བོད་ཀྱི་བུད་མེད་ལྷན་ཚོགས་ཀྱི་ཚོགས་ཆེན་མཇུག་བསྒྲིལ་བ་དང་བསྟུན་ཏེ་སྐབས་བཅུ་གཅིག་པའི་དབུས་རྒྱུན་གསར་འདེམས་དང་། མ་འོངས་པར་བུད་མེད་ལྷན་ཚོགས་ཀྱི་ཚོགས་མི་སུ་ཞིག་ལ་ཕྲུ་གུ་གསུམ་དང་གསུམ་ལས་མང་བ་ཡོད་ན་སློབ་ཡོན་དང་འཚོ་སྣོན་ཐོག་རོགས་རམ་གནང་རྒྱུའི་གྲོས་ཆོད་བཞག་འདུག
ཟླ་འདིའི་ཕྱི་ཚེས་ ༨ ཉིན་ནས་ ༡༣ བར་བོད་ཀྱི་བུད་མེད་ལྷན་ཚོགས་ཀྱི་ཚོགས་ཆེན་ཐེངས་བཅུ་གཅིག་པ་དྷ་རམ་ས་ལའི་ས་ར་བོད་ཀྱི་མཐོ་རིམ་སློབ་གཉེར་ཁང་གི་ཚོགས་ཁང་དུ་ཚོགས་ཏེ། ཉིན་ ༦ རིང་བུད་མེད་ལྷན་ཚོགས་ཀྱི་ས་གནས་ཁག་ ༥༤ ཡོད་ཁོངས་ནས་ས་གནས་ཁག་ ༢༦ གི་འཐུས་མི་ ༡༣༠ ལྷག་མཉམ་ཞུཊ་ཀྱིས་ལྷན་ཚོགས་ཀྱི་སྒྲིག་གཞི་བསྐྱར་བཅོས་གཙོས་པའི་གྲོས་གཞི་དོན་ཚན་ ༨ ལ་གྲོས་བསྡུར་གནང་ཡོད་པ་ལྟར། ཁ་སང་ཚོགས་འདུའི་ཉིན་མཐའ་མར་བུད་མེད་ལྷན་ཚོགས་ཀྱི་སྐབས་བཅུ་གཅིག་པའི་དབུས་རྒྱུན་ ༡༡ པ་གསར་འདེམས་དང་གྲོས་ཆོད་ཁག་ཅིག་གཏན་འབེབས་བྱས་སོང་།
ཁ་སང་ཕྱི་དྲོར་ཚོགས་འདུ་ཡོངས་སུ་མཇུག་བསྒྲིལ་ཏེ་རྒྱུན་ལས་ ༡༡ གསར་འདེམས་གནང་ཡོད་པ་དག་ནི། སྦེལ་ཀོབ་ནས་ཡིན་པའི་སྒྲོལ་མ་དབྱངས་ཅན་ལགས་དབུས་རྒྱུན་ཚོགས་གཙོ་དང་། སྐབས་བཅུ་པའི་དབུས་རྒྱུན་ཚེ་རིང་སྒྲོལ་མ་ལགས་ཚོགས་གཞོན། དོན་ལྡན་གླིང་ནས་ཡིན་པའི་ཚེ་རིང་ཆོས་འཛཽམས་ལགས་དྲུང་ཆེ། གཞན་སྦེལ་ཀོབ་ནས་ཡིན་པ་མཐར་ལམ་སྒྲོལ་མ་དང་། དབུས་རྒྱུན་ཚེ་རིང་དབང་མོ། པད་མ་ཆོས་སྒྲོན། ཉི་མ་ལྷ་མོ། ཨ་ནེ་བསྟན་འཛིན་ཚེ་ལྷ། དྷ་ས་ནས་བསོད་ནམས་སྒྲོལ་དཀར། ཨི་ཊ་ལི་ནས་བདེ་ཆེན་སྒྲོལ་དཀར། ཧ་པ་སྤུར་ནས་བཀྲ་ཤིས་ཆོས་སྒྲོན་བཅས་བདམས་སོང་ཡང་ཐེངས་འདིར་ཚོགས་ཞུགས་གནང་མཁན་ ༦ ལས་བྱུང་མི་འདུག
