དེ་རིང་བུད་མེད་སྒེར་ལངས་དུས་དྲན་ཐེངས་ ༥༦ པའི་སྟེང་བུད་མེད་ལྷན་ཚོགས་ཀྱི་ཚོགས་གཙོ་མཆོག་གིས། ད་ལྟའི་དུས་འདིར་རྒྱ་ནག་གི་མགོ་ཁྲིད་ཚོ་བོད་དོན་ལ་གཡོལ་ཐབས་མེད་ཚུལ་དང་། བྱེས་གྱར་བོད་མི་ཚོས་རང་སྐད་ཕལ་བ་དང་དབྱིན་སྐད་གཙོ་བོར་འཛིན་མི་རུང་བ། དོལ་རྒྱལ་ཁ་ལ་འཁྱེར་ནས་གཞི་མེད་སྐྱོན་འཛུགས་དང་ལོག་བཤད་རྒྱག་མཁན་དག་ལ་ངོ་རྒོལ་ཡོད་སྐོར་སོགས་གསུངས་སོང་།
དེ་རིང་སྔ་དྲོའི་ཆུ་ཚོད་ ༩།༠༠ པ་ཡོལ་ཙམ་ལ་དྷ་ས་གཙུག་ལག་ཁང་གི་རྒྱལ་གཅེས་དཔའ་བོའི་རྗེས་དྲན་རྡོ་རིང་མདུན་དུ། བོད་ཀྱི་བུད་མེད་སྒེར་ལངས་དུས་དྲན་ཐེངས་ ༥༦ པ་སྲུང་གཙི་གནང་ཡོད་ཅིང་། སྐུ་མགྲོན་གཙོ་བོར་བོད་མིའི་སྒྲིག་འཛུགས་ཀྱི་ནང་སྲིད་བཀའ་བློན་རྒྱ་རི་སྒྲོལ་མ་མཆོག་གི་གཙོས་བུད་མེད་སྤྱི་ཟུར་ཁག་ཅིག་དང་། གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་གི་སྐུ་ཚབ། དྷ་སའི་ཉེ་འཁྲིས་ཀྱི་སློབ་གྲྭ་ཁག་གི་སློབ་ཕྲུག་དང་སེར་སྐྱ་མི་མང་བཅས་འདུ་འཛོམས་གནང་སོང་།
མཛད་སྒོ་མགོ་འཛུགས་མ་ཞུས་སྔོན་ལ་བོད་དོན་ཆེད་ཚེ་སྲོག་ཤོར་བ་ཟི་པ་དག་གི་ཆེད་དུ་ངག་བཅད་མྱ་ངན་གུས་འདུད་དང་བོད་རྒྱལ་ཁབ་ཆེན་མོའི་རྒྱལ་གླུ་གྱེར་འདོན། བདེན་ཚིག་སྨོན་ལམ་དང་བོད་ཀྱི་བུད་མེད་ལངས་གླུ་བཏང་རྗེས། དབུས་བོད་ཀྱི་བུད་མེད་ལྷན་ཚོགས་ཀྱི་ཚོགས་གཙོ་བཀྲ་ཤིས་སྒྲོལ་མ་ལགས་ཀྱིས་ཡིག་ཐོག་གི་བསྒྲགས་གཏམ་སྒྲོགས་སྦྱང་གནང་བའི་ནང་། གལ་འགངས་ཆེ་བའི་ཉིན་མོ་འདི་དང་བསྟུན་ངེད་ལྷན་ཚོགས་ནས་རྒྱ་ནག་མགོ་ཁྲིད་ཞི་ཅིན་ཕིན་གྱིས་བཟང་ཕྱོགས་ཐོག་ནས་བོད་རྒྱའི་དཀའ་རྙོག་ལ་གདོང་ལེན་གྱིས་གཉིས་སྨན་དབུ་མའི་ལམ་ནས་༼བོད་རྒྱ་ཞི་མོལ།༽ གྱི་ལམ་ནས་སེལ་ཐབས་བྱེད་རྒྱུ་ལས། དུས་རབས་ཉེར་གཅིག་ནང་དངོས་ཡོད་གནད་དོན་ལ་ལོག་བཤད་དང་། གཡོལ་ཐབས་བྱེད་པས་ཁུངས་འཁྱོལ་ཐབས་མེད་པ་དྲན་སྐུལ་ཞུ་བཞིན་ཡོད། ཅེས་འཁོད་འདུག
