དེ་རིང་དྷ་ས་ཟློས་གར་ཐང་དུ་༧གོང་ས་མཆོག་དབུ་བཞིགས་ཐོག་ཞོ་སྟོན་དབུ་འཛུགས་གནང་ཡོད་པ་དང་། ཟློས་གར་སྤྱི་ཁྱབ་འགན་འཛིན་ལགས་ཀྱིས་ཟློས་གར་ཚོགས་ཁང་གསར་རྒྱག་དང་བོད་ཀྱི་ཞོ་སྟོན་ཐེབས་རྩ་འཛུགས་རྒྱུ་སོགས་ཀྱི་འཆར་གཞི་ཡོད་སྐོར་གསུངས་སོང་།
དེ་རིང་སྔ་དྲོའི་ཆུ་ཚོད་ ༩ པ་ཐོག་བོད་ཀྱི་ཟློས་གར་རྩེད་ཐང་དུ། བོད་ཀྱི་ཞོ་སྟོན་བྱེས་སུ་སླར་གསོ་བྱུང་སྟེ་ལོ་ ༢༠ འཁོར་བའི་དུས་སྟོན་དང་འབྲེལ་ཏེ་ཞོ་སྟོན་དབུ་འཛུགས་མཛད་སྒོ་ཚོགས་སོང་བ་དང་། མཛད་སྒོའི་ཐོག་༧གོང་ས་མཆོག་དབུ་བཞུགས་ཐོག བོད་མིའི་སྒྲིག་འཛུགས་ཀྱི་ཁྲིམས་ཞིབ་པ་ཆེ་བ་མཆོག་དང་ཁྲིམས་ཞིབ་པ་གཞན་གཉིས། སྲིད་སྐྱོང་བློ་བཟང་སེང་གེ་མཆོག་དང་བཀའ་བློན་རྣམ་པ། སྤྱི་འཐུས་ཚོགས་གཙོ་གཞོན་རྣམ་གཉིས་ཀྱིས་དབུས་སྤྱི་འཐུས་རྣམ་པ་དང་། ལྷན་ཁང་ཁག་གི་དྲུང་ཆེ་ཆུང་། དེ་བཞིན་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་གི་སྐུ་ཚབ་དང་། བོད་ཀྱི་ཟློས་གར་ཚོགས་པས་གཙོས་མ་སུ་རི་བོད་ཁྱིམ་དང་། ཀ་སྦུག་བོད་མིའི་ལྷ་མོ་ཚོགས་པ། ཨོ་རི་ས་ཕུན་ཚོགས་གླིང་ལྷ་མོ་ཚོགས་པ། བྷན་དྷ་ར་ལྷ་མོའི་མཐུན་ཚོགས། སྦེལ་ཀོབ་ལྷ་མོ་ཚོགས་པ། མན་སྤར་ཕན་བདེ་གླིང་ལྷ་མོ་ཚོགས་པ། བལ་ཡུལ་བོད་ཀྱི་ལྷ་མོ་ཚོགས་པ་བཅས་ལྷ་མོ་ཚོགས་པ་ཁག་ ༩ ཡི་འཁྲབ་ཁྲིད་པ་དང་འཁྲབ་སྟོན་པ། གཞན། དྷ་ས་ཁུལ་གྱི་སེར་སྐྱ་མི་མང་བཅས་མི་གྲངས་ ༣༠༠༠ ཡས་མས་འདུ་འཛོམས་བྱུང་སོང་།
མཛད་སྒོའི་ཐོག་མར་བོད་ཀྱི་ཟློས་གར་ཚོགས་པའི་སྤྱི་ཁྱབ་འགན་འཛིན་དཔེ་ཟུར་དབང་འདུས་ཚེ་རིང་ལགས་ནས་༧གོང་ས་མཆོག་ལ་མཎྜལ་རྟེན་གསུམ་འདེགས་འབུལ་ཞུས་པ་དང་། བོད་ཀྱི་ལྷ་མོའི་སྲོལ་འབྱེད་གྲུབ་ཐོབ་ཐང་སྟོང་རྒྱལ་པོའི་སྐུ་བརྙན་འཁྲབ་རའི་ནང་གདན་འདྲེན་ཞུས་རྗེས། བོད་ཀྱི་ཟློས་གར་སྤྱི་ཁྱབ་འགན་འཛིན་ལགས་ཀྱིས་ཞོ་སྟོན་ངོ་སྤྲོད་གནང་དོན། བོད་ཀྱི་གནའ་བོའི་དུས་སྟོན་ཁྱད་པར་ཅན་ཞོ་སྟོན་འདི་བོད་ནང་དུས་འགྱུར་གྱི་རྐྱེན་པས་ཕྱི་ལོ་ ༡༩༥༨ ལོ་དུས་སྟོན་མཐའ་མ་དེ་ཆགས་ཡོད་པ་དང་། ༧གོང་ས་མཆོག་གི་ཐུགས་བཀོད་ལྟར་བོད་པའི་ཆོས་དང་རིག་གཞུང་མི་ཉམས་རྒྱུན་འཛིན་ཆེད། ༡༩༥༩ ཟླ་ ༨ ཚེས་ ༡༡ ཉིན་བོད་ཀྱི་ཟློས་གར་ཁང་གསར་འཛུགས་གནང་སྟེ། བོད་ཀྱི་འཁྲབ་སྟོན་སྒྱུ་རྩལ་སྤྱི་དང་ལྷག་པར་ལྷ་མོའི་སྒྱུ་རྩལ་སླར་གསོ་གནང་བ་དང་། ༡༩༩༣ ལོར་བོད་ཀྱི་ཞོ་སྟོན་རྒྱས་པ་སླར་གསོ་ཞུས་ཏེ་འདི་ལོ་བགྲང་བྱ་ ༢༠ འཁོར་ཡོད། ཅེས་བརྗོད་སོང་།
ཡང་ཁོང་གིས་ཟློས་གར་གྱི་ལས་བསྡོམས་སྙན་སྒྲོན་ཞུས་པའི་ནང་། ད་ལྟའི་ཆར་བོད་ཀྱི་ཟློས་གར་ཚོགས་པར་འཁྲབ་ཁྲིད་དགེ་རྒན་ ༥ དང་འཁྲབ་སྟོན་པ་ཕོ་མོ་ ༢༧ ཡོད་པའི་ཐོག འདི་ལོར་སློབ་གཉེར་བ་ ༡༧ གསར་དུ་བསྡུས་ཡོད་པ་དང་ཚེམ་ཁང་ནང་ལས་བྱེད་ ༡༢། འཛིན་སྐྱོང་ལས་བྱེད་ ༡༧ བཅས་ཡོད་པ་དང་། དགའ་ལྡན་ཕོ་བྲང་ཡིག་ཚང་གི་མཐུན་འགྱུར་འོག ཟློས་གར་སྒྲ་འཇུག་ཚན་པའི་ནང་ཧིན་སྒོར་ ༢༢༩༥༨༤༧ མ་གནས་ཅན་གྱི་འཛུགས་སྐྲུན་ལེགས་འགྲུབ་བྱུང་བ་དང་། སུད་སི་ནོར་བཟང་དགེ་རྩ་ནས་རོགས་དངུལ་ཧིན་སྒོར་འབུམ་ ༡༥༧༩༠༠༠ གནང་བ་ལྟར་ཟློས་གར་ཐང་ཆེན་གྱི་དཀའ་ངལ་སེལ་ཐབས་བྱུང་བ། དེ་བཞིན་ལྡི་ལི་དོན་གཅོད་ཁང་བརྒྱུད་རྒྱ་གར་དབུས་གཞུང་ནས་ཚོགས་པའི་འཛིན་སྐྱོང་ལ་ཧིན་སྒོར་ ༧༠༢༠༠༠༠ ཡི་རོགས་དངུལ་གནང་སྐོར་དང་། བོད་མིའི་སྒྲིག་འཛུགས་ཀྱི་བཀའ་ཁྱབ་ལྟར་ལོ་འཁོར་གཞུང་འབྲེལ་དུས་ཆེན་ཁག་ལ་ཟློས་གར་ཚོགས་པས་རོལ་དབྱངས་དང་གླུ་གཞས་གཟིགས་འབུལ་ཞུས་ཡོད་པ་དང་། བོད་རིགས་ཚོང་པ་ཞིག་གིས་མགྲོན་འབོད་གནང་བ་ལྟར་ལོ་གསར་སྐབས་ཨེ་ཊ་ལིར་བོད་ཀྱི་རིག་གཞུང་འཁྲབ་སྟོན་བྱས་ཡོད་སྐོར་སོགས་བརྗོད་སོང་།
མ་འོངས་ལས་འཆར་སྐོར་ལ། བོད་ཀྱི་ཟློས་གར་ཚོགས་པའི་ཚོགས་ཁང་ཆུང་དྲགས་པ་དང་རྙིང་པ་ཡིན་པས་གསར་བཟོ་དང་། བོད་ཀྱི་འཁྲབ་སྟོན་སྒྱུ་རྩལ་གྱི་བསླབ་གཞི་རྩ་འཛིན་གཏན་འབེབས་བྱ་འཆར་ཡོད་པ། འཁྲབ་སྟོན་སྒྱུ་རྩལ་ཡར་རྒྱས་ཡོང་ཆེད་ཁྱད་ལས་པ་གང་མང་གདན་ཞུས་ཀྱིས་ནུས་པ་གོང་མཐོར་གཏོང་ཐབས་དང་སྦྱོང་བརྡར་སྤྲོད་རྒྱུ་དང་། ༧རྒྱལ་བའི་བཀའ་དྲིན་རྗེས་དྲན་ཞུ་ཆེད་དུས་ཆེན་རོལ་དབྱངས་ཚོགས་ཐབས་དང་། བོད་ཀྱི་ཞོ་སྟོན་ལ་ཕན་པའི་ཞོ་སྟོན་ཐེབས་རྩ་འཛུགས་འཆར། གཞན་ཡང་། རྒྱ་གར་བ་གློག་བརྙན་སྒྱུ་རྩལ་མཁས་པ་ཞིག་དང་རྒྱ་གར་རྒྱལ་ཡོངས་གློག་བརྙན་ཁང་ལ་མཉམ་འབྲེལ་གྱིས་བོད་ཀྱི་ལྷ་མོའི་སྒྱུ་རྩལ་དུས་སྟོན་གློག་བརྙན་གསར་བཟོ་དང་། བོད་ཀྱི་ཆོས་བརྒྱུད་ཁག་དང་ལུང་ཚན་ཁག་གི་ཆས་གོས་མི་ཉམས་རྒྱུན་འཛིན་ཆེད་ཉམས་ཞིབ་མཐར་ཕྱིན་བྱས་ཏེ། མ་འོངས་པའི་མི་རབས་རྣམས་ལ་བོད་ཀྱི་ཆས་གོས་གཞི་འཛིན་ཡུལ་གྱི་དཔེ་དེབ་གསར་འདོན་བྱ་འཆར་བཅས་ཡོད་སྐོར་བརྗོད་སོང་།
མཛད་སྒོའི་ཐོག་ཟློས་གར་ཚོགས་པས་གཙོས་ཕྱོགས་མཐའ་ནས་ཡོང་བའི་ལྷ་མོ་ཚོགས་པ་ཁག་གིས་སྟོན་པའི་མཛད་རྣམ་དང་ལྕགས་ཟམ་པ་གྲུབ་ཐོབ་ཐང་སྟོང་རྒྱལ་པོའི་མཛད་པ། མཁན་སློབ་ཆོས་གསུམ། སྣང་ས་འོད་འབུམ། གཟུགས་ཀྱི་ཉི་མ་སོགས་ཀྱི་རྣམ་ཐར་ཁག་ཅིག་འཁྲབ་སྟོན་གནང་ལ། ཐེངས་འདིའི་དུས་སྟོན་དེ་རིང་ནས་དབུ་འཛུགས་ཀྱིས་ཕྱི་ཟླ ༤ ཚེས་ ༥ ཉིན་བར། ས་གནས་ཁག་ནས་ཕེབས་པའི་ལྷ་མོ་ཚོགས་པ་ཁག་གིས་ཟློས་གར་དང་གཞས་སྣ་འཁྲབ་སྟོན་གནང་རྒྱུ་ཡིན་འདུག
གསར་འགོད་པ། པདྨ་མཚོ།
ཞོ་སྟོན་དུས་ཆེན་ལ་བཀྲ་ཤིས་བདེ་ལེགས་ཞུ་བ་ཆབས་ཅིག ལྷ་མོའི་ཟློས་གར་ཚོགས་པ་ཁག་གི་རིག་གཞུང་འཁྲབ་སྟོན་ཡར་རྒྱས་ཡོང་བའི་རེ་བ་དང་སྨོན་ལམ་ཞུ།
ཡར་རྒྱས་གཏོང་དགོས་པ་རེད། བརྗོད་བྱ་ཕུན་སུམ་ཚོགས་པ་འདུག་ག བོད་མི་ས་ཡ་གཅིག་དང་འབུམ་གཉིས་དམར་གསོད་བཏང་པ། མཐོ་རིམ་དཔོན་རིགས་དང་མི་དྲག་ཁག་བཙན་བྱོལ་གནང་པ། གློ་སྒྲིག་འཛུགས། ད་དུང་བོད་ནང་ཡར་ལངས་བསྟུད་མར་བྱུང་པ། དེང་སྐབས་མེར་བསྲེག་ངོ་རྒོལ་གནང་བཞིན་པ་སོགས་བརྗོད་གཞིར་བཟུང་ནས་འཁྲབ་སྟོན་གནང་དགོས་པ་རེད། དེ་མིན་ལྷ་མོ་སོགས་བོད་ནང་དུ་རྡ་ས་ལས་ཡག་ག་འཁྲབ་ཀྱི་ཡོད་པ་རེད། ཡིན་ནའི། གོང་གི་བརྗོད་གཞི་ཁག་བོད་ནང་འཁྲབ་ཐུབ་ཀྱི་མ་རེད།