མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཚོགས་གཙོས་དགོངས་ཞུ་ཕྱིར་འཐེན་གནང་།

བོད་ཀྱི་དུས་བབ།
༢༠༡༥/༠༣/༢༠
Share on FacebookShare on TwitterShare on EmailShare on Whatsapp

སྤྱི་འཐུས་ཚོགས་གཙོ་མཆོག་གིས་གསལ་བཤད་དང་འབྲེལ་དགོངས་ཞུ་ཕྱིར་འཐེན་གནང་སྟེ། དེ་རིང་སྔ་དྲོའི་ཆུ་ཚོད་ ༩།༣༠ སྟེང་གྲོས་ཚོགས་ཀྱི་ལས་རིམ་མུ་མཐུད་མཇུག་སྐྱོང་གནང་ཡོད།

ཁ་སང་སྔ་དྲོར་བོད་མི་མང་སྤྱི་འཐུས་གྲོས་ཚོགས་ནང་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་རྩིས་མགོ་ཞིག་དང་འབྲེལ་སྤྱི་འཐུས་བསྟན་པ་ཡར་འཕེལ་གྱི་བཀའ་མོལ་གནང་སྟངས་ཤིག་གི་ཐོག སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་ལ་མི་གསོད་ཉེས་འཛུགས་བྱས་པར་ངོས་འཛིན་བྱུང་སྟེ། ཚོགས་གཙོ་མཆོག་གིས་གསལ་བཤད་ཅིག་དང་འབྲེལ་ཚོགས་གཙོའི་ལས་གནས་ནས་དགོངས་པ་ཞུས་པ་ཡིན་ཞེས་གསུངས་རྗེས། གྲོས་ཚོགས་ནས་ཕྱིར་ཐོན་པ་དང་བསྟུན་ཏེ་ཚོགས་འདུ་དུས་མིན་ཏུ་གྲོལ་དགོས་བྱུང་ཡོད་པ་དང་། ཉིན་རྒྱབ་སྤྱི་འཐུས་ཚོགས་གཞོན་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་གིས་སྣེ་ཁྲིད་དེ་གྲོས་ཚོགས་མུ་མཐུད་ཚོགས་ཡོད།

ཕྱི་དྲོའི་ཆུ་ཚོད་ ༣ པའི་སྟེང་གྲོས་ཚོགས་བར་མཚམས་བཞག་སྟེ། སྤྱི་འཐུས་ནང་ཁུལ་བཞུགས་མོལ་ཚོགས་འདུ་ཚོགས་ཏེ་ཚོགས་གཙོ་མཆོག་ལ་དགོངས་པ་མི་ཞུ་རྒྱུའི་འབོད་སྐུལ་གནང་བ་དང་། ལྷག་པར་དུ་སྤྱི་ཚོགས་ནང་དང་བོད་ནང་བཅས་ནས་ཚོགས་གཙོ་མཆོག་ལ་དགོངས་པ་མི་ཞུ་རྒྱུའི་རེ་སྐུལ་བྱུང་བ་ལྟར། ཚོགས་གཙོ་མཆོག་གིས་བསྐྱར་དུ་དགོངས་བཞེས་ཐོག་དགོངས་ཞུ་ཕྱིར་འཐེན་གནང་སྟེ། དེ་རིང་སྔ་དྲོའི་ཆུ་ཚོད་ ༩།༣༠ སྟེང་གྲོས་ཚོགས་སུ་དབུ་བཞུགས་གནང་སྟེ། ཁ་སང་གི་གནས་ཚུལ་དེར་གསལ་བཤད་དང་འབྲེལ་ཚོགས་འདུའི་ལས་རིམ་མུ་མཐུན་མཇུག་སྐྱོང་གནང་སོང་།

སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་གིས་གསལ་བཤད་གནང་དོན། ཁ་སང་གི་ལས་རིམ་དང་འབྲེལ་བའི་ཐོག་ནས་གནས་ཚུལ་ཞིག་ཆགས་ཡོད་སྟབས། དེ་རིང་གི་ལས་རིམ་མགོ་མ་བཙུགས་གོང་ལ་ཚོགས་གཙོས་གསལ་བཤད་སྙིང་བསྡུས་ཤིག་ཞུ་ཆོག་པ་ཞུ་རྒྱུ་ཡིན། ཁ་སང་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ལས་དོན་གྱི་བྱུང་རིམ་དང་འབྲེལ་བའི་ཐོག་ནས་ཚོགས་གཙོས་ལས་གནས་ནས་དགོངས་པ་ཞུ་རྒྱུ་ཡིན་ཞེས་ཟེར་ནས་ཕྱིར་ཐོན་བྱས་པ་རེད། དེའི་རྗེས་སྤྱི་འཐུས་མང་པོ་ཞིག་ཕེབས་སོང་ལ། དཔལ་ལྡན་སྲིད་སྐྱོང་མཆོག་གི་དབུས་པའི་བཀའ་བློན་རྣམ་པའང་ཕེབས་ནས་དགོངས་པ་རྒྱ་ཆེན་པོ་བཞེས་རོགས་གནང་ཞེས་རེ་འདུན་བཏོན་གནང་སོང་།

དེའི་རྗེས་ཉིན་རྒྱབ་ནམ་རྒྱུན་ལྟར་གྲོས་ཚོགས་ཚོགས་གཙོ་གཞོན་པས་སྟངས་འཛིན་གནང་སྟེ་ཆུ་ཚོད་ ༣ པར་གྲོས་ཚོགས་ཚོགས་པ་རེད། ཆུ་ཚོད་ ༣།༣༠ ནས་ ༥།༠༠ བར་སྤྱི་འཐུས་རྣམ་པའི་བཞུགས་མོལ་ཚོགས་འདུ་ཚོགས་གནང་ཡོད་པ་རེད། བཞུགས་མོལ་ཚོགས་འདུའི་ནང་ལ་སྤྱི་འཐུས་རྣམ་པ་ཚོས་བཀའ་མོལ་ལྷུག་པོ་གནང་ནས་དགོངས་ཚུལ་ག་རེ་ཡོད་མེད་ཚོགས་གཙོ་གཞོན་པས་ང་ལ་གསུངས་བྱུང་། དེ་ཡིན་དུས་ངས་ནམ་རྒྱུན་གཞན་པར་ཤོད་སྐབས་མཁྲེགས་བཟུང་བྱེད་རྒྱུ་ཡོད་པ་མ་རེད། ཁོག་པ་ཆེ་ཙམ་བྱེད་དགོས་རེད། སྤྱི་ཚོགས་ནང་ལོགས་ལ་གནས་ཚུལ་ཆེ་ཕྲ་ཆུང་གསུམ་འདྲ་མི་འདྲ་མང་པོ་ཡོང་གི་རེད། དེ་འདྲ་ཡོང་སྐབས་གནས་ཚུལ་ཆེན་པོ་དེ་ཆུང་དུ་བཟོ་རྒྱུ་དང་། ཆུང་ཆུང་དེ་ཚོ་མེད་པ་བཟོ་དགོས་ཞེས་ནམ་རྒྱུན་ཤོད་མཁན་ཞིག་ཡིན་སྟབས། དེ་རིང་འདིར་ཚོགས་གཙོས་མཁྲེགས་བཟུང་བྱས་ནས་བསྡད་པ་ཡིན་ན། གྲོས་ཚོགས་དང་མང་ཚོགས་ནང་ལ་བརྡབ་གསིག་གང་ལ་གང་འཚམ་ཞིག་འཕྲད་ས་རེད་བསམ་པའི་བསམ་ཚུལ་ཞིག་བྱུང་།

