དེ་རིང་དྷ་རམ་ས་ལའི་རྒྱུད་སྟོད་གྲྭ་ཚང་དུ་ཚོགས་བཞིན་པའི་བོད་ཀྱི་ཆོས་བརྒྱུད་ཁག་གི་བགྲོ་གླེང་ཚོགས་འདུ་དེ་མཇུག་བསྒྲིལ་ཡོད་ཅིང་། སྐབས་དེར་ཆོས་རིག་བཀའ་བློན་མཆོག་གིས་ང་ཚོས་རྒྱལ་སྤྱིའི་ཐོག་ངོམ་སོ་རྒྱག་རྒྱུ་དེ་ནང་ཆོས་ཆགས་ཡོད་སྟབས། ཆོས་བརྒྱུད་ཁག་ཚང་མས་མཉམ་རུབ་ཐོག་ནང་ཆོས་འདི་སྤུས་ཇེ་དག་དང་རྩ་ཇེ་ཆེར་གཏོང་ཐུབ་ལ་འབད་དགོས་གསུངས།
དེ་རིང་ཕྱི་དྲོའི་ཆུ་ཚོད་ ༣།༢༠ ཐོག་དཔལ་ལྡན་རྒྱུད་སྟོད་གྲྭ་ཚང་གི་འདུ་ཁང་དུ། ཟླ་འདིའི་ཚེས་ ༡ ནས་ ༣ ཉིན་བར་བོད་མིའི་སྒྲིག་འཛུགས་ཆོས་རིག་ལས་ཁུངས་ཀྱི་གོ་སྒྲིག་ཞུས་པའི་བོད་ཀྱི་ཆོས་བརྒྱུད་ཆེན་པོ་བཞི་དང་གཡུང་དྲུང་བོན་བཅས་ཀྱི་བགྲོ་གླེང་ཚོགས་འདུ་ཐེངས་དང་པོ་མཇུག་བསྡོམས་གནང་ཡོད་ཅིང་། སྐབས་དེར་ཆོས་རིག་བཀའ་བློན་པདྨ་ཆོས་འབྱོར་མཆོག་དང་། རྒྱུད་སྟོད་མཁན་པོ་བྱ་རྡོ་རིན་པོ་ཆེ་མཆོག་བཅས་ཀྱིས་གསུངས་བཤད་གནང་སོང་།
མཛད་སྒོའི་ཐོག་མར་བོད་ཀྱི་ཆོས་བརྒྱུད་ཆེན་པོ་བཞི་དང་གཡུང་དྲུང་བོན་བཅས་ཀྱི་སྐུ་ཚབ་རེ་ནས་སྐར་མ་བཅུ་རེ་བགྲོ་གླེང་གི་མྱོང་ཚོར་དང་མ་འོངས་ལམ་སྟོན་གྱི་དགོངས་འཆར་གསུངས་རྗེས། ཆོས་རིག་བཀའ་བློན་མཆོག་གིས་བགྲོ་གླེང་ཐོག་གསུང་བཤད་གནང་མཁན་རྣམ་པར་དང་། བགྲོ་གླེང་ལ་ཕྱག་རོགས་ཞུ་མཁན་རྣམ་པར་ཐུགས་རྗེའི་ལེགས་སྐྱེས་གནང་སོང་།
ཐེངས་འདིའི་ཉིན་གསུམ་རིང་གི་བགྲོ་གླེང་སྟེང་། རྒྱ་གར་དང་བལ་ཡུལ་ནང་གིཆོས་སྡེ་ཁག་ ༥༡ གི་གྲ་བཙུན་ ༡༣༤ ཙམ་མཉམ་ཞུགས་གནང་ཡོད་ཅིང་། ཚེས་ ༡ ཉིན་གྱི་བགྲོ་གླེང་དབུ་འཛུགས་སྟེང་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་དང་བཀའ་བློན་ཁྲི་ཟུར་ཟམ་གདོང་རིན་པོ་ཆེ་མཆོག དེ་བཞིན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་སོགས་ཕེབས་ཏེ་གསུང་བཤད་གནང་ཡོད།
