་ཀྱི་ཆུ་བོ་བརྒྱ་ཆ་ ༩༠ ཙམ་རྒྱ་ནག་དང་བྷེ་ཋེ་ནམ། ཀོམ་བྷོ་ཌི་ཡ། ལའོ་སེ། ཐའེ་ལན་ཌི། འབར་མ། རྒྱ་གར་དང་འབྲུག བལ་ཡུལ་བཅས་ནང་རྒྱུག་གི་ཡོད་པ་མ་ཟད། མི་ཐེར་འབུམ་ ༢ ལྷག་གིས་ཆུ་བོ་དེ་དག་ནས་འཐུང་ཆུ་དང་ཞིང་ཁ་འདེབས་ལས། ཉ་འཛིན་རྒྱུ་དང་བཟོ་གྲྭ་གསར་རྒྱག་སོགས་བྱས་ནས་འཚོ་བ་སྐྱེལ་བཞིན་ཡོད་སྟབས། ད་ལྟ་འཛམ་གླིང་ཐོག་ཆུ་བོ་ནི་རྡོ་སྣུམ་མིན་ཡང་མེད་དུ་མི་རུང་བའི་རང་བྱུང་ཐོན་ཁུངས་གལ་ཆེ་ཤོས་ཤིག་ཆགས་ཡོད། ད་ལྟ་བོད་ནང་ཁོར་ཡུག་དང་གནམ་གཤིས་འགྱུར་ལྡོག་ཤུགས་ཆེར་ཕྱིན་ཏེ། བོད་ཀྱི་འཁྱགས་རོམ་མུ་མཐུད་བཞུར་གྱིན་ཡོད་པ་མ་ཟད། མཚོ་དག་ཀྱང་སྐམ་པོ་ཆགས་ཀྱི་ཡོད་ཀྱང་། ད་དུང་རྒྱ་ནག་གཞུང་གིས་ཆུ་བོ་དག་ལ་ཆུ་རགས་བརྒྱབ་པ་དང་། གཏེར་ཁ་སྔོག་འདོན་བྱས་པ། རྩ་ཐང་དག་བྱེ་ཐང་དུ་འགྱུར་བ་སོགས་ཀྱི་ལས་འགུལ་མཚམས་འཇོག་བྱེད་ཀྱི་མེད“ཅེས་སོགས་བྲིས་འདུག
གསར་འགོད་པ། དོན་གྲུབ།
གནས་སྐོར་བ་དེ་བོད་ཀྱི་ས་ཁུལ་ནང་བསླེབས་ཏེ་གོམ་པ་བཅུའི་རྗེས་ནས་བཟུང་། མ་ཎི་བགྲང་བྱེད་ཀྱི་ཕྲེང་བ་ནས་<ཕྲེང་དོག་རེ་རེ་གཡུགས་ཏེ་ལྷ་ས་བར་ལེ་དབར་ག་ཚོད་ཡོད་མེད་རྩིས་རྒྱག་གིན་ཕྱིན་ཡོད་པ་མ་ཟད། གསེར་གྱི་མཆོད་རྟེན་ཞིག་འཁྱེར་ཡོད་པའི་ནང་ཕྱོགས་སྟོན་འཁོར་ལོ་ཞིག་སྦས་ཡོད་པ་མ་ཟད། འཁར་རྒྱུག་ནང་ས་བབ་ཀྱི་མཐོ་ཚད་འཇལ་བྱེད་འཕྲུལ་ཆས་ཤིག་བླུགས་ཡོད་པ་དང་། མ་ཎི་འཁོར་ལོའི་ནང་ཕྱོགས་སྟོན་འཁོར་ལོ་དང་ས་བབ་ཀྱི་མཐོ་ཚད་མཇལ་ཆས་ཀྱི་གནས་ཚུལ་མཁོ་སྒྲུབ་བྱས་པ་དག་ཐོ་འགོད་བྱས་ཏེ་ལོ་ ༢༠ ལྷག་མུ་མཐུད་བྱ་འགུལ་དེ་སྤེལ་ཡོད>
་་་་་་་་་་་ རྒྱ་ནག་གཞུང་གིས་ཤིང་ནགས་གཅོད་འབྲེག་དང་གཙང་པོ་ཁ་བསྒྱུར། ཆུ་རགས་བརྒྱབ་པ། འབྲོག་པར་བཙན་ཤེད་བྱས་ནས་གནས་སྤོ་བྱེད་བཅུག་པ་སོགས་བྱས་ཏེ། དཔལ་འབྱོར་མཁོ་སྒྲུབ་བྱ་རྒྱུའི་ལས་འགུལ་མུ་མཐུད་སྤེལ་ཚེ།
མ་འོངས་པར་བོད་ཀྱི་སྣོད་བཅུད་རྟེན་འབྲེལ་གྱི་མ་ལག་ (Ecological system) འཐུས་ཀ་མ་ཚང་བ་ཆགས་ཏེ། འཛམ་གླིང་དང་ཨེ་ཤ་ཡའི་ཡུལ་གྲུ་ཁག་ནང་དཀའ་ངལ་འཕྲད་རྒྱུ་་་་་་་་་་་་་