དེ་རིང་སྔ་དྲོར་བོད་ཀྱི་དཔེ་མཛོད་ཁང་དུ་བོད་རིག་པའི་མཁས་པ་ ༡༥ ཡིས་བརྩམས་པའི་བོད་དོན་དག་སྐྱེལ་ཞེས་པའི་བསྒྱུར་དེབ་ཅིག་དབུ་འབྱེད་གནང་སོང་།
དེ་རིང་སྔ་དྲོའི་ཆུ་ཚོད་ ༡༡ ཐོག་གངས་སྐྱིད་བོད་ཀྱི་དཔེ་མཛོད་ཁང་དུ། དཔེ་མཛོད་ཁང་གིས་དཔར་སྐྲུན་གནང་བའི་བོད་དོན་དག་སྐྱེལ་(Authenticating Tibet)ཞེས་པའི་དཔེ་དེབ་བོད་བསྒྱུར་བྱས་པ་དེ་དབུ་འབྱེད་གནང་སོང་ལ། སྐབས་དེར་སྐུ་མགྲོན་གཙོ་བོར་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་དང་བོད་མི་མང་སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག དེ་བཞིན་ཤེས་རིག་བཀའ་བློན་དངོས་གྲུབ་ཚེ་རིང་མཆོག་གི་དབུས་ལྷན་ཁང་ཁག་གི་དྲུང་ཆེ་རྣམ་པ་དང་སྤྱི་འཐུས་རྒྱུན་ལས་རྣམ་པ། གཞན་ཡང་། བོད་ཀྱི་དཔེ་མཛོད་ཁང་གི་འགན་འཛིན་དགེ་བཤེས་ལྷག་རྡོར་ལགས་ཀྱི་གཙོས་ལས་བྱེད་སོགས་མི་གྲངས་ ༦༠ ཡས་མས་འཛོམས་འདུག
མཛད་སྒོའི་ཐོག་མར་སྐུ་མགྲོན་གཙོ་བོ་རྣམ་གཉིས་ནས་༧གོང་ས་མཆོག་གི་སྐུ་པར་མཐོང་གྲོལ་རིན་པོ་ཆེར་མཇལ་དར་དང་སྣང་གསལ་སྒྲོན་མེ་ཞལ་འབྱེད་གནང་རྗེས། བོད་ཀྱི་དཔེ་མཛོད་ཁང་གི་འགན་འཛིན་དགེ་བཤེས་ལྷག་རྡོར་ལགས་ཀྱིས་དཔེ་དེབ་ཕབ་བསྒྱུར་སྐོར་ང་སྤྲོད་གནང་སྐབས། དཔེ་མཛོད་ཁང་གི་དཔེ་དེབ་དཔར་སྐྲུན་ལ་ཆ་བཞག་ན། ལོ་རེར་སྒོར་འབུམ་ཉི་ཤུ་སུམ་བཅུ་ཡིས་དཔེ་དེབ་དཔར་གྱིན་ཡོད་པ་དང་། གཙོ་བོ་བོད་ཡིག་ཐོག་དང་། གཉིས་པ་དབྱིན་ཡིག