མུ་མཐུད་དུ། རང་དབང་ལུང་པར་གནས་སྡོད་བཙན་བྱོལ་བོད་མི་རྣམས་ལ་རང་མི་རིགས་ཀྱི་རིག་གཞུང་མི་ཉམས་རྒྱུན་འཛིན་གནང་རྒྱུར་ཟློག་ཏུ་མེད་པའི་དམིགས་བསལ་གྱི་འགན་ཆེན་པོ་ཞིག་ཡོད་པ་དེར། མ་སྐད་ཞོར་སྐད་དང་དབྱིན་ཡིག་གཙོ་སྐད་ཡིན་པའི་རྣམ་པ། དེང་དུས་ཀྱི་ཤེས་ཡོན་ཡོད་མེད་དང་སྟབས་བདེ་ལུགས། ལས་སླ་བཅོས་སོགས་ཀྱི་རྗེས་སུ་མ་སོང་བར། འཐབ་རྩོད་ཀྱི་མི་རབས་ཤིག་ཡིན་ཙ་ན། རང་ཆས་སུ་ཡོད་པའི་སེམས་ཤུགས་དང་སྤྱི་སེམས་དེ་དུས་རྒྱུན་ནས་ནང་ཆོས་གཙོ་བོར་འཛིན་པའི་བོད་ཀྱི་རིག་གཞུང་གཅེས་ནོར་ཡིན་པ་ངོས་འཛིན་ཐོག་རང་ཁྱིམ་ནས་མགོ་བཙུགས་ཏེ་ཆུང་བྱིས་པའི་དུས་ནས་བོད་ཀྱི་ཡ་རབས་བཟང་པོའི་རིག་གཞུང་རང་གཤིས་སུ་འཇགས་ཐབས་ལ་སྙིང་ནས་འབད་བརྩོན་ཞུ་རྒྱུ་དང་། ལྷག་པར་གཞུང་སྒེར་ཚོགས་སྐྱིད་སྤྱི་ཚོགས་ནང་འགན་ཡོད་མགོ་འཁྲིད་རྣམས་ཀྱི་མ་སྐད་ཀྱི་ཆུ་ཚད་ཅིས་ཀྱང་ང་ཚོ་རང་ངོས་ནས་འགན་འཁུར་ཀྱིས་གནས་བབ་ཡར་རྒྱས་སུ་གཏོང་དགོས་པའི་གནད་དོན་ཆགས་ཡོད་ན། གཞུང་སྒེར་གཉིས་ངོས་ནས་ལྷོད་གཡེང་གནང་མི་འོས་པའི་སྐུལ་ལྕག་ཞུ་བཞིན་ཡོད། ཅེས་བཀོད་འདུག
ཡང་བསྒྲགས་གཏམ་ནང་། རྒྱ་གཞུང་གིས་དངུལ་བསླུ་འོག་ཕྱིན་པའི་དོལ་རྒྱལ་སྟེན་གསོལ་ཁ་ལ་འཁྱེར་མཁན་བོད་རིགས་དང་ཕྱི་མི་ཉུང་ཤས་ཤིག་གིས་༧གོང་ས་མཆོག་ལ་གཞི་མེད་སྐྱོན་བརྗོད་དང་ངོ་རྒོལ་རབ་དང་རིམ་པ་སྤེལ་ནས་ལོག་འགྲེལ་རྒྱག་བཞིན་པའི་ཐ་ཤལ་གྱི་བྱ་བར་བོད་ཀྱི་བུད་མེད་ལྷན་ཚོགས་ཀྱིས་ངོ་རྒོལ་མཐའ་གཅིག་ཏུ་བྱེད་ཀྱི་ཡོད་པ་དང་སྦྲགས་ཕན་མེད་བྱ་བ་དེ་རིགས་མཚམས་འཇོག་དགོས་པའི་བརྡ་ལན་སྤྲོད་ཀྱི་ཡོད། ཅེས་སོགས་བཀོད་འདུག
དེའི་རྗེས་སྐུ་མགྲོན་གཙོ་བོ་ནང་སྲིད་བཀའ་བློན་རྒྱ་རི་སྒྲོལ་མ་མཆོག་གིས། དེ་རིང་རླབས་ཆེན་གྱི་ཉིན་མོ་འདིའི་ཐོག་ལ་ང་ཚོས་༧སྐྱབས་མགོན་རིན་པོ་ཆེ་མཆོག་གི་ཐུགས་དགོངས་ལྟར་འགྲོ་ཐུབ་པ་ཡིན་ན་ཏག་ཏག་རེད་མ་གཏོགས། དེ་ལས་ལྷག་པ་ཞིག་ང་ཚོར་ཡོད་པ་མ་རེད་ཟེར་ཐག་བཅད་ནས་ཞུ་ཐུབ་པ་ཞོག་རེད། ཁ་ཤས་ཀྱིས་འདི་དམངས་གཙོའི་ལྟ་གྲུབ་དང་མཐུན་པ་ཆགས་ཀྱི་ཡོད་དམ་ལབ་མཁན་འདུག