གསར་འགོད་པས་པད་མ་ཆོས་སྒྲོན་ལགས་སུ་ཐེངས་འདིར་གྲོས་ཆོད་གསར་པ་གང་དག་བཞག་ཡོད་མེད་དྲིས་པར་ཁོ་མོས། ད་ཐེངས་ཚོགས་ཆེན་གྱི་ཉིན་གཉིས་པར་ང་ཚོས་༧གོང་ས་མཆོག་གི་གཟིམ་ཆུང་མཇལ་ཁ་ཞུས་སྐབས། ༧གོང་ས་མཆོག་གིས་བོད་མིའི་མི་འབོར་འཕེལ་རྒྱས་གཏོང་ཆེད་བུད་མེད་ལྷན་ཚོགས་ཀྱིས་རྐང་འགན་འཁྱེར་ནས་ལས་འགུལ་སྤེལ་དགོས་པའི་བཀའ་ཕེབས་པ་ལྟར། སྔོན་མ་བུད་མེད་ལྷན་ཚོགས་ཀྱི་ཚོགས་མི་མིན་ཡང་ཕྲུ་གུ་ལྔ་དང་ལྔ་ལས་མང་བ་ཡོད་ན། ཕྲུ་གུ་ལྔ་པ་དང་དྲུག་པར་སློབ་ཡོན་གནང་གི་ཡོད་པ་རེད། ཐེངས་འདིར་ང་ཚོའི་ཚོགས་མི་ཡིན་པ་ཞིག་ལ་ཕྲུ་གུ་གསུམ་དང་གསུམ་ལས་མང་བ་ཡོད་ན། སློབ་ཡོན་དང་འཚོ་སྣོན་རོགས་རམ་བྱ་རྒྱུའི་ཐག་གཅོད་བྱུང་ཡོད། དེ་བཞིན། ད་ལོའི་སྐུའི་གྱ་སྟོན་གྲ་རྒྱས་པོ་སྲུང་གཙི་ཞུ་རྒྱུ་ཡིན་སྟབས། ང་ཚོ་བུད་མེད་ལྷན་ཚོགས་དབུས་ས་གཉིས་ནས་ལས་འགུལ་མང་པོ་ཞིག་སྤེལ་རྒྱུ་དང་། དབུས་ལས་ཁུངས་ངོས་ནས་༧གོང་ས་མཆོག་ལ་སྐུའི་ན་བཟའ་ཆ་ཚང་ཞིག་འབུལ་རྒྱུ་དང་། བོད་ཀྱི་སྐད་ཡིག་སྲུང་སྐྱོབ་ཆེད་དབུས་ས་གཉིས་ཀྱི་ལས་འགུལ་སྤེལ་སྐབས་དང་ལས་ཁུངས་ནང་བོད་སྐད་གཙང་མ་བཤད་རྒྱུ་སོགས་ཐག་གཅོད་བྱས་ཡོད་པ་རེད། ཅེས་བརྗོད་བྱུང་།
པད་མ་ཆོས་སྒྲོན་ལགས་ཀྱིས་བརྗོད་པ་ལྟར་ན། ད་རེབ་ཚོགས་འདུའི་སྟེང་ས་གནས་ཁག་གི་དཀའ་ངལ་ཐོག ལྡི་ལི་མན་ཅུ་ཊེ་ལ་དང་སིམ་ལ་སོགས་སུ་མགྲོན་ཁང་གི་སྦྱིན་བདག་དང་ལས་ཀ་བྱེད་མཁན་སུ་ཡིན་མི་ཤེས་ཀྱང་། འཁྲུས་ཁང་ནང་ལ་བརྙན་པར་སྦས་ནས་བུ་མོས་གཟུགས་པོ་འཁྲུད་བཞིན་པའི་བརྙན་པར་ཁག་ཡུ་ཊུབ་ (Youtube)ནང་ལ་བཀྲམས་པ་སོགས་བྱུང་ཡོད་སྟབས། བུད་མེད་ལྷན་ཚོགས་དབུས་ས་གཉིས་ཀྱིས་ས་གནས་བདེ་དོན་ལ་ཞུ་རྒྱུ་དང་། དེ་མིན་ན་འབྲེལ་ཡོད་མགྲོན་ཁང་དོ་དམ་པར་ཞུ་འབོད་ཞུ་རྒྱུའི་ཐག་གཅོད་བྱུང་ཡོད་པ་རེད་ཟེར།
གསར་འགོད་པས་པད་མ་ཆོས་སྒྲོན་ལགས་སུ། བོད་ཀྱི་བུད་མེད་ལྷན་ཚོགས་ལ་ས་གནས་ཁག་ ༥༤ ཡོད་པར་བཤད་ཀྱང་། ཐེངས་འདིར་ས་གནས་ཁག་ ༢༦ ཙམ་ལས་ཚོགས་བཅར་ཞུས་མེད་པའི་རྒྱུ་མཚན་གང་ཡིན་དང་། དེས་གྲོས་ཆོད་འཇོག་རྒྱུ་སོགས་ལ་དཀའ་ངལ་ཡོད་མེད་དྲིས་པར་ཁོ་མོས། སྤྱིར་བཏང་ཕྱི་རྒྱལ་ཁག་ལ་མཚོན་ན་དམིགས་བསལ་རེད། དེ་མ་གཏོགས་རྒྱ་བལ་འབྲུག་གསུམ་ནང་ཡིན་ན། ལས་བསྡོམས་ཡར་མ་བསྐུར་བ་དང་ཚོགས་བཅར་བྱེད་མ་ཐུབ་ན་སྒོར་ ༢༠༠༠༠ ཡི་ཆད་པ་དང་། གལ་སྲིད་ཚོགས་འདུར་དགོངས་པ་ཞུས་ཀྱང་ལས་བསྡོམས་མ་བསྐུར་བ་ཡིན་ན་སྒོར་ ༡༥༠༠༠ གི་ཆད་པ་ཡོད་པ་རེད། ད་རེབ་བལ་ཡུལ་ནང་ས་ཡོམ་གྱི་རྐྱེན་པས་ཚོགས་བཅར་ཐུབ་ཡོད་པ་མ་རེད། ས་གནས་གཞན་དག་ནས་ཚོགས་བཅར་ཐུབ་མེད་ཀྱང་ལས་བསྡོམས་འབྱོར་ཡོད་པ་རེད། ཅེས་བརྗོད་བྱུང་།
ཚོགས་གཞོན་ཚེ་རིང་སྒྲོལ་མ་ལགས་ཀྱིས་མཇུག་བསྡོམས་གཏམ་བཤད་སྤེལ་དོན། ད་ལྟ་ཚོགས་གཙོ་སྒྲོལ་མ་དབྱངས་ཅན་ལགས་དང་དྲུང་ཆེ་ཚེ་རིང་ཆོས་འཛོམས་རྣམ་གཉིས་གཙོས་རྒྱུན་ལས་ཁག་གཅིག་མེད་སྟབས། ང་ཚོས་དམ་བཅའ་དེ་ད་ཐེངས་ཚོགས་ཆེན་འདིའི་ཐོག་འབུལ་ཐུབ་ཡོད་པ་མ་རེད། དེ་བཞིན། ང་ཚོའི་ཚོགས་གཙོ་བཀྲ་ཤིས་སྒྲོལ་མ་ལགས་དང་ཚོགས་གཞོན་བསམ་གཏན་ལགས་ཀྱིས་འདས་པའི་ལོ་གསུམ་རིང་ལས་ཁུངས་ནང་དཀའ་ལས་བརྒྱབ་པར་