གལ་སྲིད་གྲོས་ཚོགས་ཚོགས་མ་ཐུབ་པའི་གནས་སྟངས་དེ་འདྲ་ཆགས་པ་ཡིན་ན། སྔོན་རྩིས་ཀྱི་གྲོས་ཚོགས་རེད། ད་ཐེངས་གྲོས་ཚོགས་འདིའི་ནང་སྔོན་རྩིས་གཏན་འབེབས་བྱེད་མ་ཐུབ་པ་ཡིན་ན། འཛིན་སྐྱོང་བཀའ་ཤག་གིས་ཟླ་ ༤ ཚེས་ ༡ ནས་ལས་ཀ་བྱེད་ཐུབ་ཀྱི་ཡོད་མ་རེད། ང་ཚོའི་བཅའ་ཁྲིམས་བསྐྱར་བཅོས་ཕྱིན་པ་ནས་བཀའ་རྩ་ཁྱབ་བསྒྲགས་ཀྱི་ལམ་ཁ་བཏོན་རྒྱུ་མེད་སྟབས། དེའི་ལས་དོན་ལམ་ལྷོངས་ཡོང་ཆེད་གཅིག་དང་། ལྷག་པར་དུ་ད་ལྟ་བོད་ནང་ལ་གཉན་འཕྲང་གི་དུས་ཚོད་ཅིག་དང་གནས་སྟངས་སྡུག་པོ་ཡིན་པ་དེ། ཁ་སང་ང་ཚོས་ཉིན་གཉིས་གསུམ་ཞིག་བགྲོ་གླེང་བྱས་ཟིན་པ་རེད། གཉན་འཕྲང་གི་དུས་ཚོད་དེ་འདྲ་ཞིག་ལ་བོད་གཞིས་ལུས་ཚོ་བློ་ཕམ་བྱུང་བ་ཡིན་ན། ཏག་ཏག་ཅིག་བསྡད་ཀྱི་མི་འདུག་ཟེར་བཀའ་ཤག་གིས་གསུང་སྐབས་དེ་ལབ་པ་རེད། བོད་ནང་གི་མི་མང་ཚོས་ང་ཚོ་བོད་མིའི་སྒྲིག་འཛུགས་ལ་རེ་བ་ཞིག་བརྒྱབ་བསྡད་ཡོད་སྟབས། དགོངས་པ་རྒྱ་ཆེ་ཙམ་ཞིག་བཞེས་རོགས་གནང་གསུངས་པ་རེད། དེ་ཚོ་སེམས་ལ་གཞི་བཞག་པ་ཡིན།

དེ་བཞིན། གནས་ཚུལ་དེ་བྱུང་རྗེས་ས་ཆ་མང་པོ་ཞིག་ནས་ཚོགས་གཙོར་མང་ཚོགས་མང་པོ་ཞིག་གིས་ཐད་ཀར་ཁ་པར་གཏོང་མཁན་བྱུང་། མང་ཚོགས་སེམས་འཚབ་ཞེ་དྲགས་གནང་གི་འདུག བོད་ནས་དགོངས་པ་མ་ཞུ་རོགས་གནང་ཞེས་ཐད་ཀར་ཚོགས་གཙོར་ཞུ་མཁན་མ་བྱུང་ཡང་བརྒྱུད་ནས་དེ་འདྲ་ཞུ་མཁན་བྱུང་སོང་། དེ་ཚོ་ཚང་མར་གཞིར་བཞག་པའི་ཐོག་ནས་ཚོགས་གཙོས་དགོངས་པ་མི་ཞུ་རྒྱུའི་ཐག་གཅོད་བྱས་ནས་དེ་རིང་གྲོས་ཚོགས་ལ་བཅར་དགོས་པའི་རྒྱུ་མཚན་དེ་ཡིན།

གཙོ་བོ་ང་ཚོ་ཚང་མ་མི་མང་གིས་བདམས་ནས་སྤྱི་པའི་ལས་དོན་བསྒྲུབ་ཆེད་འདིར་སླེབ་ཡོད་སྟབས། ང་ཚོ་ཚང་མས་དེའི་ཐོག་ལ་ནུས་ཤུགས་སྤུངས་དགོས་པ་དེ་གལ་ཆེན་པོ་ཆགས་ཡོད། གལ་སྲིད་གནས་སྟངས་མི་འདྲ་བ་ཞིག་ཆགས་པ་ཡིན་ན་དགྲ་དགའ་གཉེན་སྡུག་གི་གནས་ཚུལ་རེད། དེ་རིང་ཚོགས་གཙོས་བློ་སྤོབས་ཆེན་པོའི་ཐོག་ནས་ཞུ་རྒྱུ་ཞིག་ལ་ཚང་མ་ཐུགས་འཚབ་མ་གནང་རོགས་གནང་། ང་ཚོ་མུ་མཐུད་འཕྱར་བ་གྲུ་འདེགས་ཐོག་ནས་ཚང་མས་ཧུར་ཐག་བྱས་ཏེ་སྤྱི་པའི་ལས་དོན་བསྒྲུབ་རྒྱུར་འབད་བརྩོན་བྱེད་རྒྱུ་ཡིན་ཞེས་ཞུ་རྒྱུའི་འདོད་པ་བྱུང་།

གནས་ཚུལ་དེ་དང་འབྲེལ་བའི་ཐོག་ནས་བརྒྱུད་ལམ་ཁག་ཏུ་གང་ལ་གང་འཚམ་ཞིག་སླེབ་བསྡད་ཀྱི་ཡོད་ས་རེད། བརྒྱུད་ལམ་ནང་སླེབ་སྐབས་ཕྱོགས་གཉིས་ཀའི་གནས་ཚུལ་སླེབ་བསྡད་ཡོད་སྟབས། མང་ཚོགས་ངོས་ནས་དགོངས་པ་བཞེས་ཏེ་བརྒྱུད་ལམ་ཁག་ནང་ལོགས་ལ་གནས་ཚུལ་རྩ་བ་ཉིད་ནས་གཏོང་ཆོག་གི་མ་རེད་ཅེས་ཚོགས་གཙོས་བཀའ་གཏང་རྒྱུ་གང་ཡང་ཡོད་མ་རེད། ཡིན་ཡང་ཚོགས་གཙོས་རེ་བ་ཞུ་རྒྱུ་ཞིག་ལ་གནས་ཚུལ་དེ་ཆེན་པོ་མ་བཟོས་པའི་ཐོག་ནས་ད་ལྟ་ང་ཚོ་འདི་ལ་ཞི་འཇམ་ཡོང་བ་ནང་བཞིན་སྤྱི་ཚོགས་ནང་ལའང་ཞི་འཇམ་ཡོང་རྒྱུའི་རེ་བ་ཞུ་བཞིན་ཡོད་ཅེས་ཞུ་རྒྱུའི་འདོད་པ་བྱུང་། ཅེས་གསལ་བཤད་གནང་རྗེས། སྔར་ཉིན་གྱི་སྔོན་རྩིས་གཏན་འབེབས་ཀྱི་ལས་རིམ་མཇུག་སྐྱོང་གནང་སོང་།

གསར་འགོད་པ། དོན་གྲུབ།

འབྲེལ་ཡོད་གསར་འགྱུར།

Front Slider

བོད་མིའི་སྒྲིག་འཛུགས་ཀྱི་སྤྱི་ཐབ་སྐོར་ལ་བཅར་འདྲི།

༢༠༢༥/༠༥/༡༠
སྐྱབས་རྗེ་བཀའ་ཟུར་ཀིརྟི་རིན་པོ་ཆེ་མཆོག་གི་མཛད་རྣམ་ཤར་སྟག་མོའི་བུ་ཞེས་པའི་འཕྲུལ་དེབ་འགྲེམས་སྤེལ་གྱི་མཛད་སྒོ་དང་དཔྱད་བརྗོད་བགྲོ་གླེང་འཚོགས། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༥།༥།༩
Mobile App

བཀའ་ཟུར་༧སྐྱབས་རྗེ་ཀིརྟི་རིན་པོ་ཆེ་མཆོག་གི་མཛད་རྣམ་ཤར་སྟག་མོའི་བུ་ཞེས་པའི་འཕྲུལ་དེབ་འགྲེམས་སྤེལ་གྱི་མཛད་སྒོ་འཚོགས།

༢༠༢༥/༠༥/༠༩
Mobile App

བོད་རིགས་ཨ་རི་བ་ཨ་ཧྥ་ཊབ་ཀརྨ་སིང་པུ་རི་ཝལ་ལགས་སུ་འོས་བསྡུའི་ཁྲོད་རྒྱལ་ཁ་ཐོབ།

༢༠༢༥/༠༥/༠༩
The Dalai Lama offers blessings to his followers at his Himalayan residence in the northern hill town of Dharamshala, India, on December 20, 2024 [Priyanshu Singh/Reuters]
༸གོང་ས་མཆོག གསར་འགྱུར།

ཡུ་རོབ་གྲོས་ཚོགས་སུ་༧གོང་ས་མཆོག་གི་ཡང་སྲིད་དང་འབྲེལ་བའི་གྲོས་ཆོད་ཅིག་གཏན་འབེབས་བྱུང་། 

༢༠༢༥/༠༥/༠༩
༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ཡེ་ཤུའི་ཆོས་དཔོན་རོ་བྷི་ཌི་པེ་ཝེ་སི་མཆོག སྐུ་པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས། ༢༠༢༤།༥།༩
༧གོང་ས་མཆོག གསུང་འཕྲིན།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་ཡེ་ཤུའི་ཆོས་དཔོན་གསར་པར་འཚམས་འདྲི་མཛད།