གསར་འགོད་པས་བགྲོ་གླེང་གོ་སྒྲིག་གནང་མཁན་ལ་བཅར་འདྲི་ཞུས་དོན་ལྟར་ན། ༧གོང་ས་མཆོག་གིས་ཆོས་བརྒྱུད་ནང་ཁུལ་ཐུགས་ཐག་ཉེ་བོ་དང་གོང་བུ་གཅིག་བསྒྲིལ་ཡོང་ཆེད་དང་། ཕན་ཚུན་གྱི་གཞུང་གི་བཞེད་ཚུལ་ཐོག་ཉམས་མྱོང་སྤེལ་རེས་གནང་དགོས་ཚུལ་ཡང་ཡང་གསུངས་པ་དང་། བཀའ་ཤག་སྐབས་ ༡༤ པའི་གསར་གཏོད་ཀྱི་ལས་གཞིའི་ཁོངས་སུ་བགྲོ་གླེང་འདི་གོ་སྒྲིག་ཞུས་པ་ཡིན་འདུག་ལ། ཐེངས་འདིར་བགྲོ་གླེང་ཐོག་གསུང་བཤད་གནང་མཁན་ཚོས་རྩོམ་ཤོག་རེ་གནང་ཡོད་དེ་དག་མ་འོངས་པར་དེབ་གཟུགས་སུ་དཔར་བསྐྲུན་ཞུས་ཏེ་འགྲེམས་སྤེལ་བྱ་འཆར་ཡོད་འདུག
དེའི་རྗེས་བྱ་རྡོ་རིན་པོ་ཆེ་མཆོག་གིས་བོད་བརྒྱུད་ནང་བསྟན་གྱིས་ཕྱི་ནང་མི་རིགས་ཚོར་ལེགས་སྐྱེས་འབུལ་ཐུབ་པ་བྱ་དགོས་སྐོར་གསུངས་དོན། ད་ཐེངས་ཀྱི་བགྲོ་གྲེང་ཚོགས་འདུ་འདི་སྤྱིར་ཆོས་ཕྱོགས་ཀྱི་བགྲོ་གླེང་ཞིག་ཆགས་ ཀྱི་ཡོད་པ་མ་ཟད། འདིའི་འབྱུང་ས་ནི་རྒྱ་གར་འཕགས་པའི་ཡུལ་ཡིན་པ་མ་ཟད། སྟོན་པ་བཅོམ་ལྡན་འདས་ཀྱིས་གསུངས་པ་དང་དཔལ་ནཱ་ལེན་ཌའི་པན་གྲུབ་ཚོས་གཏན་འབེབས་གནང་བཞག་པ་ཞིག་ཆགས་ཀྱི་ཡོད་ཀྱང་། ད་ལྟ་དཔལ་ནཱ་ལེན་ཌ་ནི་གྱང་རོ་ཞིག་ལས་ལྷག་མེད་སྟབས། དེའི་གཞུང་གི་བརྗོད་བྱ་ཡོངས་རྫོགས་བདག་པོ་སྐྱོན་མཁན་བོད་གངས་ཅན་ལྗོངས་ཀྱི་ང་ཚོ་འདིར་འཛོམས་མཁན་གྱི་ཆོས་བརྒྱུད་དག་ཆགས་ཡོད། ང་ཚོ་འདི་ལྟར་རྒྱ་གར་འཕགས་པའི་ཡུལ་དུ་འཚོ་གནས་ཐུབ་པ་ནི། ༧སྐྱབས་མགོན་དོན་གྱི་བདག་པོའི་ཐུགས་རྗེའི་བཀའ་དྲིན་ཐོག་ནས་འཚོ་བ་ཞིག་ཡིན་པ་ནི་ཟུར་བལྟས་ལེབ་མཐོང་ཞིག་ཡིན་སྟབས། ང་ཚོས་༧གོང་ས་མཆོག་གི་