རྒྱུན་ལས་གསར་པ་རྣམས་ཀྱིས་ཐུགས་རྗེ་ཆེ་ཞུ་རྒྱུ་མ་ཟད། མ་འོངས་པར་ང་ཚོས་ལས་ཀ་མང་པོ་བྱེད་དགོས་སྟབས། མུ་མཐུད་དུ་རྒྱབ་སྐྱོར་གནང་རོགས་ཞུ་རྒྱུ་ཡིན། ང་ཚོའི་ངོས་ནས་ཀྱང་གང་ཡོང་ཅི་ཡོང་བྱ་རྒྱུ་ཡིན། ད་རེབ་ཀྱི་གྲོས་ཆོད་ཁག་ཟླ་བ་ ༡༨ རེ་རྗེས་ལ་འགན་འཛིན་ལྷན་ཚོགས་རེ་ཚོགས་བཞིན་ཡོད་པ་དེའི་སྔོན་ལ་ལག་བསྟར་གང་ཐུབ་འཁེལ་བ་བྱ་རྒྱུ་ཡིན། ཞེས་སོགས་བརྗོད་སོང་།
མཇུག་ཏུ་གསར་འགོད་པས་ཐེངས་འདིར་གསར་དུ་བདམས་པའི་རྒྱུན་ལས་གསུམ་གྱིས་དགོངས་པ་ཞུས་པའི་སྐོར་དྲིས་པར་ཁོ་མོས། དེ་རིང་སྐབས་བཅུ་གཅིག་པའི་རྒྱུན་ལས་འོས་འདེམས་བྱུང་ཡོད་ཀྱང་། རྒྱུན་ལས་གསུམ་གྱིས་རང་མོས་ཐོག་ནས་མང་ཚོགས་དཀྱིལ་ལ་དགོངས་པ་ཞུ་རྒྱུ་ཡིན་གསུངས་ཡོད་ཀྱང་། ཚོགས་གཙོ་དང་དྲུང་ཆེ་གཙོས་རྒྱུན་ལས་ཁག་གཅིག་ཚང་མེད་སྟབས། ངས་དགོངས་པ་ཞུ་མཁན་ཚོས་སྔོན་ཚུད་ནས་མ་ཞུས་པར་མཐའ་མ་དེར་ཞུས་པ་འདི་ཏག་ཏག་ཅིག་བསྡད་ཡོད་པ་མ་རེད་བསམ་གྱི་འདུག ཚང་མས་དགོངས་པ་ཆེ་བཞེས་གནང་དགོས་པ་རེད། ཚང་མར་རྒྱུ་མཚན་བཤད་ན་བཤད་རྒྱུ་ཡོད་པ་རེད། རྒྱུ་མཚན་ཆེ་ཆུང་དེ་བསམ་བློ་གཏོང་སྟངས་ཤིག་རེད། ཅེས་བརྗོད་བྱུང་།
ཐེངས་འདིའི་ཚོགས་ཐོག་ཏུ་གྲོས་ཆོད་ཁག་ཅིག་བཞག་ཡོད་པའི་ནང་། ༧གོང་ས་མཆོག་གི་སྐུ་ཕྱཱའི་ཉེན་སྲུང་དང་གྱ་སྟོན་སྲུང་གཙི་ཞུ་ཕྱོགས། བོད་ཀྱི་སྐད་ཡིག་རིག་གཞུང་སྲུང་སྐྱོབ། ས་གནས་ཁག་ཏུ་སྤྱི་ཚོགས་ཀྱི་ཤེས་ཡོན་ཡར་རྒྱས་ཆེད་ལས་ཞོར་སློབ་གྲྭ་འཛུགས་ཐབས། དབུས་ནས་དབུ་མའི་ལམ་གྱི་ཟབ་གནད་གལ་ཆེ་ཁག་བོད་དབྱིན་རྒྱ་གསུམ་གྱི་སྐད་ཡིག་ཙམ་ལས་སྐད་ཡིག་གཞན་ནང