༢༠༢༥/༠༥/༠༩
བཙན་བྱོལ་བོད་མིའི་ཆོས་ཚོགས་ཐེངས་ ༡༤ པ་དབུ་འཛུགས་གནང་། ༢༠༡༩།༡༡།༢༧ དུས་བབ་གསར་ཁང་གི་པར།
Mobile App

 བཙན་བྱོལ་བོད་མིའི་ཆོས་ཚོགས་ཐེངས་བཅོ་ལྔ་པ་འཚོག་འཆར་འདུག

༢༠༢༥/༠༥/༠༩

མཆན། 32

  1. གངས་བཙན་པོ། says:
    ལོ་ 10 སྔོན།

    མཆོག་ཏུ་བཀུར་འོས་པའི་དཔལ་ལྡན་ཚོགས་གཙོ་མཆོག་གིས་བོད་རྒྱ་ཆེའི་མི་མང་ལ་ཐུགས་བསམ་བཞེས་ནས་བསྐྱར་དུ་སྲིད་སྟེགས་སྟེང་ལ་ཕེབས་པ་ཧ་ཅང་དགའ་ཡོད། དོན་དངོས་ཐོག་ཚོགས་ཁང་འདིའི་ནང་དུ་ཁ་ཞེ་གཉིས་མེད་ཀྱི་དབུ་མའི་ལམ་གྱི་སྲིད་བྱུས་ཐོག་ལ་མཁྱེན་རྒྱ་ཡངས་མཁན་ཁྱེད་ལས་ལྷག་ངོ་མ་མེད། ཕྱོགས་ཡོངས་ལ་བལྟས་ན་ཧ་གོ་ངེས་ཡིན། མྱི་ཚེགས་ཁ་ཤས་ཀྱིས་སྤྱི་ཚོགས་ནང་དུ་མཐོང་ཆེ་རུ་འགྲོ་སྐབས་མིག་གི་མ་བཟོད་པར་གནས་ཚུལ་ཆུང་ཆུང་ཞིག་ཆེ་རུ་བཟོ་འདོད་ཡོད་པ་དང་ཁྱབ་བསྒྲགས་ཆུང་ཆུང་ཆེ་རུ་གཏོང་འདོད་ཡོད་པ་དེ་ང་ཚོའི་སྤྱི་ཚོགས་ནང་ལུགས་ཤེས་མེད་ཚོས་འཁྲབ་སྟེང་ཞིག་རེད། བོད་ཀྱི་ལོ་རྒྱུས་ཀྱི་བརྒྱུད་རིམ་ལ་བལྟས་ན་འང་ཉོག་འཛིང་གི་ཁོར་ཡུག་ཞིག་ལས་ཚད་ལྡན་གྱི་སྤྱི་ཚོགས་ཤིག་ཧ་ལམ་སུ་གཅིག་གི་བསྐྲུན་ཐུབ་མེད། སུ་ལ་ཡང་ཐུགས་ཕམ་བྱེད་མི་དགོས།

    Reply
  2. མགོ་ལོག་ཟླ་བྷེ། says:
    ལོ་ 10 སྔོན།

    འོ་ད་ཁ་བྲོ་བཀྲ་ཤིས། ཉི་ནག་དེར་འཛམ་གླིང་མི་མང་གིས་མཐོང་སར་གུར་འོས་བོད་མི་མང་སྤྱི་འཐུས་ཤིག་གིས་སྐབས་མིན་འགྲེལ་མེད་དོན་གཞན་གྱི་བཀའ་གསུང་གནག་པོ་བུད་པ་དང་། སྤྱི་འཐུས་ཚོགས་གཙོ་མཆོག་གིས་ཀྱང་གོང་མས་མ་ཤེས་རྦབ་སྒྲིལ། རྗེས་མས་མ་ཤེས་བྲང་ཟེད་ཟེར་བ་ལྟར། ཚོགས་གཙོའི་ལས་གནས་ནས་དགོངས་པ་ཞུས་ཏེ་གྲོས་ཚོགས་དུས་མིན་དུ་གྲོལ་དགོས་ཐུག་པའི་བོད་གངས་ཅན་སྣོད་བཅུད་རིག་གཞུང་སྐད་ཡིག་དང་བཅས་པ་འཆི་གསོན་གྱི་འགག་མཚམས་འདིར་དགྲ་དགའ་གཉེན་སྡུག་གི་བརྙན་རིས་དེ། ངས་ཐོགས་མར་མཐོང་མ་ཐག་རང་གིས་རང་ལ་ཡིད་མ་ཆེས་བ་ལྟར་ཐེངས་ཁ་ཤས་ལ་ཡང་ལྟ་བྱས་མཐར་མིག་ནང་ནས་མིག་ཆུ་རང་དབང་མེད་པར་ཤོར་སོང་བ་དང་། དེ་ལུགས་འགྲུལ་བ་སེམས་ཤུགས་ཅན་ཞིག་ལ་ཁ་བདའ་བཤད་ནས་ངེད་གཉིས་ཀྱིས་བློ་ཕམ་གྱི་སྐད་ཆ་བརྗོད་སྐབས། ངའི་ཆུང་མའང་དེ་ན་སྐད་དམའ་མོས་ངུ་བཞིན་འདུག སྐབས་དེར་ཁོང་གཉིས་ཀྱི་སྟེང་ལ་བློ་ཕམ་དང་སྦྲགས་ཚིག་པའང་ཟོས་སོང་། མི་སྒེར་ངོས་ནས་བཤད་ན་བསྟན་པ་ཡར་འཕེལ་ལགས་གྱིས་ཀྱང་ང་རང་ལ་རོགས་པ་གང་ལེགས་བྱེད་མྱོང་ཡོད་པ་དང་ཕར་ལའང་གུས་བརྩི་ཡོད། ཚོགས་གཙོ་ལགས་ནི་དེ་ལས་ཀྱང་བོད་སྤྱིའི་དོན་དུ་ད་རེས་ཀྱི་གཞོན་སྐྱེས་ཤེས་འཇོན་ལྷག་བསམ་དང་ལྡན་ལ་༧ གོང་ས་མཆོག་ལ་ཤེས་ནས་ཡིད་ཆེས་ཐོབ་མཁན་བཀའ་སྤྱིའི་དབུ་ཁྲིད་རྣམ་པ་ལ་ཁོ་བོ་ཐེ་བའི་བོད་གཞི་བྱེས་གཉིས་ལ་རེ་བ་ཆེན་པོ་ཡོད་པ་དང་། ང་རང་ཉིད་སྒེར་བ་ལའང་བཀའ་དྲིན་ཆེན་པོ་ཡིན། ཡིན་ཡང་གནས་ལུགས་དང་མྱི་ངོ་མི་བརྗེ་བའི་གུས་པའི་རང་གཤིས་ལྟར་བཤད་ན། གནས་སྐབས་ཚོགས་འདུ་མཚམས་འཇོག་ཙམ་བྱས་ནས་རྒྱུན་ལས་ཟུར་ཚོགས་སམ་ཡང་ན་བཀའ་ཤག་དང་མཉམ་གྲོས་སོགས་བྱེད་དགོས་ཐུག་ཀྱང་། ཚོགས་གཙོའི་ལས་གནས་ནས་དགོངས་ཞུ་ཟེར་བ་དེ་ངོ་མ་བློ་ཡུལ་ལས་འདས་པ་ཞིག་མཐོང་བྱུང་། རབ་ཡིན་ན་གདུལ་བྱའི་ལོག་སྒྲུབ་བཟོད་པའི་བཟོད་པ་ཟེར་བ་ལྟར་ཁུངས་སྐྱེལ་ར་སྤྲོད་ཡོད་ན་དུས་ཚོད་སྤྲོད་རྒྱུ་དང་། ཁུངས་ལུང་མེད་ཀྱང་གུ་ཡངས་པོས་ལན་འདེབས་དང་སྦྲགས ། ལས་རིམ་མུ་མཐུད་ནས་སོང་ན་གཟི་བརྗིད་འཕར་མ་ཡོང་སྲིད། འཕྲལ་ཕུགས་རྒྱང་གསུམ་ལ་ཐུགས་བསམ་མི་བཞེས་པར་ཁ་ཐུག་ཚོར་བ་དབང་སོང་གིས་ཐག་གཅོད་མི་ཕལ་བ་ལྟར་བྱས་ན་རང་ཉིད་གཞན་གྱིས་ཆེད་དུ་བཙུག་པའི་རྙི་ནང་ལ་ལྷུང་ཉེན་ཡང་ཤིན་ཏུ་ཆེ།རང་ལ་མི་འདོད་པའི་མ་ཉེས་ཁ་ཡོག་གཏམ་ངན་གླེང་སློང་སོགས་སྤྱི་ཚོགས་སྣེ་ཁྲིད་པ་ཞིག་ཡིན་ཕྱིན་ཡོད་ཡོད་པ་རེད།དེ་དག་ལ་གདོང་ལེན་བྱེད་རྒྱུ་ནི་ཆ་རྐྱེན་གཙོ་བོ་ཞིག་རེད་བསམས་སོང་།དེ་མིན་མེ་བཙའ་ཤ་ལ་བབ་ཡོང་དུས་སྤྱི་དོན་གཡུག་རྐྱང་བྱས་ན། དོལ་ཚོགས་ཀྱིས་བྱེད་སྟངས་སོགས་དྲིན་ལན་ལོག་འཇལ་དེ་དག་གིས་། ༧ གོང་ས་མཆོག་གིས་ཀྱང་ང་ཚོ་ཐེངས་ག་ཚོད་ལ་གཡུག་དགོས་སམ། གང་ལྟར། ད་དེ་ལས་འཕྲོས་པའི་རྙོག་གླེང་གིས་ང་ཚོའི་སྤྱི་ཚོགས་སྤར་མོ་གང་བོ་མ་དཀྲུག་པར། མཐུན་སྒྲིལ་རྡོག་རྩ་གཅིག་སྒྲིལ་ནི་ཆོལ་ག་ཆོས་བརྒྱུད་གཞི་བྱེས་ཐམས་ཅད་ལ་མེད་ཐབས་མེད་པའི་ཐོག་ནས། མཁས་པའི་འཕྱུག་ཀྱང་སྲོང་ལ་མྱུར།། བླུན་པའི་ཨུ་ཚུགས་རུས་ལ་གཏུག། ཟེར་བ་ལྟར་དགོངས་པ་ཆེ་བཞེས་ཀྱིས་སླར་ཧ་ཅང་ཡག་པོ་བྱུང་བ་ནི་ས་གཞི་གསེར་གྱིས་བཀང་བ་ལས་དགའ་བོ་བྱུང་སོང་བཀྲ་ཤིས་བདེ་ལེགས་ཞུ་བོད་རྒྱལ་ལོ།