གསུམ་པ་ཧིན་རྡུའི་ཐོག་དེབ་བཅུ་བཅོ་ལྔ་ཞིག་པར་བརྒྱབ་ཡོད། དེ་ཚོ་མང་ཆེ་བ་བོད་ཀྱི་སྤྱིར་བཏང་གི་ཆོས་དང་རིག་གཞུང་ལ་འབྲེལ་བ་ཡོད་པ་རྐྱང་རྐྱང་རེད། བར་ལམ་བསམ་བློའི་ནང་བོད་དོན་བདེན་པ་ག་རེ་ཡིན་མིན་དེ་ཚང་མས་ཤེས་དགོས་པ་ཞིག་དང་། འཛམ་བུ་གླིང་ལ་ཁྱབ་བསྒྲགས་བྱེད་དགོས་པ་དེ་དངོས་ཡོད་གནས་ཚུལ་ཞིག་ཆགས་བསྡད་ཡོད་ལ། མཚམས་རེར་དེའི་སྐོར་ལ་འཛམ་བུ་གླིང་ལ་ཡོད་ཀྱང་ང་ཚོར་མེད་པ་དང་། དབྱིན་ཡིག་སོགས་སྐད་ཡིག་གཞན་གྱི་ཐོག་ཡོད་ཀྱང་བོད་སྐད་ཐོག་མེད་པ་དེ་འདྲ་ཆགས་ཡོད་སྟབས། ལས་གཞི་འདི་མགོ་འཛུགས་བྱས་ཡོད་པ་དང་། དེ་རིང་གི་བོད་དོན་དག་སྐྱེལ་ཟེར་བ་འདི་བོད་སྐད་ཐོག་ཕབ་བསྒྱུར་བྱས་ཏེ་བཏོན་པ་དང་པོ་ཡིན་ལ། དེབ་འདི་རག་ཁག་པོ་རེད་འདུག འདིའི་རྗེས་ལ་ང་ཚོས་བོད་དོན་སྐོར་ལ་དེབ་བཞི་ལྔ་ཞིག་རིམ་གྱིས་བོད་བསྒྱུར་བྱས་ཏེ་བཏོན་རྒྱུའི་འཆར་གཞི་ཡོད། ཅེས་དང་། དཔེ་མཛོད་ཁང་ལ་ལས་གཞི་མང་པོ་ཞིག་ཡོད་པའི་ནང་ནས་ལས་གཞི་གསར་པ་གལ་ཆེན་གྱི་གྲས་ཏེ་ཚན་རིག་གི་ལས་གཞི་དེ་ཁྱབ་ཆེན་པོ་དང་ཚགས་ཚུད་པོ་ཆགས་ཡོད་པ་དང་། ལས་གཞི་ཆུང་གྲས་ནུབ་ཕྱོགས་ཀྱི་ལྟ་གྲུབ་བོད་བསྒྱུར་བྱེད་པ་དེར་མི་དང་དངུལ་མ་རག་པའི་དཀའ་ངལ་ཡོད་ཀྱང་། མགོ་བཙུགས་བཞག་པ་ཡིན་ན་རིམ་གྱིས་འགྲིག་འགྲོ་སྟབས། ད་ལྟ་ནུབ་ཕྱོགས་ཀྱི་ལྟ་གྲུབ་སྐོར་གྱི་དེབ་གཉིས་གསུམ་ཞིག་བསྒྱུར་བའི་འཆར་གཞི་ཡོད་སྐོར་སོགས་གསུངས་སོང་།
དེའི་རྗེས་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་དཔེ་དེབ་དེའི་གལ་ཆེན་རང་བཞིན་སྐོར་གསུངས་དོན། དེབ་འདི་འཚོང་གི་ཡོད་པ་ཡིན་ན་ལྟ་དགོས་ཀྱི་ཡོད་པ་རེད། ཐེངས་གསུམ་བཞིར་བཀླག་པ་ཡིན་ན་དེ་ཚོད་ཀྱིས་ཕན་ཐོགས་ཡོད་པ་ང་རང་གི་ཉམས་མྱོང་ཐོག་ནས་ཞུས་པ་ཡིན། དྲི་བ་དེ་འདྲ་ཞིག་ལ་ལན་བརྒྱབ་པ་དང་། ཁུངས་སྐྱེལ་གྱི་པར་བཅས་བཏོན་ཏེ་བོད་རྒྱ་ནག་གི་ཆ་ཤས་ཡིན་པ་དང་། བོད་ནང་དཔལ་འབྱོར་སོགས་གང་ཅིའི་ཐོག་ནས་ཡར་རྒྱས་གཏོང་