་ཕབ་འགྲེམ་བྱ་རྒྱུ། བོད་ཀྱི་མི་རིགས་འཕེལ་རྒྱས་གཏོང་ཆེད་ཕྲུ་གུ་གསུམ་ཡན་ཡོད་མཁན་དག་ལ་སློབ་ཡོན་དང་འཚོ་སྣོན་སྤྲོད་རྒྱུ། དབུས་ས་གཉིས་ཀྱིས་བོད་ཀྱི་བསྟན་སྲིད་མི་རིགས་ཆེད་སྐུ་ལུས་མེར་བསྲེགས་གནང་མཁན་གྱི་རྒྱལ་གཅེས་དཔའ་བོ་དཔའ་མོ་རྣམས་ཀྱི་མཚན་དང་ལོ་རྒྱུས་འཁོད་པའི་ཡིག་ཆ་མཉམ་འབྲེལ་རྒྱལ་ཚོགས་དང་འགྲོ་བ་མིའི་ཐབ་ཐང་ལྷན་ཚོགས་སོགས་སུ་འབུལ་རྒྱུ། བོད་ཀྱི་བུད་མེད་ལྷན་ཚོགས་ཀྱི་སྒྲིག་འཛུགས་སྲ་བརྟན་ཡོང་ཐབས་ལ་ཚོགས་མི་གང་མང་བསྡུ་ཐབས་དང་། དབུ་མའི་ལམ་གྱི་སྲིད་ཇུས་ཐོག་མུ་མཐུད་མཇུག་སྐྱོང་བྱ་རྒྱུ། བོད་ཀྱི་བུད་མེད་ལྷན་ཚོགས་ཀྱི་དབུས་དང་ཕྱོགས་མཐའི་རྒྱུན་ལས་ཚོགས་མི་ཡོངས་ནས་༧གོང་ས་མཆོག་གི་བཀའ་དགོངས་བསྒྲུབ་ཆེད་རང་མོས་ཐོག་ནས་གཞན་ཕན་གྱི་ལས་འགུལ་འབད་སྒྲུབ་ཞུ་རྒྱུ་དང་། དྲ་ལམ་ཁག་ནང་བུད་མེད་ཚོར་མཚན་ཤས་དམའ་འབེབས་སུ་འགྱུར་གཞིའི་བཙན་གཡེམ་དང་འཁྲིག་སྤྱོད་རང་བཞིན་གྱི་བརྙན་ཐུང་རིགས་བཀག་འགོག་གདོང་ལེན་བྱ་རྒྱུ་སོགས་རེད།
གསར་འགོད་པ། དོན་གྲུབ།
བསྔགས་འཆང་ཟླ་བྷེ་ལགས་བུད་མེད་ཞེས་པའི་མིང་ཚིག་འདི་དོན་དང་ལྡན་པ་ཞིག་ཡིན་ཙང་དེ་བུད་མེད་ལ་འོས་པ་དང་འཚམ་པ་ཞིག་རེད་འདོན་གང་ཡིན་ཟེར་ན་བུད་མེད་ཞེས་པའི་མིང་གི་དོན་འདི་ལྟར་བཤད་སྐྱེས་བའི་རྟགས་ནང་བཞིན་ཕྱི་ལོགས་སུ་བུད་མེད་པའི་རྒྱུ་མཚན་གྱི་བུད་མེད་ཟེར་བ་ངོས་ཡོད་གནས་ལུགས་ཞིག་ཡིན་དུས་བུད་མེད་ཟེར་ན་འོས་པ་རེད་བསམ་བྱུང་ཟླ་ཁོ་དེ་འདྲ་མ་རེད་ནས།
རེད་ཡ་གྲོགས་པོ་ཤར་མདའ་ལགས། སྐྱེས་མ་ཁོ་རང་ཚོས་ཡང་ཁོང་མོ་ཚོ་ལ་༼བུད་མེད༽ ཟེར་བའི་མཚན་དེ་ཡིན་གཅིག་མིན་གཅིག་རྒྱུན་གནས་དགོས་ཟེར་ན་ད་ང་ཚོ་ལ་ཐབས་ཤེས་གང་ཡང་ཡོད་པ་མ་རེད།
ཡང་བསྔགས་འཆང་ཚང་ལ་ཡུམ་ཞིག་དགོས་ཡོད་པ་འདྲ་གང་ལྟར་གནས་ལུགས་བཤད་འདུག་བོད་ཀྱི་སྐྱེས་མ་ཚོ་ལ་བསྟོད་བསྔགས་གནང་བ་གནས་ལུགས་འདུག་ཟེར་ཆོག་གི་ར་ཁོང་ལ་ཡང་ཡུམ་ཞིག་དགོས་ཚོད་འདྲ་བོ་བཤད་འདུག་དེ་ཡང་བསམ་བློ་གཏོང་དགོས་པ་ཞིག་རེད། སྤྱིར་བོད་ལ་ཐ་སྙད་ཉུང་བས་སྐྱོན་ལས་མང་བས་སྐྱོན་བྱུང་ཡོད་པ་མ་རེད་དེ་འདྲ་ཡིན་དུས་སྐྱེས་མ་ཟེར་བ་བོད་ལ་ཡོད་པའི་ཐ་སྙད་ཞིག་རེད་ད་ནས་བཟུང་བུད་མེད་ཟེར་བའི་ཚིག་དེ་མེད་པར་ཆགས་ན་བོད་ཀྱི་མིང་ཚིག་གཅིག་ཉུང་དུ་བྱིན་པ་མ་ཡིན་ནམ་བསྔགས་འཆང་ཚང་གིས་ཐུགས་བསམ་གཏོང་དགོས་པ་ཞིག་རེད།
སྐྱེས་མ།
བུད་མེད་ཟེར་བའི་ཚིག་དེ་ལ་སྒྲ་བཤད་ངན་པ་མི་འདྲ་བ་དུ་མ་ཡོད་པར་བོད་དམངས་ཁྲོད་ཀྱི་གནའ་བོའི་ངག་རྒྱུན་དུ་གོ་རྒྱུ་འདུག
དེང་གི་མཁས་པ་ཁ་ཤས་ཤིག་གི་ཞལ་ནས་ཀྱང་དེ་བཞིན་ཐོས་སོང་།༡༽སྐྱེས་མའི་མཚན་མ་དེ་སྐྱེས་པའི་མཚན་མ་ལྟར་འབུད་རྒྱུ་མེད་པས་ན་་་་ བུད་མེད་་་་་་དང་། ༢༽སྤྱི་ཚོགས་སྟེང་སྐྱེས་མ་རྣམས་ཀྱི་ཐོབ་ཐང་དང་ཆེ་མཐོང་གནས་རིམ་སོགས།སྐྱེས་པ་ཚོའི་གོང་ལ་དུས་ནམ་ཡང་འབུད་མི་ཐུབ་པར་ བསྙད་དེ་་་་་བུད་མེད་་་་་་དང་། ༣༽སྐྱེས་མ་ལ་འབྲེལ་ཞིང་ཆགས་ན་འཁོར་བ་དང་ངན་སོང་གི་གནས་ནས་ནམ་ཡང་ཐར་བའམ་འབུད་མི་ཐུབ་ཅེས་སྐུར་ནས་་་་་བུད་མེད་་་་་ཟེར་བ། ༤༽ཡང་སྐྱེས་མའི་ལུས་རྟེན་ལ་ས་ཐོབ་ཀྱང་ཚེ་ལུས་གཅིག་ལ་སངས་རྒྱས་ཀྱི་གོ་འཕང་འཐོབ་མི་ཐུབ་པར་སྐྱེ་བ་མཐའ་མ་སྐྱེས་པའི་ལུས་ཞིག་བླང་ནས་མངོན་འཚང་རྒྱ་དགོས་ཟེར་ནས་བུད་མེད་ཟེར་བ་སོགས་དང་། དེ་བཞིན་དུ་སྐྱེ་བ་བླངས་པ་སྐྱེས་པ་ལས་དམན་པར་བཤད་ནས་སྐྱེས་པ་ལ་སྐྱེ་རྒྱལ་དང་སྐྱེས་མ་ལ་སྐྱེ་དམན་དང་ནག་མོ་ཨ་ཡེ་སོགས་འབོད་པ་ནི།མུན་ནག་དང་མ་རབས་རྗེས་ལུས་ཀྱི་སྤྱི་ཚོགས་ཤིག་གི་ཕོ་མཆོག་མོ་དམན་གྱི་ལྟ་ངན་འཁུར་མཁན་ཚོའི་འབྱུང་བོའི་རང་གཟུགས་རུལ་དྲི་བྲོ་བ་དེ་རེད་འདོད།འོད་སྣང་དང་ཡ་རབས། བྱམས་བརྩེ།འདྲ་མཉམ་གྱི་དུས་རབས་འདིར། ཆེས་བླ་ན་མཐོ་ཞིང་། ཆེས་རླབས་ཆེ་བའི་འགྲོ་བ་མིའི་རིགས་ཀྱི་མ་ཡུམ་བྱམས་ཆེན་བརྩེ་བའི་བདག་ཉིད་དྲིན་མོ་ཆེ་རྣམས་ལ་ང་ཚོས་ད་ནས་བཟུང་ ༼སྐྱེས་མ༽ཞེས་འབོད་རོགས་སྙིང་ནས་ཞུ་ཞུ། བོད་ཀྱི་བུད་མེད་ཚོགས་པ་ཞུ་བའི་མཚན་འདི་ཡང་༼ སྐྱེས་མ་ཚོགས་པ༽ཞེས་པར་བརྗེ་བསྒྱུར་གནང་བར་རེ་ཞུ་དང་བཅས་ཕུལ། ཉི་མ་དེ་རིང་ནས་བཟུང་བོད་ཁ་བ་ཅན་ལ་་་་་་སྐྱེས་མ་་་་་་་མ་གཏོགས་བུད་མེད་མེད། ནག་མོ་མེད། སྐྱེ་དམན་མེད། ཨ་ཡེ་མེད་པར་ཤོག་ཅིག་གུ། མ་སྲིང་སྐྱེས་མའི་སྡེ་ཆེན་རྒྱལ་གྱུར་ཅིག
ལུས་ཀྱི་གནས་སྟངས་འདྲ་མཉམ་མི་དགོས།།
རང་ལུས་རང་དབང་འདྲ་མཉམ་དགོས།།
བྱ་ལས་ཡང་ལྕི་འདྲ་མཉམ་མི་དགོས།།
གང་སྒྲུབ་རང་འདོད་འདྲ་མཉམ་དགོས།།
མགོ་ལོག་ཟླ་བྷེས༢༠༡༥/༠༣/༠༨སྐྱེས་མའི་དུས་ཆེན་ལ་ཕུལ་འདིར་ཡང་མཆན་དུ་བཏང་།
བོད་ཀྱི་བུད་མེད་ལྷན་ཚོགས་ཐོག་བརྗོད་གཞི་འདྲ་མིན་ཐོག་བགྲོ་གླེང་ཡག་པོ་གནས་ཡོད་པར་མ་ཟད་ཧ་ཅིང་གིས་གལ་ཆེའི་རང་བཞིན་མཐོང་དེ་ལ་རྗེས་སུ་ཡི་རིངས་ཞུ་རྒྱུན་ལས་གསར་འདེབས་སྐབས་ཤེས་ཡོན་གང་ཙམ་ཡོད་མཁན་ཞིག་འདེམས་ཐོན་གནས་ཐུབ་ཡོད་པས་སྨོན་འདུན་ཡོད།