    ཚོར་བའི་དབང་སོང་ཐག་གཅོད་དག །
    ཕལ་ཆེར་འགྱོད་པའི་རྒྱུ་རུ་འགྱུར། །
    བསམ་བློ་ཞིབ་ཏུ་བཏང་བའི་ལས། །
    འཕྱུག་ཀྱང་རང་ལ་འཁང་ར་ཆུང་། །
    མགོ་ལོག་ཟླ་བྷེས་གུས་པ་ཆེན་པོས་ཕུལ།

    Reply
  3. མི་རྒོད། says:
    ལོ་ 10 སྔོན།

    ༄་། །དཔལ་ལྡན་མི་རྗེ་གྲོས་ཚོགས་ ཚོགས་གཙོ་མཆོག་སླར་འགན་འཁུར་དགྱེས་བཞེས་གནང་བར་བོད་རིགས་ཆོལ་གསུམ་ཡོངས་ནས་བཀྲིན་ཆེ་ཞེས་ཞུ། གནད་དོན་ནི་ད་རྒྱ་དམར་གྱི་ཀླ་ཀློའི་བལྟ་སྤྱོད་ལྐོག་ཟ་རུལ་སུངས་ཞེས་པའི་ཚིག་དེ་ང་ཚོའི་སྤྱི་ཚོགས་ནང་བེད་སྤྱོད་གནང་ན་ཧ་ཅང་ཐལ་ཆ་ཆེ་ལ་དེ་ནི་དམར་པོ་རིང་ལུགས་པས་དབང་ཆ་འཐབ་ཇུས་ཀྱི་ཡུ་བ་རྩེ་རྣོ་ལ་ངར་ཤུགས་ལྡན་པ་ཞིག་རེད། དེའི་ཐད་བོད་རིགས་སྤྱི་ཚོགས་ནང་མཐོ་དམན་བར་གསུམ་གྱི་བལྟ་བ་དེར་ཞེན་ཆགས་དོར་ན་ལེགས་པ་ཡོང་ས་རེད། ང་ཚོ་ནི་མི་རབས་ནས་མི་རབས་རྒྱལ་དགོས་པའི་བོད་རིགས་སྤྱི་ཚོགས་གཅིག་ཡིན་པས་རང་ཉིད་ལ་རྒྱལ་ཁབ་ཡོད་པ་ལྟར་གྱི་མ་འཇོན་འཇོན་མདོག་གནང་ན་འགྲིག་པ་ལས་ནོར་བ་མང་བ་ཡོང་གི་རེད། ད་ལྟའི་སྤྱི་འཐུས་དེའི་བསམ་བློ་ནང་རྡ་ས་བཙན་བྱོལ་ཡིན་པ་ཏིང་བརྗེད་སོང་བ་གསལ་པོ་འདུག། ལས་དོན་གང་དུའང་བརྒྱ་ཆ་༡༠༠( ༠/༠) སྒྲུབ་པ་འཛམ་གླིང་བྱུང་མེད་ལ་ཡོང་རྒྱུ་ཡང་ཁག་པོ་རེད། བཀྲིན་ཆེ།

    ༼ བོད་རིགས་སྤྱི་འཐུས་ལྷན་ཁང་ནམ་ཡང་རྒྱལ་གྱུར་ཅིག༽

    Reply
  4. ཤག་སྒང་པ། says:
    ལོ་ 10 སྔོན།

    བཀའ་རྒྱུད་སྤྱི་འཐུས་ནས་ཧ་ཅང་གནད་འགག་ཆེ་བའི་གྲོས་ཚོགས་སུ་ནང་ཁུལ་གྲོས་ཚོགས་སྤྱི་འཐུས་གསུམ་ལ་སྐྱོན་འཛུགས་གསུམ་བྱས་པ་དེ་དོན་དུ་སྒེར་ནད་ཅིག་ཁྲིམས་རྭར་འཁུར་མི་ཆོག་པ་ཤེས་བཞིན་དུ་རུམ་ནང་དུ་སླར་ཡང་ཁྱབ་བསྒྲགས་ཤིག་བྱས་ནས་ནང་དམེ་བྱས་པ་ལས། སྤྱི་དོན་ལ་འགན་འཁུར་བྱས་པ་ཞིག་རྩ་ནས་མ་མཐོང་།

    སྒྲོལ་ལྷས་ལྐོག་ཟ་རུལ་སུངས་བྱས་པ་དང་། ཟླ་ཚེས་སྤྱི་རྒྱུ་སྒེར་བདག་བྱས་པ། ཚོགས་གཙོར་མི་གསོད་ལག་དམར་གྱི་བསྙོན་འཛུགས་ཚང་མ་སྐད་ཆ་རྙིང་པ་རྙིང་རུལ་གསུམ་རེད།

    དེས་ན་ང་ཚོ་བསམ་བློ་རྣལ་དུ་ཕབ་ནས་འགན་འཁུར་རང་བཞིན་གྱི་སྐད་ཆ་བཤད་དགོས་པ་ལས། འདི་ལྟར་མི་ཡོང་བའི་རེ་བ་ཡོད།

    སྐྱོན་འཛུགས་འདི་བྱས་པའི་གྲུབ་འབྲས་ནི་གྲོས་ཚོགས་སུ་འགྲོ་བཞིན་པའི་སྐར་རྟགས་ཅན་གྱི་དྲི་བ་དང་གནད་དོན་གཞན་ལ་མི་མང་ནས་དོ་སྣང་བྱེད་ཁོམ་མེད་པར་བར་ཆད་བཟོས་པ་ཙམ་ཞིག་རེད།

    ལར་ནས་གསར་འགོད་པ་དེ་ཚོས་བཀའ་རྒྱུད་སྤྱི་འཐུས་ལ་བཅར་འདྲི་མི་བྱེད་དོན་གང་ཡིན་མ་ཤེས་སོང་། དེ་ཡང་བཟོད་གཡོལ་ནང་འགྲིགས་བཏང་བ་ཞིག་ཡིན་རྒྱུ་རེད།