ངས་ཁོ་ཚོར་བོད་རྒྱ་ཆེའི་མི་དམངས་ཀྱིས་༧སྐྱབས་མགོན་རིན་པོ་ཆེ་མཆོག་གི་དགོངས་གཞི་དང་མཐུན་པའི་ལས་ཀ་བྱེད་རྒྱུ་ཡིན་ཟེར་ནས་ཐག་གཅོད་བྱས་པ་ཡིན་ན། དེ་དམངས་གཙོ་མིན་ན་ཅི་རེད་ཅེས་ཕར་འགྲེལ་བཤད་རྒྱག་རྒྱུ་བྱུང་། ༧སྐྱབས་མགོན་རིན་པོ་ཆེ་མཆོག་གིས་མང་ཚོགས་ལ་མར་བཀའ་གནང་ནས་ངས་བཤད་པ་འདི་བྱེད་དགོས་ཀྱི་རེད་ཟེར་ནས་ནམ་ཡང་བཀའ་གནང་ཡོད་པ་མ་རེད། ཅེས་གསུངས་སོང་།
བཀའ་བློན་མཆོག་གིས་ཚོགས་པ་ཁག་བར་ལྟ་ཕྱོགས་མཐུན་མིན་ལ་མ་ལྟོས་པར་མཉམ་རུབ་ཐོག་ནུས་པ་སྤུངས་དགོས་སྐོར་གསུངས་དོན། ངས་དེ་རིང་གོང་དུ་ཚོགས་པ་ཁག་གི་སྐུ་ཚབ་ཚོ་ཕེབས་པར་ཐུགས་རྗེ་ཆེ་ཞུ་དགོས་དོན་གཅིག་ནི། ཉིན་གཅིག་སྔོན་ལ་བློ་ཕམ་དགོས་པའི་གནས་ཚུལ་ཁག་ཅིག་གོ་བྱུང་། ང་རང་ཚོས་ཡག་སྡུག་གཉིས་ཀར་གདོང་ལེན་བྱེད་དགོས་སྟབས། དེ་རིང་སྡིངས་ཆ་འདིའི་ཐོག་ནས་སྙིང་བསྡུས་བྱས་ནས་ཞུ་རྒྱུ་ཞིག་ལ། གསུམ་བཅུའི་དུས་དྲན་སྲུང་གཙི་བྱ་རྒྱུ་དེ་བོད་ཆོལ་ཁ་གསུམ་གྱི་མི་མང་ལ་བདག་གི་ཡོད་སྟབས། ང་རང་ཚོ་སོ་སོའི་བསམ་ཚུལ་གང་ཡིན་མིན་གཅིག་པུ་ལ་མ་ལྟོས་པར། ང་ཚོས་ཉིན་མོ་དེའི་མཚོན་དོན་གང་ཡིན་མིན་དེར་གུས་བརྩི་ཞུས་ཏེ། ཆིག་སྒྲིལ་དང་མཉམ་རུབ་ཀྱི་ནུས་པ་འདོན་རྒྱུ་གལ་ཆེན་པོ་ཆགས་ཡོད།
དེང་སང་ང་ཚོའི་སྤྱི་ཚོགས་ནང་རྒྱབ་བཤད་རྒྱག་མཁན་མང་པོ་ཞེ་དྲག་ཡོད་པ་རེད། མི་གསུམ་ཇ་བཏུང་ནས་བསྡད་ཡོད་ན་མི་གསུམ་པ་དེ་ཕྱིར་ལོག་རྗེས། མི་གཞན་གཉིས་ཀྱིས་མི་དེར་རྒྱབ་བཤད་རྒྱག་རྒྱུ་ཞིག་རག་གི་ཡོད་སྟབས། ང་ཚོས་དེ་ཚོའི་ཐོག་ལ་གཟབ་གཟབ་གནང་དགོས་པ་མ་ཟད། ལྷག་དོན་གསུམ་བཅུའི་དུས་དྲན་གྱི་ཉིན་མོ་ལྟར། དེ་རིང་བུད་མེད་སྒེར་ལངས་ཉིན་མོར་ཆོལ་གསུམ་བུད་མེད་ཚོས་དོ་སྣང་དང་མཉམ་རུབ། རྒྱབ་སྐྱོར་གནང་དགོས་པའི་ཉིན་མོ་ཞིག་ཀྱང་ཆགས་ཡོད་པ་རེད། ཅེས་གསུངས་སོང་།
རྒྱ་རི་སྒྲོལ་མ་མཆོག་གིས་བོད་ཀྱི་དཔའ་མོ་ཚོའི་སྙིང་སྟོབས་ཡིད་ལ་བཅངས་ནས་རང་ངོས་ཀྱིས་བོད་དོན་ཐོག་རང་འཁྲིའི་ལས་དོན་བསྒྲུབ་དགོས་སྐོར་གསུངས་དོན། ང་ཚོས་དགའ་སྤོབས་བྱེད་དགོས་པ་མང་པོ་ཡོད་ཁོངས་ནས་གཅིག་ནི། ༡༩༥༩ ལོའི་ཟླ་ ༣ ཚེས་ ༡༢ ཉིན་བོད་ཀྱི་བུད་མེད་རྣམས་ཀྱིས་དང་བླངས་ཐོག་ནས་ཆབ་སྲིད་ཀྱི་འགན་ཆེན་པོ་ཞིག་འཁྱེར་ཏེ་སྒེར་ལངས་བྱས་ཡོད་སྟབས། ང་ཚོས་དེར་དགའ་སྤོབས་བྱེད་དགོས་པ་ཞིག་ཆགས་ཡོད་པ་མ་ཟད། འཛམ་གླིང་ཐོག་བཤད་ནའང་སྤོབས་པ་བྱེད་ཆོག་གི་ཡོད་པ་རེད། གཉིས་ནས་རྒྱ་ནག་གཞུང་གི་དམག་མི་དང་ཉེན་རྟོག་པས་བུད་མེད་སྒེར་ལངས་བྱེད་མཁན་དང་གོ་སྒྲིག་བྱེད་མཁན་མང་པོ་བསད་པ་དང་རྡུང་བ། བཙོན་འཇུག་བྱས་པ་སོགས་བྱུང་ཡོད།
བུད་མེད་སྒེར་ལངས་གོ་སྒྲིག་ཞུ་མཁན་ཀུན་བཟང་ལགས་ཀྱིས་བཙོན་ཁང་ནང་ཡོད་བཞིན་དུ། ༡༩༦༩ ལོར་སླར་ཡང་བཙོན་ཁང་ནང་བུད་མེད་སྒེར་ལངས་བྱས་ཡོད་སྟབས། རྒྱ་གཞུང་གི་ཉེན་རྟོག་པས་ཀུན་བཟང་ལགས་གཙོས་པའི་བུད་མེད་སྒེར་ལངས་བྱེད་མཁན་ཁག་ཅིག་ལ་སོ་སོའི་རོ་སྦས་བརྐོ་རུ་བཅུག་ཅིང་། དེའི་སྟེང་པུས་མོ་བཙུགས་བཅུག་ནས་ཚང་མས་མཐོང་སར་མེ་མདའ་བརྒྱབ་སྟེ་བསད་རྗེས་ས་དུང་ནང་གཡུགས་པ་དང་། ད་དུང་ཕུང་པོའི་སྟེང་དུ་མེ་མདའ་མང་པོ་བརྒྱབ་རྗེས། དབུགས་ཆད་ཡོད་མེད་ལ་མ་ལྟོས་པར་ལམ་སེང་དེའི་ཐོག་ས་བཀབ་ནས་སྦས་ཡོད་པ་རེད། རྒྱ་མིས་ཁོ་ཚོར་མེ་མདའ་འཕེན་རྩིས་བྱེད་སྐབས་ཀྱང་། ཁོ་ཚོས་སྐུ་མཁྱེན་ང་ཚོ་མ་གསོད་རོགས་ཟེར་མཁན་བྱུང་མེད་པ་མ་ཟད། ནང་ཁུལ་མ་འཆམ་པའང་བྱུང་མེད་སྟབས། དེ་རིང་ང་ཚོས་དཔའ་བོ་དཔའ་མོ་རྣམས་ཀྱི་བྱས་རྗེས་སྙིང་ལ་བཅངས་ནས་རང་མོས་ཐོག་ནས་བོད་ཀྱི་རྩ་དོན་གཙོས། རྒྱལ་ཁབ་དང་མི་རིགས་ཀྱི་ཆེད་དུ་རང་ནུས་བྱ་བ་བསྒྲུབ་དགོས་པ་དྲན་དགོས་པ་མ་ཟད། ༧རྒྱལ་བ་རིམ་བྱོན་དག་བོད་ལ་བཀའ་དྲིན་ཆེན་པོ་ཡིན་པ་ཚོར་ཐུབ་པ་བྱས་ཏེ། བོད་མི་ཚད་ལྡན་ཞིག་བྱེད་ཀྱི་ཡིན་བསམ་པ་ཞིག་ངེས་པར་དུ་བྱེད་དགོས་པ་རེད།