ཐུགས་དགོངས་དང་མཐུན་པ་བགྲོ་གླེང་འདི་བྱེད་ཀྱིན་ཡོད་མ་བསམ་པར། འདི་དཔལ་ནཱ་ལེན་ཌའི་བརྗོད་བྱའི་གནད་ཆེན་པོ་ཞིག་ཡིན་པ་མ་ཟད། དེང་དུས་མཁས་དབང་ཅིག་གི་འགྲོ་སྟངས་ཐོག་ནས་ཡིན་ཡང་། གཞུང་གི་བཤད་པ་གཏན་འབེབས་བྱ་རྒྱུ་ཡོད་པ་མ་ཟད། ཉམས་ལེན་པ་ཞིག་ལ་ཆ་བཞག་ཀྱང་ཐབས་དང་ཤེས་རབ་གང་ཅིའི་སྙིང་པོ་ཞིག་ཆགས་ཡོད་པ་རེད། གང་ལྟར་བོད་ཀྱི་ནང་ཆོས་ནི་བཤད་སྒྲུབ་གང་གི་ཆ་ནས་བལྟས་ཀྱང་འགྲན་ཟླ་བྲལ་བ་ཞིག་ཡིན་པ་ང་ཚོ་ཆོས་བརྒྱུད་ཚང་མས་མཁྱེན་གྱི་ཡོད། ང་ཚོས་མ་འོངས་པར་རྩོམ་ཤོག་ཐོག་ནས་ཐུགས་སྣང་རྒྱ་ཆེ་སར་གནང་སྟེ། རྒྱ་གཞུང་སོགས་ཉམས་ལེན་དང་ཤེས་པའི་རིམ་པར་ཡོད་པ་དག་ལོ་ལྟར་ཚད་ལྡན་གྱི་དེབ་ གཟུགས་ཐོག་བཀོད་ཐུབ་པ་བྱས་ཚེ། བོད་གངས་ཅན་ཙམ་མིན་པར་ཕྱི་ནང་གི་མི་རིགས་དང་། གཞོན་སྐྱེས་ཚོར་ཐོས་བསམ་སྒོམ་བྱ་རྒྱུར་ཕན་ཐོགས་ཆེན་པོ་ཡོང་གི་རེད་བསམ་གྱི་འདུག ཅེས་སོགས་གསུངས་སོང་།
སྐུ་མགྲོན་གཙོ་བོ་ཆོས་རིག་བཀའ་བློན་པདྨ་ཆོས་འབྱོར་མཆོག་གིས་བོད་བརྒྱུད་ནང་བསྟན་གྱི་གལ་འགངས་ཐོག་གསུངས་དོན། ང་ཚོ་ཆོས་རིག་ལས་ཁུངས་ངོས་ནས་ཆོས་བརྒྱུད་ཆེན་པོ་སོ་སོར་གྲུབ་པ་ཉམས་ལེན་བྱེད་ཕྱོགས་སོགས་ཀྱི་གནའ་སྲོལ་བཟང་པོ་ཞིག་ཡོད་སྟབས། དེ་དག་བསྲེ་ལྷད་དང་འགྱུར་བ་མེད་པར་ཆོས་བརྒྱུད་གཞན་དང་གོ་རྟོགས་སྤེལ་རེས་བྱ་རྒྱུ་དེ་གལ་ཆེན་དོན་ཆེན་དུ་བརྩིས་ཏེ་བགྲོ་གླེང་འདི་འདྲ་གོ་སྒྲིག་བྱེད་ཀྱིན་ཡོད།
༢༠༡༣ ལོའི་ཟླ་ ༥ ནང་བཤད་སྒྲུབ་བསྟན་པ་གོང་འཕེལ་གྱི་ཚོགས་འདུ་ཞིག་ཚོགས་ཏེ། དེའི་ནང་བཀའ་བསྡུར་བྱུང་སྟེ་གྲོས་ཆོད་བཞག་པ་ལྟར། ད་ཐེངས་༧གོང་ས་མཆོག་གི་དགོངས་གཞི་དང་མཐུན་པའི་ཐོག་ནས་བགྲོ་གླེང་ཆེན་པོ་འདི་འདྲ་ཞིག་ཚོགས་ཐུབ་ཡོད། དེ་བཞིན། ང་ཚོས་ཕུགས་རྒྱང་རིང་པོར་དགོངས་པ་བཞེས་ཏེ། བསྟན་པ་གཅིག་གི་རྗེས་འཇུག་ཡིན་པ་དང་། སྟོན་པ་གཅིག་གིས་ཆོས་གསུངས་པ་དག་ཉམས་ལེན་དང་འབྲེལ་ཐོས་བསམ་སྒོམ་གསུམ་དང་། འཆད་རྕོད་རྩོམ་གསུམ་གནང་མཁན་གཅིག་མཚུངས་ཆགས་ཡོད་པ་མ་ཟད། སྟོན་པ་གཅིག་གི་རྗེས་འཇུག་དག་ཐུག་ས་གཅིག་དང་། བསྟན་པ་གཅིག་ལ་ཉམས་ལེན་བྱེད་ཀྱི་ཡོད་པའི་ཚོར་བ་དང་གོ་རྟོག་སླེབ་ཆེད། ཆོས་བརྒྱུད་ཕན་ཚུན་བར་གོ་རྟོགས་སྤེལ་རེས་བྱ་རྒྱུ་དེ་ཞེ་དྲག་གལ་ཆེན་པོར་རྩི་བཞིན་ཡོད། ད་ལྟ་རྒྱལ་སྤྱིའི་ཐོག་ནང་ཆོས་རྩ་ཆེན་པོ་རྩི་བཞིན་ཡོད་པ་རེད། ༡༩༧༡ ལོར་བཞུགས་སྒར་དྷ་རམ་ས་ལར་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཐེངས་དང་པོ་ཚོགས་སྐབས། ༧གོང་ས་མཆོག་གིས་ང་ཚོ་འཛམ་གླིང་འདིའི་ཐོག་སྤོབས་སེམས་དང་ངོམ་ཆོག་པ་ཞིག་ཡོད་པ་ནི། བོད་གངས་ཅན་པའི་ཆོས་ཀྱི་སྒྲུབ་པ་ཉམས་ལེན་བྱེད་སྟངས་དེ་ལས་ལྷག་པ་ཞིག་ངོམ་སོ་ རྒྱག་རྒྱུ་གང་ཡང་མེད་སྐོར་བཀའ་བསྩལ་སོང་། སྐབས་དེར་སོ་སོ་རང་ཉིད་ལོ་ཆུང་ཆུང་ཡིན་སྟབས་དོ་སྣང་གང་ཡང་མ་བྱུང་ཡང་། ད་ལྟ་ལོ་ ༤༠ ཕྱིན་རྗེས་ཕྱིར་བལྟས་སློག་སྐབས་དེ་སྔོན་སངས་རྒྱས་ཀྱིས་གསུངས་པ་ལྟར། ད་ལྟ་འཛམ་བུ་གླིང་གིས་ང་ཚོར་དོ་སྣང་བྱེད་ས་དང་། ང་ཚོས་རྒྱལ་སྤྱིའི་ཐོག་ངོམ་སོ་རྒྱག་རྒྱུ་དེ་ནང་ཆོས་ཆགས་ཡོད་སྟབས། ང་ཚོས་དེ་སྤུས་དག་ཏུ་དང་རྩ་ཆེན་པོ་ཡིན་པ་དེ་སྔར་ལྷག་རྩ་ཆེ་ཇི་ལྟར་གཏོང་ དགོས་མིན་ཐད་དགོངས་པ་བཞེས་རྒྱུ་གལ་ཆེན་པོ་ཆགས་ཡོད་རེད་བསམ་གྱི་འདུག ཅེས་སོགས་གསུངས་སོང་།
མཇུག་ཏུ་གསར་འགོད་པས་བགྲོ་གླེང་ནང་མཉམ་ཞུགས་གནང་མཁན་སྦིར་དཔལ་ཡུལ་ཆོས་འཁོར་གླིང་གི་དགེ་འདུན་པ་ཨུ་རྒྱན་ཕུན་ཚོགས་ལགས་སུ་བགྲོ་གླེང་གི་མྱོང་ཚོར་དང་ཕན་ཐོགས་གང་བྱུང་ཡོད་མེད་དྲིས་པར། ཁོང་གིས། ད་ཐེངས་ཉིན་གསུམ་གྱི་བགྲོ་གླེང་སྐབས་མཁས་དབང་མང་པོ་ཞིག་དང་མཇལ་རྒྱུའི་གོ་སྐབས་ཐོབ་པ་མ་ཟད། ཁོང་རྣམ་པས་ཆོས་ཀྱི་དཀའ་གནད་ཐོག་ལ་བགྲོ་གླེང་གང་འདྲ་གནང་གི་ཡོད་མེད་གཙོས། ཆོས་བརྒྱུད་ཆེན་པོ་ཁག་གི་མཁས་པ་ཚོས་གཞུང་ཆེན་བྱེ་བྲག་པ་ཞིག་གི་གནད་དོན་ཞིག་ལ་བཞེད་པ་གང་འདྲ་བཞེད་ཀྱི་ཡོད་མེད་དང་། བགྲོ་གླེང་གང་འདྲ་གནང་དགོས་ཀྱི་ཡོད་མེད་སོགས་སྔར་ཐོས་མྱོང་མེད་པའི་ཉམས་མྱོང་མང་པོ་ཐོབ་བྱུང་། ཞེས་བརྗོད་བྱུང་།
རྡེ་ར་རྡུན་བསམ་གཏན་གླིང་གི་བཙུན་མ་ངག་དབང་ཆོས་འཛོམས་ལགས་སུ་བགྲོ་གླེང་འདིས་ཕན་ཐོགས་གང་བྱུང་ཡོད་མེད་དྲིས་པར། ཁོ་མོས། ད་ཐེངས་༧གོང་ས་མཆོག་གིས་བཀའ་དགོངས་དང་མཐུན་པ་བོད་བརྒྱུད་ནང་བསྟན་གྱི་ཆོས་བརྒྱུད་ཕན་ཚུན་བར་བགྲོ་གླེང་དང་གོ་རྟོགས་སྤེལ་རེས་འདི་འདྲ་ཞིག་བྱེད་ཐུབ་པ་དེས། ཆོས་བརྒྱུད་ཕན་ཚུན་བར་བཞེད་པ་མི་མཐུན་པ་ཡོད་པ་དག་སེལ་བར་ཕན་ཐོགས་དང་གོ་རྟོགས་ཡག་པོ་བརྙེད་སོང་བས། ཐེངས་འདིར་ཕར་ཕྱིན་ཐོག་བགྲོ་གླེང་གནང་བ་ལྟར། མ་འོངས་པར་གཞུང་ཆེན་བཀའ་པོད་ཁག་ཐོག་རེ་མོས་བཞིན་བགྲོ་གླེང་གནང་ཐུབ་ན་ཆོས་བརྒྱུད་ཕན་ཚུན་དབར་མཐུན་ལམ་དང་གོ་རྟོགས་སད་རྒྱུར་ཕན་ཐོགས་ཆེན་པོ་ཡོང་གི་རེད་བསམ་གྱི་འདུག ཅེས་བརྗོད་བྱུང་།
ད་ཐེངས་ཉིན་གསུམ་རིང་གི་བགྲོ་གླེང་འདིའི་ཐོག་ཆོས་བརྒྱུད་ཁག་གི་བགྲོ་གླེང་བ་ཚོས་ཕར་ཕྱིན་ཐོག་བགྲོ་གླེང་གནང་ཡོད་པ་མ་ཟད། ཆོས་བརྒྱུད་ཁག་གི་མཁས་དབང་ ༡༢ ཀྱིས་རྩོམ་ཤོག་སྒྲོགས་སྦྱང་དང་འབྲེལ་ངོ་སྤྲོད་གཏམ་བཤད་གནང་ཡོད་འདུག
གསར་འགོད་པ། དོན་གྲུབ།