    Reply
  5. གནམ་བུ་ལྷ་དཀར། says:
    ལོ་ 10 སྔོན།

    ཚོགས་གཙོ་མཆོག་གིས་ཐུགས་འགན་ཆེ་བཞེས་ཀྱིས་གྲོས་ཚོགས་ལ་ཕེབས་པར་དགའ་བསུ་དང་ཐུགས་རྗེ་ཞུ།

    Reply
  6. དགེ་བོ་བཀྲ་ཁོ says:
    ལོ་ 10 སྔོན།

    དཔལ་ལྡན་བོད་མི་དམངས་སྤྱི་འཐུས་ཚོགས་གཙོ་སྐུ་ངོ་སྤེན་པ་ཚེ་ལགས་ནས་དགོངས་ཆེར་བཞེས་ཀྱི་ལས་འཁུར་མུ་མཐུད་དུ་གནང་བར་སྙིང་ཐག་པ་ནས་ཐུགས་རྗེ་བཀའ་དྲིན་ཆེ་ཞུ།
    བཀའ་བརྒྱུད་སྤྱི་འཐུས་འདི་དང་འདི་ལྟ་བུ་རེ་ཟུང་གིས་བོད་པའི་སྤྱི་ཚོགས་ནང་སྔ་རྗེས་རྙོག་གླེང་གང་མང་བཟོས་ཡོད་པས་ཚང་མས་ཐུགས་གཟབ་གནང་རོགས།

    Reply
  7. འབྲོང་བུ་སོག་ཚ། says:
    ལོ་ 10 སྔོན།

    སླར་ཡང་བྱོན་པར་བཀྲ་ཤིས་བདེ་ལེགས་དང་། གོང་དུ་སོང་བའི་གནད་དོན་རྣམས་རིམ་པའི་ཇེ་གསལ་ཡོང་རེ་བྱེད་བཞིན་སྒུག་ནས་ཡོད།

    Reply
  8. གནས་ཚང་། says:
    ལོ་ 10 སྔོན།

    ད་ཚང་མ་ལོས་ཚོགས་གཙོ་ཕྱིར་ལོག་པ་དེ་ཡག་རབ་ལབ་ཀྱིན་འདུག ཡིན་ནའི། གླེང་གཞི་འདི་གཙང་སེལ་བྱེད་མ་ཐུབ་པར་ལྷག་པ་འདིས་ཚོགས་གཙོའི་མ་འོངས་མདུན་ལམ་སོགས་གང་ཅིའི་ཐད་གནོད་ཀྱི་ཡོད་པས། ཁྲིམས་ཐོག་ནས་བཙན་བྱོལ་ནང་དེང་ཕྱིན་གླེང་ཡ་མེད་པ་ཞིག་བཟོ་ཐུབ་བམ། དེ་ལྟར་མ་ནུས་ན་གླེང་གཞི་འདི་མུ་མཐུད་གནས་ཀྱི་རེད་འདོད། དེ་ལྟར་དོགས་གཞི་ཅན་གྱི་གྱོད་དོན་ཞིག་ཡིན་པ་ར་འཕྲོད་ཡོད་པ་རེད།

    Reply
  9. འགྲུལ་བཞུད་པ། says:
    ལོ་ 10 སྔོན།

    ཚོགས་གཙོ་ཕྱིར་ལོག་ཕེབས་པར་བཀའ་དྲིན་ཆེ། ད་ལན་གནས་ཚུལ་གསལ་པོ་བཟོས་ནས་ཕྱིས་སུ་དེ་ལྟར་མི་ཡོངས་བའི་རེ་བ་ཡོད། མཐོ་རིམ་མི་སྣ་ཚོས་བཀའ་མོལ་གནང་སྐབས་ཐུགས་བསམ་རྒྱ་ཆེ་བཞེས་ནས་ཤོད་རོགས། བོད་མིའི་ལས་དབང་ཁྱེད་ཚོའི་ལག་པར་ཡོད། ང་ཚོས་ཁྱེད་ཚོར་ཡིད་ཆེས་བློས་འཁེལ་བྱེད་སྐབས་ཁྱེད་ཚོས་གང་གཟབ་གནང་རོགས། དེ་ལྟར་བྱེད་མ་ཐུབ་ན་སོ་སོས་གང་བྱེད་མཁྱེན་གསལ་རེད།

    Reply
  10. འབྲོག་རུ་ཆོས་དར། says:
    ལོ་ 10 སྔོན།

    སྤྱིར་དོན་ཆུང་མེད་པ་བཟོ་རྒྱུ་འགྲིག་ཏུ་ཆིག་མོད། དེ་རེ་འདི་དོན་ཆུང་ཡིན་པར་བསམ་ནས་མེད་པར་བཟོ་དཀའ་འདུག
    ཁ་སང་གི་དོན་རྐྱེན་དེའི་དབང་གིས་ཐེངས་སྔོན་མར་ཚོགས་གཙོ་བཀའ་བློན་དུ་འགྲོ་མ་ཐུབ་པ་རེད་ལ། ཐེངས་རྗེས་མའང་དེ་བཞིན་རེད། ཚོགས་གཙོ་བཀའ་བློན་ལ་འགྲོ་འདོད་ཡོད་པ་མངོན་གསལ་རེད། དེས་ན་དོན་རྐྱེན་འདི་ཉེས་འཛུགས་ཡིན་པའི་དབང་དུ་བཏང་ནའང་ཚོགས་གཙོའི་ངོས་ནས་ཀྱང་རང་ཉིད་ལ་དཀར་འདོན་བྱ་དགོས་ངེས། གཞན་ད་དུང་། དོན་རྐྱེན་དེ་སྔོན་མ་ནས་མང་ཚོགས་ཁྲོད་ཁྱབ་བསྡད་ཡོད་པས་མང་ཚོགས་ངོས་ནས་ཀྱང་དོགས་སེལ་དང་གསལ་བཤད་དགོས་ངེས། གལ་སྲིད་ཉེས་པ་མེད་ན་ཉེས་འཛུགས་མཁན་དེའང་རང་དགར་བཞག་ན་སྐྱག་ལངས་ཤོར་འགྲོ།
    རྒྱུ་མཚན་དེ་དག་ལ་བརྟེན་ནས་ཚོགས་གཙོས་ཁོག་རྒྱ་ཆེ་མདོག་གིས་ཉེས་པ་མེད་མདོག་གིས་ཁུ་སིམ་བསྡད་ན་ཉེས་པ་ཡོད་པ་དོན་གྱིས་ཁས་བླངས་པ་དང་ཁྱད་ཅི།
    གྲོས་ཚོགས་ནང་གི་སྐད་ཆ་གཞུང་འབྲེལ་ལམ་ནས་ཁྲིམས་ལ་གཏུགས་མི་ཆོག་རུང་། སྒེར་ངོས་ནས་ཁྲིམས་གཏུགས་མི་ཆོག་པ་མ་རེད།

    Reply
  11. བསྟན་འཛིན་མཚོ། says:
    ལོ་ 10 སྔོན།

    ཚོགས་གཙོ་སྤེན་པ་ཚེ་རིང་ལགས། ཁྱེད་རང་གིས་དེ་རིང་གི་ཐག་གཅོད་དེ་འགྲིགས་པ་རེད། སྐྱོན་བརྗོད་བྱེད་མཁན་སྤྱི་འཐུས་དེས་དམིགས་ཡུལ་དང་གྲ་སྒྲིག་ཆ་ཚང་ལྡན་པའི་ཐོག་ནས་གྲོས་ཚོགས་ནང་སྐད་ཆ་དེ་གླེང་པ་ཞིག་ལ་ངོས་འཛིན་བྱེད་ཀྱི་ཡོད། ངེས་པར་དུ་བློ་རྒྱ་ཆེན་པོས་ཕྱག་ལས་གནང་དགོས་པའི་འབོད་སྐུལ་ཞུ་གི་ཡོད།

    ༄༅། །སྨོན་ལམ་ལོག་པས་ྋརྒྱལ་བའི་བསྟན་པ་ལ། །འཁུ་བའི་ནག་ཕྱོགས་གཟུགས་ཅན་གཟུགས་མེད་སྡེ། །བསམ་སྦྱོར་ངན་པའི་འཇུག་པ་མ་ལུས་པ། །མཆོག་གསུམ་བདེན་པས་རྩད་ནས་གཅོད་གྱུར་ཅིག ༎ ༎
    བོད་རྒྱལ་ལོ།

    Reply
  12. གཉའ་འབྲོང་ཐུ་བུ། says:
    ལོ་ 10 སྔོན།

    ཚོགས་གཙོས་དགོངས་པ་ཆེར་བཞེས་གནང་བར་བཀའ་དྲིན་སྙིང་ནས་ཞུ།

    Reply
  13. བྱ་གཞུང་དཔལ་རྡོར། says:
    ལོ་ 10 སྔོན།

    མི་འགའ་ཤས་ཀྱིས་རང་ཉིད་མཁས་མདོག་གིས། གྲོས་ཚོགས་ནང་དུ་དགེ་སྐྱོན་བཤད་པ་ནི་མང་གཙོའི་ཁྱད་ཆོས་ཤིག་རེད་ཟེར་བ་ནི་བདེན་པ་ཡིན་ནའང་། གྲྭ་བ་དེའི་བཤད་སྟངས་ནི་དགེ་སྐྱོན་འདོན་པ་ཞིག་རེད་མི་འདུག་ལ། དེ་འདྲ་ཞིག་མང་གཙོའི་ཁྱད་ཆོས་རེད་ཟེར་བ་ནི་ཧ་ཅང་ཐལ་ཆ་ཆེ་བའི་བཤད་ཚུལ་ཞིག་རེད། དཔེར་ན། མང་གཙོ་ཡིན་ན་མི་སྒེར་ལ་བདེན་དཔང་མེད་པར་ཉེས་འཛུགས་བྱེད་རུང་ངམ།

    Reply
  14. བྱ་གཞུང་དཔལ་རྡོར། says:
    ལོ་ 10 སྔོན།

    དཔལ་ལྡན་ཚོགས་གཙོ་མཆོག་གིས་བོད་སྤྱི་བའི་ལས་འགན་གཙོ་བོར་བཟུང་སྟེ་ཕྱིར་ཕེབས་པར་ཐུགས་རྗེ་ཆེ། ང་ཚོ་ཚང་མས་ཤེས་གསལ་རེད། ད་སྐབས་སྤྱི་འཐུས་ནང་དུ་ཚོགས་གཙོ་སྤེན་པ་ཚེ་རིང་ལས་ལྷག་ཅིག་མི་སུ་གཅིག་ཀྱང་མི་འདུག བཀུར་འོས་བའི་ཚོགས་གཙོ་འདི་ལྟ་བུ་ལ་གང་ཡང་མི་ཤེས་མཁན་དང་གང་ཡང་མི་འཇོན་མཁན་གྱིས་ཉེས་འཛུགས་བྱེད་པ་དེ་བཟོད་དཀའ་བ་ཞིག་རེད། གྲྭ་བ་དེས་མང་གཙོ་རེད། ག་རེ་བྱས་ནས་བཤད་མཆོག་གི་མ་རེད་ཟེར་ནས་སྐད་ཤུགས་ཆེན་པོས་ཉེས་འཛུགས་བྱེད་ཚུལ་ལ་བལྟས་ན་ཁོང་ལ་སྤྱི་ཚོགས་ནང་གི་སྤྱིར་བཏང་གི་ཤེས་ཡོན་ཞིག་ཀྱང་མི་འདུག

    Reply
  15. བོད་ཀྱི་བུ། says:
    ལོ་ 10 སྔོན།

    གྲོས་ཚོགས་ནང་ནས་དགེ་སྐྱོན་བཤད་རྒྱུ་ནི་དམངས་གཙོའི་ཁྱད་ཆོས་རེད། གྲོས་ཚོགས་ནང་ནས་རུལ་བསྡད་པ་བཤད་མི་ཆོག་ན་དེ་ནི་ངན་རྟགས་ཀྱི་ནོན་ཞིག་ཡིན་པ་བཤད་ཅི་དགོས། ་ད་རེས་སྤེན་ཚེ་བརྒྱབ་ལ་ཆོལ་ཁ་ཞིག་ཁ་འཁྱེར་ནས་ཚོར་བ་བཤད་མཁན་ཚོར་ངོ་རྒོལ་ཡོད།

    Reply
  16. མཁར་སྟོད། says:
    ལོ་ 10 སྔོན།

    བཙོན་བྱོལ་སྤྱི་ཚོགས་ཁྲོད་ཆབ་སྲིད་ཀྱི་གོ་རྟོགས་མེད་པའི་སྟེང་བོད་མིའི་མཐུན་སྒྲིལ་ལ་གཏོར་བཤིག་གཏོང་བའི་སྐད་ཆ་དེ་རིགས་བྱུང་བ་ནི་ཤིན་ཏུ་བློ་ཕམ་ཆེ། མ་ཟད་བོད་པ་ཐུན་མོང་གི་གནད་དོན་གླེང་སའི་སྡིང་ཆ་འདི་གང་ཟག་སོ་སོའི་བསམ་ཚད་དང་དྲན་ཚད་ཤོད་སའི་སྡིང་ཆ་ཞིག་ཏུ་གྱུར་སོང་། མི་དམངས་ཀྱི་འཐུས་མི་ཞིག་ཡིན་པའི་ངོས་ནས་དེ་ལྟ་བུའི་མི་དམངས་ཀྱི་མཐུན་སྒྲིལ་ལ་གནོད་པའི་བཀའ་མོལ་གསུང་བ་ནི་ཧ་ཅང་གི་ཐལ་ཆ་ཆེ་བ་ཞིག་རེད། དེ་ནི་དམངས་གཙོ་དང་རང་དབང་ཁ་ལ་འཁྱེར་ནས་་རང་ཚུགས་ཤོར་བའི་བྱ་སྤྱོད་ཅིག་རེད།

    Reply
  17. ཆུ་ཐིགས་སྔོན་མོ། says:
    ལོ་ 10 སྔོན།

    དགོངས་པ་ཆེ་བཞེས་གནང་པར་ཐུགས་རྗེ་ཆེ་་་་ང་ཚོའི་སྤྱི་ཚོགས་འདི་ཆུང་ཆུང་ཞིག་ཆེན་པོར་བཟོ་བར་ཧ་ཅང་མཁས་པོ་ཡོད་པ་རེད་་་་་དོན་ཐག་དེ་ཕྱི་ནས་ཁྲིམས་ཐོག་ལ་སོང་ནས་ཐག་བཅད་ན་ཡག་གི་རེད་་་
    གྲོས་ཚོགས་བདེ་བླག་ངང་མཇུག་སྐྱོང་ཐུབ་པ་བྱེད་རྒྱུ་ཧ་ཅང་གལ་ཆེན་རེད་་་

    Reply
  18. འདྲེ་མགོ་རྡོ། says:
    ལོ་ 10 སྔོན།

    འཆར་གཞི་ཡོད་པའི་ཟིང་སློང་འདི་ལ་ལྟོས་ཚེ། ང་ཚོ་བོད་ཀྱི་སྤྱི་དོན་ནི་ཕ་རིའི་སྤང་རྒྱན་རེད་འདུག་ཁར། ཆོལ་འཐོར་ནང་འཐོར་ཞིག་ཡོང་རྒྱུའི་རྟགས་མཚན་ནི་གསལ་བོ་ཐོན་འདུག

    Reply
  19. ནོར་འཛིན་དོན་འགྲུབ། says:
    ལོ་ 10 སྔོན།

    ད་སྐབས་རྒྱ་དཀར་ནག་གཉིས་ཀྱི་གཞུང་འཛིན་པ་རྣམས་ལྐོག་ཟ་རིགས་ལུགས་དང་ལག་དམར་རྣམས་དམ་དྲགས་བྱེད་ནས་སྐད་གྲགས་དང་དགའ་མོས་བྱེད་སྐབས་་་་མི་རེ་འགའ་་་་ད་རང་རེ་གཞུང་འཛིན་པ་རྣམས་དང་སྤྱི་མཐུན་རྣམས་ལ་ངས་དེ་འདྲ་ནག་ཉེས་རེ་བསྟོན་ན་ངར་སྐད་གྲགས་་དང་དགའ་མོས་བྱེད་མཁན་ཡོད་་ས་རེད་བསམ་ནས་འདྲ་མི་འདྲ་བྱེད་ཀྱིས་ཡོད་རེད་་་་་་་་ཚོགས་གཙོ་ལག་དམར་ཡིན་པ་ཁུངས་བཤད་ར་སྤྲོད་བྱེད་ཐུབ་ཚེ་ངས་ལུས་ངག་ཡིད་གསུམ་གྱིས་དམ་བཅའ་བྱེད་ཐུབ་ནི་་་་་་་ངས་ལུས་བོད་དོན་དུ་མེརུ་སྲེད་ཐུབ་ངེས་ཡིན་་་་་་་་་འདིར་བསྟོན་རོགས་་་་་