མཐའ་དོན་ངས་ང་ཚོའི་སྤྱི་ཚོགས་ནང་རང་བཙན་དང་དབུ་མའི་སྒང་ལ་རྩོད་པ་རྒྱག་གི་མི་འདུག་བསམ་གྱི་ཡོད། དེར་བརྟེན། དབུ་ཁྲིད་དང་འགན་འཁུར་བ་རྣམ་པ་ཚོས་ད་བར་ཕན་ཚུན་བཀའ་བསྡུར་ལྷུག་པོ་གནང་བའི་ཐོག་ནས་ཆིག་སྒྲིལ་གྱི་ནུས་པར་བརྟེན་ནས་ལས་ཀ་གནང་ཡོད་པ་མ་ཟད་གནང་ཐུབ་པ་ཞིག་ཀྱང་ཡིན་སྟབས། མ་འོངས་པའང་ང་ཚོའི་ནུས་པ་ཆིག་སྒྲིལ་ཡོང་རྒྱུར་ཚང་མས་དགོངས་པ་བཞེས་རོགས་གནང་ཞེས་ཞུ་རྒྱུ་ཡིན། ཞེས་སོགས་གསུངས་སོང་།
དུས་དྲན་མཛད་སྒོ་གྲུབ་རྗེས་བོད་ཀྱི་བུད་མེད་ལྷན་ཚོགས་ཀྱི་སྣེ་ཁྲིད་དེ་དྷ་ཤོད་ཀ་ཅཱ་རི་ཁྲིམས་ཁང་བར་བུད་མེད་ཚོས་ཞི་བའི་གོམ་བགྲོད་སྐད་འབོད་གནང་སོང་།
གསར་འགོད་པ། དོན་གྲུབ།
སྐྱེས་མ།
རྒྱལ་སྤྱིའི་གསུམ་བརྒྱད་སྐྱེས་མའི་དུས་ཆེན་ལ་རྟེན་འབྲེལ་ཞུ།
བུད་མེད་ཟེར་བའི་ཚིག་དེ་ལ་སྒྲ་བཤད་ངན་པ་མི་འདྲ་བ་དུ་མ་ཡོད་པར་བོད་དམངས་ཁྲོད་ཀྱི་གནའ་བོའི་ངག་རྒྱུན་དུ་གོ་རྒྱུ་འདུག
དེང་གི་མཁས་པ་ཁ་ཤས་ཤིག་གི་ཞལ་ནས་ཀྱང་དེ་བཞིན་ཐོས་སོང་།༡༽སྐྱེས་མའི་མཚན་མ་དེ་སྐྱེས་པའི་མཚན་མ་ལྟར་འབུད་རྒྱུ་མེད་པས་ན་་་་ བུད་མེད་་་་་་དང་། ༢༽སྤྱི་ཚོགས་སྟེང་སྐྱེས་མ་རྣམས་ཀྱི་ཐོབ་ཐང་དང་ཆེ་མཐོང་གནས་རིམ་སོགས།སྐྱེས་པ་ཚོའི་གོང་ལ་དུས་ནམ་ཡང་འབུད་མི་ཐུབ་པར་ བསྙད་དེ་་་་་བུད་མེད་་་་་་དང་། ༣༽སྐྱེས་མ་ལ་འབྲེལ་ཞིང་ཆགས་ན་འཁོར་བ་དང་ངན་སོང་གི་གནས་ནས་ནམ་ཡང་ཐར་བའམ་འབུད་མི་ཐུབ་ཅེས་སྐུར་ནས་་་་་བུད་མེད་་་་་ཟེར་བ། ༤༽ཡང་སྐྱེས་མའི་ལུས་རྟེན་ལ་ས་ཐོབ་ཀྱང་ཚེ་ལུས་གཅིག་ལ་སངས་རྒྱས་ཀྱི་གོ་འཕང་འཐོབ་མི་ཐུབ་པར་སྐྱེ་བ་མཐའ་མ་སྐྱེས་པའི་ལུས་ཞིག་བླང་ནས་མངོན་འཚང་རྒྱ་དགོས་ཟེར་ནས་བུད་མེད་ཟེར་བ་སོགས་དང་། དེ་བཞིན་དུ་སྐྱེ་བ་བླངས་པ་སྐྱེས་པ་ལས་དམན་པར་བཤད་ནས་སྐྱེས་པ་ལ་སྐྱེ་རྒྱལ་དང་སྐྱེས་མ་ལ་སྐྱེ་དམན་དང་ནག་མོ་ཨ་ཡེ་སོགས་འབོད་པ་ནི།མུན་ནག་དང་མ་རབས་རྗེས་ལུས་ཀྱི་སྤྱི་ཚོགས་ཤིག་གི་ཕོ་མཆོག་མོ་དམན་གྱི་ལྟ་ངན་འཁུར་མཁན་ཚོའི་འབྱུང་བོའི་རང་གཟུགས་རུལ་དྲི་བྲོ་བ་དེ་རེད་འདོད།འོད་སྣང་དང་ཡ་རབས། བྱམས་བརྩེ།འདྲ་མཉམ་གྱི་དུས་རབས་འདིར། ཆེས་བླ་ན་མཐོ་ཞིང་། ཆེས་རླབས་ཆེ་བའི་འགྲོ་བ་མིའི་རིགས་ཀྱི་མ་ཡུམ་བྱམས་ཆེན་བརྩེ་བའི་བདག་ཉིད་དྲིན་མོ་ཆེ་རྣམས་ལ་ང་ཚོས་ད་ནས་བཟུང་ ༼སྐྱེས་མ༽ཞེས་འབོད་རོགས་སྙིང་ནས་ཞུ་ཞུ། བོད་ཀྱི་བུད་མེད་ཚོགས་པ་ཞུ་བའི་མཚན་འདི་ཡང་༼ སྐྱེས་མ་ཚོགས་པ༽ཞེས་པར་བརྗེ་བསྒྱུར་གནང་བར་རེ་ཞུ་དང་བཅས་ཕུལ། ཉི་མ་དེ་རིང་ནས་བཟུང་བོད་ཁ་བ་ཅན་ལ་་་་་་སྐྱེས་མ་་་་་་་མ་གཏོགས་བུད་མེད་མེད། ནག་མོ་མེད། སྐྱེ་དམན་མེད། ཨ་ཡེ་མེད་པར་ཤོག་ཅིག་གུ། མ་སྲིང་སྐྱེས་མའི་སྡེ་ཆེན་རྒྱལ་གྱུར་ཅིག
ལུས་ཀྱི་གནས་སྟངས་འདྲ་མཉམ་མི་དགོས།།
རང་ལུས་རང་དབང་འདྲ་མཉམ་དགོས།།
བྱ་ལས་ཡང་ལྕི་འདྲ་མཉམ་མི་དགོས།།
གང་སྒྲུབ་རང་འདོད་འདྲ་མཉམ་དགོས།།
བོད་ཀྱི་བུ་ལགས། ངོ་མ་ཡ་མཚན་གི། ད་ལྟའི་སྤྱི་ཚོགས་ཁྲོད་མི་ཁ་ཤས་ཀྱི་སོ་སོའི་དགོས་མཁོ་མ་འགྲུབ་ཚེ་ཚོགས་པ་སྤྱི་དང་། ལྷག་པར་༧གོང་ས་མཆོག་གཙོས་པའི་སྐྱེ་བོ་རྣམས་ལ་ཟུར་ཟ་དང་སྐྱོན་འཛུགས་བྱེད་བཞིན་ཡོད། ད་ལན་བོད་མེད་ལྷན་ཚོགས་ཀྱི་སོ་སོའི་ལངས་ཕྱོགས་བཞིན་ཤར་བསྐྱོད་བྱེད་པར་གུས་བརྩི་དང་ཆེ་མཐོང་མེད་པར་གཞི་མེད་ཀྱི་སྐྱོན་འཛུགས་བྱེད་པ་ནི་དོན་དངོས་ཐོག་བོད་མི་རིགས་ཀྱི་ཆིག་སྒྲིལ་ལ་དོ་ཕོག་བཏང་དང་གཅིག་མཚུངས་སུ་འདོད། ད་ལན་ཕྲན་གྱིས་འཐབ་རྩོད་དང་འབྲེལ་བའི་སྙིང་གཏམ་འགའ་རེ་བཤད་འདོད་བྱུང་བས་དོ་དོན་ཁྱེད་ཀྱིས་དོ་སྣང་ཡོད་པའི་རེ་བ་ཡོད། སྤྱིར་བོད་འདི་རང་བཙན་ཡོད་པ་ནས་མེད་པར་གྱུར་སྐབས་སོ་སོའི་འདོད་བློ་བཞིན་རང་བཙན་རྩོད་ན་དེ་ནི་གནས་ལུགས་རྒྱུ་མཚན་དང་ལྡན་ཅིང་དེར་ངས་གུས་བརྩི་དང་བསྔགས་བརྗོད་བྱེད་བཞིན་ཡོད། འོན་ཀྱང་རྒྱུ་འབྲས་མེད་པའི་མི་ངན་འགས་བོད་རང་བཙན་ཁ་ལ་འཁྱེར་ནས་བོད་མི་རིགས་དང་བོད་གཞུང་བར་ལ་དཀྲུག་ཤིང་དང། དེ་ལས་ཀྱངཧང་སང་དགོས་པ་ཞིག་ལ་༧གོང་ས་མཆོག་ལ་གཞི་མེད་ཀྱི་སྐྱོན་འཛུགས་དང་མཚན་སྨད་བྱེད་པ་ནི་ངོ་མ་ཁྲེད་མེད་ཀྱི་བྱ་སྤྱོད་ཞིག་ལས་མ་འདས། དེང་སྐབས་ཀླད་སྟོང་འགས་བསམ་བློ་མ་གཏིང་ཟབ་མ་བཏང་བར་སེམས་ཚོར་ཁོ་ནའི་དབང་གིས་མང་ཚོགས་ནང་གཏམ་འཆལ་སྣ་ཚོགས་གླེང་བཞིན་ཡོད་པ་ནི་བོད་མི་རིགས་ཀྱི་ཞབས་འདྲེན་རེད། མང་གཙོའི་སྤྱི་ཚོགས་ནང་སྐྱེས་བུ་སོ་སོར་ཐོབ་ཐང་ཡོད་པ་བཞིན་དེ་དང་ལྷན་དུ་འགན་འཁྲི་རེ་ཡོད། ད་ལྟའི་དུས་རབས་འདིར་རང་དབང་བསྐྱར་གསོ་བྱེད་པར་འགན་འཁྲི་འཁྱེར་དགོས་པ་ལས་ཐོབ་ཐང་ཁོ་ན་རྩོན་ན་མི་ལོ་བརྒྱ་ཕྲག་ཕྱིན་ཡང་རང་དབང་ཐོབ་མི་སྲིད། མདོར་ན། ཕན་ཚུན་རོགས་རམ་དང་གུས་བརྩི་ཞུ་མ་ཐུབ་ན་ཡང་། ཕན་ཚུན་འཁོན་འབྲས་ཡོད་པ་བཞིན་གནོད་སྐྱེལ་མི་རུང་།
སྤྱིར་བཏང་རང་དབང་ལུང་པར་སོ་སོས་བསམ་ཚུལ་དང་ལྟ་བ་བཤད་ཆོག་ལ་དེ་དང་མཚུངས་པའི་ལག་བསྟར་ཡང་བྱེད་ཆོག་མོད། ཡིན་ནའང་སུམ་བཅུའི་དུས་དྲན་ནི་ʼʼ བོད་མིའི་སྒེར་ལང་གི་ཉིན་མོʼʼ ཡིན་རྩང་དེ་ལ་སྣེ་འཁྲིད་མཁན་ཞིག་དང་གོ་སྒྲིག་བྱེད་མཁན་ཞིག་དགོས་པ་མ་མཐོང་། ལྷག་དོན་བོད་མི་སུ་ཞིག་གིས་དུས་དྲན་དེར་མཚོན་པའི་སྐད་འབོད་ཅི་ཞིག་རྒྱག་ཀྱང་བོད་མི་ཞིག་གི་ʼʼསྒེར་ལང་ʼʼགི་མངོན་འདོད་ཡིན་སྟབས། དེ་ལ་དཀག་འགོག་དང་ཆོག་དང་མི་ཆོག་གི་ས་འཚམས་སུ་ཞིག་གིས་བཟུང་ཤེས། ད་ལན་དེ་ལྟར་བྱས་དང་མ་འོངས་བྱ་སྲིད་མཁན་དེ་ཚོ་ནི་དུས་དྲན་འདིའི་ངོ་བོ་ཧ་མི་གོ་མཁན་ཤ་སྟག་རེད་སྙམ། དེ་དང་ཆ་འདྲ་བའི་ད་ལན་བཙན་བྱོལ་བུད་མེད་ཚོགས་པས་སུམ་བཅུའི་དུས་དྲན་ʼʼསྲུང་རྩི་མ་བྱས་པ་ʼʼནི་ངོ་མ་ཡིད་སྐྱོ་དགོས་པ་ཞིག་རེད།
[路透社记者]
我的问题是问朱维群委员的。现在看到每一年愿意会见达赖喇嘛的外国领导人越来越少,这是否是因为中国政府成功地劝阻了这些外国领导人与达赖喇嘛见面,您是否认为中国的这种政策是成功的?[ 2015-03-11 09:38 ]
[朱维群]
我想西藏的发展,全国人民对西藏的支持,各项政策措施的实施,使西藏的局面越来越好,这是达赖喇嘛在国际上的身价越来越低、越来越走不动的根本原因。我们希望达赖喇嘛能够改邪归正,放弃分裂祖国的立场,放弃他们欺骗人的所谓“中间道路”,放弃对西藏和其他藏区煽动自焚、搞破坏的活动。认真和中央有关部门进行接触,讨论一些问题,中央不会和他讨论所谓的大藏区问题、所谓的高度自治问题……[ 2015-03-11 09:47 ]