བཞིན་ཡོད་པ། ཆོས་དང་རིག་གཞུང་སྐད་ཡིག་གི་ཐོག་ནས་ཀྱང་མི་ཉམས་གོང་འཕེལ་གཏོང་གི་ཡོད་པ་སོགས་ཀློག་སྐབས། གཞི་རྩའི་རྒྱ་ནག་གིས་ག་རེ་བཏོན་པ་ཡིན་ནའང་བོད་མི་ཞིག་ཡིན་པའི་ཆ་ནས་རང་བཞིན་གྱིས་ཡིད་ཆེས་རྩ་བ་ནས་བྱེད་ངེས་མ་རེད། ཡིན་ནའང་། དེ་ལ་ལན་དང་འགྲེལ་བཤད་ག་འདྲ་རྒྱག་དགོས་ཀྱི་ཡོད་ན་བསམ་པ་ང་རང་ལའང་བྱུང་མྱོང་། ད་ལན་བོད་དོན་དག་སྐྱེལ་ཞེས་པ་འདིའི་ནང་ནུབ་ཕྱོགས་ཀྱི་རྩོམ་པ་པོ་ ༡༥ ཡིས་སྡེ་ཚན་བགོས་ཏེ། རྒྱ་ནག་གི་དྲི་བ་བརྒྱ་ལ་ཞིབ་འཇུག་གིས་དངོས་གནས་སྤུས་ཚད་ལྡན་པའི་ཐོག་ནས་ལན་འདེབས་བྱས་ཡོད་སྟབས། བོད་མི་སུ་ཞིག་གིས་ཀློག་པ་ཡིན་ནའང་ཏན་ཏན་ཕན་ཐོགས་ཡོད་པ་རེད། ཅེས་དང་། སྤུས་ཚད་ལྡན་པའི་ལན་འདེབས་དེབ་དེའི་ནང་བོད་རིག་པའི་མཁས་པ་ཚེ་རིང་ཤཀྱཱ་དང་མཁར་རྨེའུ་བསམ་གཏན། བྱམས་པ་སྤང་ལུང་གསུམ་ལས་མེད་སྟབས། མ་འོངས་པར་བོད་པ་རང་ངོས་ནས་རྒྱ་ནག་གཞུང་ལ་ལན་འདེབས་གནང་ཐུབ་པར་འབད་བརྩོན་དགོས་སྐོར་དང་། དཔེ་མཛོད་ཁང་ཡར་རྒྱས་གཏོང་བར་འཆར་གཞི་མང་པོ་ཡོད་ཀྱང་དཔལ་འབྱོར་གྱི་གཙོས་མཐུན་རྐྱེན་ཐོག་དཀའ་ཁག་མང་པོ་ཡོད་ལུགས་གསུངས་པ་དེར་རིམ་གྱིས་གཟིགས་རྒྱུ་ཡིན་སྐོར་སོགས་གསུངས་སོང་།
མཇུག་ཏུ་སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་གིས་ཆབ་སྲིད་དང་འབྲེལ་བའི་རིགས་དུས་ཐོག་ཏུ་སྤེལ་དགོས་པ་གལ་ཆེན་ཡིན་སྐོར་གསུངས་དོན། ཆབ་སྲིད་དང་འབྲེལ་བ་ཡོད་པ་དེ་འདྲ་ཡིན་ན། ལས་དོན་མཁས་དབང་ཚོས་གནང་སྟེ་མཐུན་སྦྱོར་འཛིན་སྐྱོང་ནས་གནང་ཐུབ་པ་ཡིན་ན། དུས་ཐོག་ལ་འདོན་ཐུབ་པའི་ཁྱད་པར་ཞིག་ཡོད་པ་རེད་བསམ་གྱི་འདུག གང་ཡིན་ཟེར་ན། རྒྱ་གཞུང་གིས་དྲི་བ་བརྒྱ་ལ་ལན་བརྒྱབ་པ་དེ་ཕྱི་ལོ་ ༡༩༨༩ ལོར་བཏོན་པ་དང་། ཕྱི་ལོ་ ༡༩༨༧ དང་ ༡༩༨༨ ལོར་ལྷ་སའི་ཁུལ་དུ་གནད་དོན་མང་པོ་ཞིག་བྱུང་བར་བརྟེན། རྒྱ་གཞུང་གིས་དེབ་དེ་བཏོན་དགོས་ཐུག་པ་ཞིག་ལ་ངོས་འཛིན་བྱས་ན་ཕལ་ཆེར་མ་འགྲིག་པ་ཡོད་པ་མ་རེད། སྐབས་རེར་ཆབ་སྲིད་ཀྱི་གནད་དོན་དེ་ཚོ་དུས་འགྱངས་ཕྱིན་པ་ཡིན་ན། དུས་ཚོད་ལ་དཔག་པའི་ཏག་ཏག་ཅིག་ཨེ་ཡོད་ན་བསམ་པ་ཡོང་མི་སྲིད་པ་ཞིག་མ་རེད། དེབ་དེའི་ནང་རྒྱ་ནག་གཞུང་གིས་བཤད་པ་དེ་ཚོ་སྙིང་བསྡུས་ཤིག་མ་གཏོགས་མེད་ལ། ནུབ་ཕྱོགས་ནས་ལན་བརྒྱབ་པ་དེ་ཚོའི་ནང་དུའང་བོད་མིའི་སྒྲིག་འཛུགས་ཀྱི་ལངས་ཕྱོགས་དང་མི་མཐུན་པ་ཡོང་གི་ཡོད་སྟབས། ཀློག་པ་པོ་ཚོས་སོ་སོའི་རིག་པས་དཔྱད་དེ་གོ་བ་ལེན་དགོས་པ་དེ་ཧ་ཅང་གལ་ཆེན་པོ་ཡིན་པ་དང་། ཕྱི་ལོ་ ༢༠༠༨ ནས་ད་ལྟའི་བར་བོད་ནང་གནས་ཚུལ་མང་པོ་བྱུང་བ་དག་དེབ་འདིའི་ནང་ཚུད་མེད་ལ། ལྷག་པར་དུ་ ༢༠༠༩ ནས་བཟུང་བོད་མི་མང་པོས་རང་ལུས་མེར་བསྲེགས་གནང་བའི་གནད་དོན་རྣམས་ཚུད་མེད་སྟབས། ཕྱིས་སུ་བྱུང་བའི་གནད་དོན་རྣམས་ལ་རྒྱུན་དུ་དོ་སྣང་སྤྲད་དེ་ཁ་སྣོན་ག་རེ་རྒྱག་དགོས་ཀྱི་འདུག རྒྱ་གཞུང་གིས་འགྲེལ་བཤད་ག་རེ་རྒྱག་གི་འདུག་དེ་ཚོའི་ཐོག་ལ་བསམ་བློ་གཏོང་དགོས་པ་ཧ་ཅང་གལ་ཆེན་ཡིན་ལ། ལྷག་པར་དུ་འདི་ལོའི་ཕྱི་ཟླ་ ༤ ཚེས་ ༥ ཉིན་རྒྱ་གཞུང་གིས་བོད་སྐོར་ལ་རྒྱབ་ཤ་དཀར་པོའི་དེབ་ཅིག་བཏོན་ཡོད་པས། དེ་སྔོན་བཏོན་པའི་དྲི་གཞི་བརྒྱ་དང་ལན་འདེབས་བརྒྱ་ཟེར་བ་དང་། ད་ལྟའི་རྒྱབ་ཤ་དཀར་པོ་གཉིས་ཀྱི་ནང་དོན་བསྡུར་བ་ཡིན་ན། རྒྱ་ནག་གཞུང་གིས་སྲིད་བྱུས་ག་འདྲ་འཛིན་གྱི་འདུག་རང་བཞིན་གྱིས་ཧ་གོ་ཐུབ་པས། ཕྱོགས་ཡོངས་ནས་དུས་ཀྱི་རིམ་པ་ལྟར་ལྟ་དགོས་པ་དེ་གལ་ཆེན་པོ་ཆགས་ཡོད་སྐོར་དང་། བོད་དོན་ཐོག་ལས་ཀ་བྱེད་མཁན་གྱི་གཞུང་འབྲེལ་དང་གཞུང་འབྲེལ་མ་ཡིན་པ་སུ་ཞིག་ཡིན་ནའང་། དེབ་འདི་ཚོར་བལྟས་ཏེ་རྒྱ་ནག་གཞུང་དང་ནུབ་ཕྱོགས་པས་བོད་དོན་ཐོག་འགྲེལ་བཤད་ག་འདྲ་རྒྱག་གི་ཡོད་ཤེས་པའི་ཐོག་ནས་བོད་པ་རང་གི་ལྟ་སྟངས་འགྲེལ་བཤད་རྒྱག་རྒྱུ་གལ་ཆེན་པོ་ཡིན་ལ། རྒྱ་གཞུང་གི་འཁྱོག་བཤད་དེ་ཚོར་དུས་ཐོག་ཏུ་ལན་འདེབས་གསལ་བོ་མ་བྱས་ན། གཞན་ལ་དེ་འདྲ་ཞིག་ཡིན་ས་རེད་བསམ་པའི་བག་ཆགས་འཇོག་སྲིད་སྐོར་གསུངས་སོང་།
གསར་འགོད་པ། པདྨ་མཚོ།
སྲིད་སྐྱོང་གདོང་པ་སྐེགས་ཚོས་བྱུགས་རྒྱུ་དང་གྱོན་གོས་མདོག་ཅན་མནབས་རྒྱུ་ཐུགས་མཉེས་པོ་ཡོད་པ་མ་གཏོགས། ཚོགས་གཙོ་ནང་བཞིན་གཏམ་བཤད་ལྗིད་ཁོག་ཅན་གསུངས་རྒྱུར་མི་དགའ་བ་འདི་ག་རེ་བྱས་པ་ཡིན་ནམ། ཡང་ན་ནི། མ་འོངས་པར་སྲིད་ཁྲི་ནས་ལོག་འགྲོ་ཁར་གསུང་འཆར་མེད་འགྲོ གང་ལྟར་སྲིད་སྐྱོང་ལོ་ལྔའི་གནང་རིང་གཏམ་བཤད་ནང་དོན་ཡོད་པ། བོད་ཀྱི་རྩ་དོན་ལ་ཕན་པ། མ་ འོངས་པར་མི་རྣམས་ཀྱིས་ཡང་སེ་ཀློག་དགོས་པ། རྩ་འཛིན་ཞུ་ས་སོགས་ཚང་བའི་གཏམ་བཤད་སྐད་གྲགས་ཅན་གཅིག་མ་གནང་དུས། ཨའོ་བྷ་མ་དང་སྲིད་སྐྱོང་གཉིས་ཀའི་སློབ་གྲྭ་གཅིག་པ་མ་ཡིན་ཞེས་སྲིད་སྐྱོང་གིས་དང་བླངས་གསུངས་པ་དེ་དོན་དག་མ་བྱུང་བ་མ་རེད་དམ། ཧཧཧཧཧ
སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་གིས་གསུངས་པ་ལ་མངོན་པར་བསྟོད་དོ།། གཞན་དག་ནི་མིག་གཉིས་བསྒྲིབས་ཏེ་སྐྱ་ལམ་ཆོད་པ་ལྟ་བུ་ཞིག་རེད།
ཤར་མདའ། ཚོགས་གཙོ་མཆོག་གིས་ངེས་པར་བསམ་བློ་གཏོང་དགོས་པ་དང་གཏོང་འོས་པའི་བཀའ་སློབ་ཡག་པོ་གནས་འདུག་དེ་འདྲ་ཡིན་དུས་དུས་ཐོག་ཆར་བ་ཟེར་བ་ལྟར་ད་བར་འོ་ཚོ་བོད་པ་ཚོས་ངེས་པར་བསམ་བློ་གཏོང་དགོས་པ་ཞིག་རེད།