    Reply
  20. ནོར་འཛིན་དོན་འགྲུབ། says:
    ལོ་ 10 སྔོན།

    ཚོགས་གཙོ་མཆོག་སླར་ཡང་བོད་གངས་ཅན་ལྗོངས་ཀྱི་གནས་སྟངས་ལ་ཐུགས་བསམ་ཆེན་མོའི་ངང་ལྷག་བསམ་རྣམ་དག་གིས་ཚོགས་གཙོ་མགན་ཁུར་གནང་བ་ངས་བོད་ཕྱི་ནང་གཉིས་ཡོད་པའི་ནང་མི་སྤུན་མཆོད་ཡང་ནས་བཀའ་དྲིན་ཆེ་ཞུ་་་་་་་་་་་་་་་སོ་སོར་སྐུ་བསྟོད་ཁོ་ན་མོས་མཁན་དག་གིས་ཁུངས་མེད་ལུང་མེད་སྐད་འདྲ་ངར་སྐད་ཆེན་མོས་ངང་བཤད་པ་སྣང་མེད་གཏོང་རོགས་ཞུ་་་་་་་་་་་་་གལ་སྲིལ་མི་དག་གིས་ཁུངས་ལུང་ཡོད་མདོག་བྱེད་ན་ཁྱེད་ཀྱིས་གསུངས་པར་ལྟར་ཁྲིམས་ཁང་རྣམ་དག་གཅིག་ལ་འགྲོ་ནས་མི་དེ་དག་མ་འོངས་པ་སྤྱི་ཚོགས་འདིའི་ནང་ཁུངས་མེད་ལུང་མེད་བཤད་ན་མི་དེ་དག་ལ་ལྟར་དང་ཟེར་བ་གཅིག་བཟོ་རོགས་ཞུ་་་་་་་་་་་

    Reply
  21. རྡོ འཇམ་ཚུལ། says:
    ལོ་ 10 སྔོན།

    དུས་བབ་གསར་ཁང་ལ་གོ་ཤེས་དང་གནས་ཚུལ་གལ་ཆེན་དུ་བརྩིས་ཏེ་ཁ་གསལ་བཀོད་པར་ཐུགས་རྗེ་ཆེ་ཞུ། མུ་མཐུད་ནས་ཤུགས་སྐྱོན་རོགས་གནང་། མི་མང་གིས་གདེང་འཇོག་དང་ཡིད་ཆེས་ལ་གཅེས་སྐྱོངས་གལ་ཆེན་རེད།

    Reply
  22. ཚ་ཤོད་ཤེས་རབ། says:
    ལོ་ 10 སྔོན།

    གྲོས་ཚོགས་ནང་གི་འཐབ་རྩོད་འདི་ཆོས་རྒྱུད་ཀྱི་སྲིད་དབང་འཐབ་རྩོད་ཅིག་རེད། ཚོགས་གཙོ་རྒྱང་ཕུད་ཀྱི་རྗེས་སུ་སྲིད་སྐྱོང་ལ་སྐྱོན་འཛུགས་བྱ་རྒྱུ་རེད། ཕུགས་དོན་ངོ་མ་དེ་ཤེས་རྒྱུར་འདས་པའི་ལོ་རྒྱུས་དང་སྐབས་སྔ་མའི་ལས་ཀྱི་སྣེ་མོ་ཁ་ཅིག་གི་བྱ་སྤྱོད་ཤེས་དགོས།

    Reply
  23. ཀརྨ་རྡོ་རྗེ། says:
    ལོ་ 10 སྔོན།

    ཚོགས་གཙོས་དུས་ཐོག་དགོངས་པ་ཞུས་པ་ཡང་འགྲིགས་སོང་ལ། སླར་ཡང་གཞན་གྱིས་བསྐུལ་བ་ལྟར། གྲོས་ཚོགས་སུ་འཚོགས་བཅར་གནང་བ་ཡང་། འགྲིགས་སོང་སྙམ་ལགས།། །།

    Reply
  24. གླག་སྨྱོན། says:
    ལོ་ 10 སྔོན།

    གསལ་བཤད་ག་རེ་གནང་ཡོད་ན་དྲ་ཐོག་ཏུ་འགོད་རོགས། ཚོགས་གཙོ་ལགས་དཀར་སར་བུད་ཐུབ་པའི་རེ་བ་ཡོད། དེ་མིན་དགྲ་དགའ་གཉེན་སྡུག་རང་རེད།

    Reply
  25. རྡོ འཇམ་ཚུལ། says:
    ལོ་ 10 སྔོན།

    ཡང་གསལ་འགོད་པ་སུ་ཡིན་དང་གསལ་ཁ་མེད་པའི་སྐྱོན་ཞིག་བསླེབས་སོང་། དཔེར་ན་ཚོགས་གཙོས་༼ཁ་སང་གི་གནས་ཚུལ་དེར་གསལ་བཤད་ཅིག་གནང་བ་དང་འབྲེལ་༽ཞེས་པ་ལྟ་བུའི་གསལ་བཤད་གང་ཞིག་བྱས་ཡོད་པའི་གསལ་ཁ་མེད་པ་ལྟ་བུ་རེད།

    Reply
  26. འཇིགས་བྲལ་བསྟན་འཛིན། says:
    ལོ་ 10 སྔོན།

    ཁ་སང་སྤྱི་འཐུས་བསྟན་པ་ཡར་འཕེལ་གྱིས་འགན་ཁུར་བའི་བཀའ་གནང་གི་ཡོད་གསུངས་སོང་ལ། སྐབས་དེར་ཚོགས་གཙོ་སྤེན་པ་ཚེ་རིང་གིས་བཀའ་སྤྱི་གཉིས་ཀྱི་དབུས་སུ་གྲོས་ཚོགས་ཀྱི་ཚོགས་གཙོའི་ལྡིང་ཆ་བརྒྱུད་ནས་ཚོགས་གཙོ་ནས་དགོངས་པ་ཞུས་སོང་།

    བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཀྱི་རྭ་བ་འདི་ང་འགྲོ་གི་ཡིན། ཡང་འགྲོ་གི་མིན་ཟེར། རྩེད་མོ་རྩེ་ས་མ་ཡིན་པ་ཐུགས་ལ་འཇོག་རོགས།

    ལྷག་པར་ཁྱོད་རང་ཚོའི་རྩེད་མོ་འདིའི་ནང་གཞིས་ལུས་མི་མང་དྲུད་མ་ཡོང་རོགས།

    དཱ་ཞི་མིས་སྐྱག་པ་སྦས་སྦས་བྱས་ནས་བྱབ་ཡོད་མ་རེད་ཅེས་ཞུ་རྒྱུ་ཡིན།

    Reply
  27. བཛྲ་སུ་མ་ཏི། says:
    ལོ་ 10 སྔོན།

    བཀུར་འོས་སྤྱི་མཐུས་བསྟན་པ་ཡར་འཕེལ་མཆོག་ལགས། ད་ཚོགས་གཙོ་ཡོད་ས་འདིར་ངེས་པར་དུ་མི་གསོད་ཁྲག་སྦྱོར་སྐོར་ར་སྤྲོད་ཁུངས་སྐྱེལ་གནང་རོགས་ཡོང་བར་མཁྱེན། བོད་མི་དམངས་ཀྱི་ཁྱེད་ཀྱིས་ཁུངས་སྐྱེལ་ལ་རེ་སྒུག་བྱས་ནས་བསྡད་ཡོད་དོ། །