ཟླ་འདིའི་ཕྱི་ཚེས་ ༡༡ ཉིན་གྱི་སྔ་དྲོ་ཆུ་ཚོད་ ༩ པའི་སྟེང་། རྒྱ་ནག་དམར་གཞུང་རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་གཉིས་པའི་ཚོགས་འདུ་ཐེངས་གསུམ་པའི་གསར་འགོད་ལྷན་ཚོགས་ཐོག རོ་ཊིར་གསར་ཁང་གི་གསར་འགོད་པས་རྒྱ་དམར་སྲིད་གྲོས་རྒྱུན་ལས་ཀྲུའུ་ཝེ་ཆོན་ལ། ༧གོང་ས་མཆོག་དང་འབྲེལ་བའི་དྲི་བ་ཞིག་བཏོན་པའི་ལན་འདེབས་ཁྲོད། ཀྲུའུ་ཝེ་ཆོན་གྱིས་༼་་་་་་་་་་་ནན་ཏན་གྱི་སྒོ་ནས་རྒྱ་དམར་དབུས་གཞུང་(ཀྲུང་དབྱང་)གི་འབྲེལ་ཡོད་སྡེ་ཁག་ལ་ཐུབ་འཕྲད་བྱས་ཏེ་གནད་དོན་འགའ་ཤས་ལ་གླེང་མོལ་བྱེད་དགོས། རྒྱ་དམར་དབུས་གཞུང་(ཀྲུང་དབྱང་)གིས་ཁོ་དང་ལྷན་དུ་བོད་ཆེན་པོ་ཟེར་བའི་གནད་དོན་དང་། ཆེས་མཐོའི་རང་སྐྱོང་ཟེར་བའི་གནད་དོན་གླེང་མོད་མི་བྱེད།༽ཅེས་བའི་སྐད་ཆ་དུམ་བུ་ཞིག་ཐོན་ཡོད་པ་རེད། དེ་ལ་བརྟེན་ནས་རྒྱ་གར་གྱི་གསར་ལམ་ཁག་ཏུ་རྒྱ་གཞུང་གིས་༧གོང་ས་མཆོག་དང་གླེང་མོལ་བྱེད་འདུན་གྱི་རྣམ་འགྱུར་བསྟན་ཡོད་སྐོར་གྱི་གླེང་སློང་ཞིག་འགྲོ་བཞིན་འདུག
ཕྱི་ལོ་གཅིག་སྟོང་དགུ་བརྒྱ་ལྔ་བཅུ་ང་དགུའི་༼༡༩༥༩།༠༣།༡༠༽ཕྱི་ཟླ་གསུམ་པའི་ཚེས་བཅུ་པ་དེ་བོད་སྤྱིའི་རང་དབང་སྒེར་བླངས་ཉིན་མོ་དང་།
སྤྱི་ལོ་གཅིག་སྟོང་དགུ་བརྒྱ་༼༡༩༥༩།༠༣།༡༢༽ལྔ་བཅུ་ང་དགུའི་ཟླ་བ་གསུམ་པའི་ཚེས་བཅུ་གཉིས་དེ། བོད་ཀྱི་བུད་མེད་སྒེར་ཉིན་མོར་སྲུང་བརྩི་ཞུ་བཞིན་ཡོད་པ་རེད་སྙམ་ལགས།
བོད་རང་བཙན་སྐད་འབོད་བཀག་འགོག་བྱེད་མཁན་དང་དེ་ལ་རྙོག་གྲ་བཟོ་མཁན་གཉིས་ཆ་ང་ཚོའི་དགྲ་བོ་རྒྱ་དམར་གཞུང་ལ་དགོས་པའི་ལས་ཀ་ཞིག་རེད།
དེ་བཞིན་འདིའི་སྐོར་གྱི་གནས་ཚུལ་བརྒྱུད་འགོད་བྱེད་མཁན་དང་པར་དང་བརྙན་སོགས་འདྲ་མིན་བཟོས་ཏེ་དཀྲུག་ཤིང་རྒྱག་མཁན་ཚོས་ཀྱང་རྒྱ་མིའི་ལག་ཆ་ལ་རོགས་རམ་བྱེད་ཀྱིན་ཡོད་པ་རེད།
ང་རང་གི་རེ་བ་ལ་ཚང་མས་འདུག་ཚོད་བཟུང་ན་ཡག་པོ་ཡོད་པ་རེད་བསམ་ཀྱི་འདུག
བོད་ཀྱི་བུད་མེད་ཚོགས་པ་ནས་གསུམ་བཅུ་དུས་དྲན་ཉིན་ཕྱིེར་འཐེན་གནང་བ་དེ་ཧ་ཅང་བློ་ཕམ་ཡོད། བོད་ཀྱི་ཆིག་སྒྲིལ་གཏོར་བཤིགས་གཏོང་སོང་བསམ་པའི་ངོས་འཛིན་ཡོད། བོད་མི་དམངས་ཀྱིས་བོད་རང་བཙན་བཤད་པ་ལ་ཕྱིར་འཐེན་བརྒྱབ་པའི་ཚེ།བོད་ཆིག་སྒྲིལ་གང་ནས་ཡོང་ཐུབ།