    Reply
  28. འཇིགས་མེད་སེངྒེ། says:
    ལོ་ 10 སྔོན།

    གྲོས་ཚོགས་འཐུས་མི་སུ་རུང་གིས་གྲོས་ཚོགས་ལས་རིམ་སྐབས་སྐད་ཆ་བཤད་པར་གྲོས་སུ་གཏོགས་པ་ཕན་ཚུན་གྱིས་ཁྲིམས་གཏུགས་བྱེད་ཆོག་གི་མེད། དེ་ནི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ལས་དོན་བྱེད་ཕྱོགས་དང་འགན་དབང་གི་སྒྲིག་གཞིའི་དགོངས་དོན་རེད། དེ་འདྲའི་གོ་སྐབས་ཤིག་བརྒྱུད་ནས་བསྟན་པ་ཡར་འཕེལ་གྱིས་”གྲོས་ཚོགས་ནང་སྤྱི་རྒྱུ་སྒེར་བདག་བྱེད་མཁན་དང་། ལྐོག་ཟ་རུལ་སུངས་བྱེད་མཁན། མི་གསོད་ཁྲག་སྤྱོར་བྱེད་མཁན་”ཡོད་རེད་ཅེས་བཤད་པ་རེད།
    གལ་ཏེ་ང་ཚོས་གྲོས་ཚོགས་ནང་གི་སྤྱི་རྒྱུ་སྒེར་བདག་བྱེད་མཁན་དང་། ལྐོག་ཟ་རུལ་སུངས་བྱེད་མཁན། མི་གསོད་ཁྲག་སྤྱོར་བྱེད་མཁན་དེ་དག་སུ་ཡིན་ཤེས་འདོད་ན། དུས་བབ་ཚང་ངམ་གསར་འགྱུར་བརྒྱུད་ལམ་གང་རུང་གིས་བསྟན་པ་ཡར་འཕེལ་ལ་བཅར་འདྲི་ཞིག་བྱས་ནས། མི་དེ་དག་གི་མིང་ཕྱིར་འདོན་བྱ་རྒྱུའི་བློ་སྤོབས་ཡོད་མེད་བལྟ་ཐུབ་ན། གཞི་ནས་གནས་ཚུལ་ཁ་གསལ་བཟོ་ཐུབ།

    Reply
  29. ཚ་ཤོད་ཤེས་རབ། says:
    ལོ་ 10 སྔོན།

    ངས་རྒྱུས་ལོན་ཏོག་ཙམ་བྱས་མྱོང་། སྲིད་སྐྱོང་བློ་བཟང་སེངྒེ་ལ་བོད་ཀྱི་སྲིད་སྐྱོང་དང་བོད་ཀྱི་རྒྱལ་པོ་ཞེས་སྙན་ངག་དང་། གླུ་གཞས་སོགས་ཀྱི་ལམ་ནས་མངོན་གསལ་དང་མངོན་གསལ་མ་ཡིན་པའི་ཐོག་ཆེ་བསྟོད་དང་། སྐུ་དཔར་ཡང་མཆོད་གཤོམ་དུ་འཇོག་མཁན་བོད་མདོ་སྨད་ཕྱོགས་ན་ཤིན་ཏུ་མང་། དེ་བཞིན་བོད་ཁམས་ཕྱོགས་ཀྱི་གནས་སྐོར་ཚོའི་ཁྲོད་ན་སྤྱི་འཐུས་ཚོགས་གཙོ་ལ་དགའ་མོས་བྱེད་མཁན་མང་པོ་ཞིག་ལ་ཐུག་མྱོང་། མདོ་དོན་བོད་ན་བོད་མི་རིགས་གཅིག་གི་འདུ་ཤེས་ལས་ཆོལ་ཁ་དང་ཆོས་རྒྱུད་ཀྱི་ཞེན་ཁོག་དེ་རྩ་ནས་མི་འདུག འདི་ན་དྲ་འབུ་ཁ་ཅིག་གིས་ཞེན་ཁོག་རང་གི་སྐད་ཆ་ལས་དོན་དངོས་ལ་ལྟ་ཡི་མི་འདུག ད་ལྟའི་དུས་འདིར་སྲིད་སྐྱོང་དང་ཚོགས་གཙོ་གཉིས་བོད་མི་རིགས་ཀྱི་བླ་སྲོག་རེད་ཟེར་ན་ཆོག ༸གོང་ས་མཆོག་གིས་སྐུ་དབང་རྩིས་སྤྲད་རྗེས། མི་ཉུང་བ་ཞིག་གིས་བཙན་བྱོལ་སྒྲིག་འཛུགས་འདི་ལ་རེ་བ་མ་བརླག་པའི་རྒྱུ་རྐྱེན་གཙོ་བོ་ཡང་། སྲིད་སྐྱོང་ཤེས་འཇོན་ཞིག་དང་། ཚོགས་གཙོ་ཤེས་འཇོན་ཞིག་ཡོད་པ་དེ་ཡིན། ང་ཚོས་སྲིད་བརྗིད་འདི་རང་ཉིད་ཀྱི་གཟི་བརྗིད་དང་། བོད་མི་རིགས་ཀྱི་སྲིད་བརྗིད་ཅིག་ལ་བརྩི་དགོས།

    Reply
  30. ཇོ་རུ་ཚེ་རིང་། says:
    ལོ་ 10 སྔོན།

    ད་རེས་ཡང་བོད་མི་སྐྱ་སེར་མང་ཚོགས་རྩེད་མོ་རྩེད་སྤྱད་དང་། བོད་མིའི་གྲོས་ཚོགས་རྩེད་མོ་རྩེད་ས་བཟོས་སོང་ཏཱ། མང་ཚོགས་ལ་འགན་ཁྱེར་མ་སོང་ལ། གྲོས་ཚོགས་ལའང་འགན་ཁྱེར་མ་སོང་། མང་ཚོགས་ནང་འཁྲུག་ཐེབ་བཅུག་རྗེས་གནས་ཚུལ་ཁ་གསལ་བོ་གང་ཡང་བཟོས་མ་སོང་། ང་དངོས་གནས་སྤྱི་འཐུས་ཚོར་ཡ་མཚར་སོང་ལ། གྲོས་ཚོགས་འདིར་མགོ་ན་སོང་།
    སྤེན་པ་ཚེ་རིང་དང་བསྟན་པ་ཡར་འཕེལ་གཉིས། གྲོས་ཚོགས་ནང་གི་སྐད་ཆ་ཁྲིམས་གཏུགས་མི་ཆོག་ཅེས་པའི་ནང་ཁུང་དེའི་གྲིབ་མའི་འོག་ཡིབ་ནས་བསྡད་སོང་ལོ།
    དེ་ནི་གྲོས་ཚོགས་ར་བ་འདི་ནི་༼སྤྱི་རྒྱུ་སྒེར་བདག་བྱེད་མཁན། ལྐོག་ཟ་རུལ་སུངས་བྱེད་མཁན། མི་གསོད་ཁྲག་སྤྱོར་བྱེད་མཁན༽གྱི་སྤྱི་མི་གཡོ་སྲོལ་ཅན་འདུ་ས་དང་། བཙན་བྱོལ་སྤྱི་ཚོགས་ཀྱི་༼འཛེམ་ཟོན་ཅན་གྱི་མང་གཙོ། སྤྲེལ་ལད་ཅན་གྱི་མང་གཙོ།༽ཞིག་ལ་དོགས་སློང་མི་བྱེད་མཐུ་མེད་ཆགས་སོང་ལོ།

    Reply
  31. སྐལ་བཟང་རྣམ་རྒྱལ། says:
    ལོ་ 10 སྔོན།

    གང་ལྟར་ཡང་གནད་དོན་འདིའི་རིགས་མ་འོངས་བཀའ་སྤྱི་གཉིས་ཀྱི་འོས་བསྡུ་ཆེན་མོའི་སྔོན་དུ་བདེན་རྫུན་གཙང་སེལ་ཐུབ་པ་བྱེད་དགོས་འདུག གལ་ཏེ་བཀའ་སྤྱི་གཉིས་ཀྱི་སྔོན་འགྲོ་དང་དངོས་གཞིའི་འོས་བསྡུའི་བར་མཚམས་སུ་གནས་ཚུལ་འདི་རིགས་ཀྱི་ཐོག་ནས་ཟང་ཟིང་བྱུང་ན་གཞུང་དམངས་ཚང་མར་བརྡབ་གསིག་ཡོང་ངེས་རེད།

    Reply
  32. བདེ་རྒྱལ། says:
    ལོ་ 10 སྔོན།

    བཀའ་ཤག་དང་སྤྱི་འཐུས་བསམ་ཤེས་ཅན་ཚོར་ཐུགས་རྗེ་ཆེ། གནས་སྐབས་འདི་འདྲ་ཞིག་ལ་གནད་ལ་ཁེལ་བའི་ལས་དོན་ཞིག་ཐག་གཅོད་གནང་ཐུབ་འདུག སྤྱི་ཚོགས་ཤིག་གི་མགོ་ནས་འདུག་མཁན་ཞིག་ཡིན་ཚེ་ངེས་པར་ཁོག་པར་མདའ་ཤོངས་མདོང་ཤོངས་ཡིན་ཡིན་དགོས། ད་དུང་འདི་འདྲའི་གནད་དོན་ལ་ཐུག་གི་རེད། བཟོད་སྒོམ་མུ་མཐུད་གནང་དགོས།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese