དེ་རིང་ ༸པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་རྒྱ་གཞུང་གིས་བཙན་ཁྲིད་བྱས་ཏེ་ལོ་ངོ་ཧྲིལ་པོ་ ༢༠ འཁོར་བའི་ཉིན་མོ་གཞུང་འབྲེལ་སྲུང་གཙི་གནང་སོང་།
དེ་རིང་སྔ་དྲོའི་ཆུ་ཚོད་ ༡༠ ཐོག དྷ་ས་ཉིན་སློབ་ཚོགས་ཁང་དུ། བོད་མིའི་སྒྲིག་འཛུགས་ཕྱི་འབྲེལ་ལས་ཁུངས་ཀྱི་གོ་སྒྲིག་འོག པཎ་ཆེན་སྐུ་ཕྲེང་ ༡༡ པ་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གར་སོང་ཆ་མེད་དུ་གྱུར་ནས་ལོ་ངོ་ཧྲིལ་པོ་ ༢༠ འཁོར་བའི་ཉིན་མོ་སྲུང་གཙི་གནང་སོང་བ་དང་། སྐུ་མགྲོན་གཙོ་བོར་བོད་མི་མང་སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་དང་། ཕྱི་འབྲེལ་དྲུང་ཆེ་དྭགས་པོ་བསོད་ནམས་ནོར་བུ་ལགས། བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་འགན་འཛིན་ཐུབ་བསྟན་བསམ་འཕེལ་ལགས། བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གི་འགན་འཛིན་ཚེ་རིང་མཚོ་མོ་ལགས། དྷ་ས་ས་གནས་མགོ་འཛིན་བསོད་ནམས་རྡོ་རྗེ་ལགས། དེ་བཞིན་དྷ་སྟེང་བོད་ཁྱིམ་གྱི་འཛིན་རིམ་བཅུ་གཉིས་པའི་དགེ་སློབ་དང་། དྷ་ས་ཁུལ་གྱི་སྤྲོ་འཆམ་པ་དང་སེར་སྐྱ་མི་མང་བཅས་ཁྱོན་མི་གྲངས་ ༢༠༠ མ་ཟིན་ཙམ་འཛོམས་འདུག་ལ། བོད་ནང་གི་གནས་སྟངས་དང་འབྲེལ་བའི་པར་རིས་འགྲེམས་སྟོན་དང་། པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གར་སོང་ཆ་མེད་དུ་གྱུར་བའི་སྐོར་གྱི་གློག་བརྙན་ཞིག་གཟིགས་འབུལ་བཅས་གནང་སོང་།
སྐབས་དེར་ཕྱི་འབྲེལ་དྲུང་ཆེ་དྭགས་པོ་བསོད་ནམས་ལགས་ཀྱིས་ཕྱི་དྲིལ་ལས་ཁུངས་ཀྱི་བསྒྲགས་གཏམ་ཡིག་ཐོག་ནས་སྒྲོག་སྦྱང་གནང་བའི་ནང་། རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་ཚོགས་པ་འདྲ་མིན་གྱིས་རྒྱ་ནག་གཞུང་ལ་ཀུན་གཟིགས་པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་དང་། ཁོང་གི་ནང་མི་རྣམས་གང་དུ་ཡོད་མེད་གནས་སྟངས་ཇི་ཡིན་སྐོར་གསལ་བཤད་དགོས་པའི་རེ་འདུན་ཇི་ཙམ་གནང་ཡོད་ཀྱང་། རྒྱ་གཞུང་གིས་དེར་ཡ་ལན་རྩ་བ་ནས་བྱས་མེད། བྱེད་སྟངས་དེ་ནི་ཆོས་མེད་སྨྲ་བའི་རྒྱ་ནག་གུང་ཁྲན་ཏང་གིས་ལོ་ངོ་བརྒྱ་ཕྲག་སོང་བའི་བོད་བརྒྱུད་ནང་བསྟན་གྱི་སྤྲུལ་སྐུའི་ཡང་སྲིད་འཚོལ་ཞིབ་བྱ་རྒྱུའི་ལམ་ལུགས་དེར་བཙན་ཤེད་འོག་དབང་སྒྱུར་བྱས་ནས་ཁྲིམས་མཐུན་བཟོ་ཐབས་བྱས་པ་ཞིག་ཡིན། ཀུན་གཟིགས་པཎ་ཆེན་ཡང་སྤྲུལ་མཆོག་བོད་མིའི་ཆོས་ཕྱོགས་ཀྱི་དབུ་ཁྲིད་ཅིག་ཡིན་སྟབས། བརྒྱུད་པའི་བླ་མ་གོང་མ་རྣམས་ཀྱི་དྲུང་ནས་དབང་ལུང་ཁྲིད་གསུམ་སོགས་ཀྱི་གདམས་པ་མང་པོ་གསན་བསམ་མཛད་དགོས་པར་བརྟེན། རྒྱ་ནག་གཞུང་གིས་ཆབ་སྲིད་ཀྱི་གནོན་ཤུགས་གང་ཡང་མེད་པའི་སྒོ་ནས་ཁོང་ལ་གོ་སྐབས་ངེས་པར་དུ་འབུལ་དགོས། ཞེས་དང་། དེ་རིང་རྒྱལ་སྤྱིའི་བོད་དོན་གདུང་སེམས་མཉམ་སྐྱེད་ཀྱི་ཉིན་མོ་དང་བསྟུན། རྒྱལ་སྤྱིའི་སྤྱི་ཚོགས་ཡོངས་ནས་ཀུན་གཟིགས་པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གིས་གཙོས་བོད་ནང་གི་བོད་མི་ཆབ་སྲིད་བཙོན་པ་ཡོངས་རྫོགས་ཀློད་གྲོལ་ཡོང་བར་རྒྱབ་སྐྱོར་གནང་དགོས་པའི་འབོད་སྐུལ་གནང་འདུག
བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་འགན་འཛིན་ཐུབ་བསྟན་བསམ་འཕེལ་ལགས་ཀྱིས། པཎ་ཆེན་སྐུ་ཕྲེང་བཅུ་པ་མཆོག་གི་རླབས་ཆེན་གྱི་མཛད་པ་གཙོ་བོ་གསུམ་གྱི་སྐོར་ལ་གཏམ་བཤད་གནང་དོན། ང་རང་གི་ངོས་ནས་ཕྱི་ལོ་ ༡༩༦༢ ལོར་པཎ་ཆེན་རིན་པོ་ཆེ་མཆོག་གིས་རྒྱ་ནག་གཞུང་ལ་ཡིག་འབྲུ་ཁྲི་བདུན་གྱི་དགོངས་འཆར་གནང་བ་དེ་མཛད་རྗེས་ཆེན་པོ་ཞེ་དྲགས་ཤིག་རེད་བསམ་གྱི་འདུག དེའི་གནད་འགག་ག་རེ་རེད་ཟེར་ན། རྒྱ་ནག་གཞུང་གིས་བོད་ནང་ལག་བསྟར་བྱེད་བཞིན་པའི་སྲིད་བྱུས་འགྲིག་གི་མེད་པ་དང་། བོད་པར་ཕན་གྱི་མེད་པ་ཚང་མ་ཞིབ་ཚགས་པོའི་ཐོག་ནས་བྲིས་ཏེ། མའོ་ཙེ་ཏུང་ནས་བཟུང་རྒྱ་ནག་གཞུང་གི་མགོ་ཁྲིད་དེ་ཚོར་གནང་ཡོད་པ་རེད། གལ་སྲིད་རྒྱ་ནག་གཞུང་གིས་དགོངས་འཆར་དེར་ཉན་ནས་སྲིད་བྱུས་ལ་ནོར་བཅོས་བརྒྱབ་ཡོད་པ་ཡིན་ན། ། དེ་རིང་ཁ་སང་གི་བོད་ཀྱི་གནས་སྟངས་ཉག་ཕྲ་བོ་འདི་འདྲ་ཆགས་ཀྱི་མ་རེད་བསམ་གྱི་འདུག་ལ། མཛད་རྗེས་གལ་ཆེན་པོ་གཞན་ཞིག་ནི་ཁོང་དགོངས་པ་མ་རྫོགས་གོང་དུ། བོད་རྒྱ་ནག་འོག་གནས་པར་བོད་ལ་གྱོང་ཆེན་པོ་རག་པ་མ་གཏོགས་ཁེ་བཟང་རག་མི་འདུག་ཅེས་གསུངས་ཡོད་པ་དང་། ཁོང་གི་ལམ་སྟོན་འོག་གསེར་རྟ་བླ་རུང་སྒར་གསར་དུ་བཞེངས་པ་སོགས་བོད་དུ་ནང་ཆོས་བསྐྱར་གསོ་ཡི་ཕྱག་ལས་རླབས་ཆེན་པོ་གནང་ཡོད་པ་རེད་ཅེས་བརྗོད་པ་དང་འབྲེལ། ཁོང་གིས་དབྱིན་ཡིག་ནང་བྲིས་པའི་པཎ་ཆེན་རིན་པོ་ཆེ་སྐུ་ཕྲེང་བཅུ་པ་མཆོག་གི་སྐོར་གྱི་རྩོམ་ཡིག་ཅིག་ཀློག་འདོན་གནང་སོང་།
བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གི་འགན་འཛིན་ཚེ་རིང་མཚོ་མོ་ལགས་ཀྱིས། རྒྱ་གཞུང་གིས་ཡང་སྲིད་རིན་པོ་ཆེ་བཙན་ཁྲིད་བྱས་པ་དེ། རྒྱལ་སྤྱིའི་ཁྲིམས་དང་རྒྱ་ནག་རང་གི་ཁྲིམས་དང་འགལ་ཡོད་པའི་སྐོར་ལ་བརྗོད་དོན། འདས་པའི་ལོ་ངོ་ ༢༠ རིང་རྒྱལ་སྤྱིའི་ཐོག་ནས་རྒྱ་ནག་གཞུང་ལ་པཎ་ཆེན་རིན་པོ་ཆེའི་གནས་སྟངས་དང་། གང་དུ་བཞུགས་ཡོད་མེད། ཡབ་ཡུམ་གཉིས་ཀྱི་གནས་སྟངས་སོགས་དྲི་བ་མང་པོ་ཞིག་བཏང་ཡོད་ཀྱང་། རྒྱ་ནག་གཞུང་ལ་ལན་གཅིག་མ་གཏོགས་ཡོད་པ་མ་རེད། པཎ་ཆེན་རིན་པོ་ཆེ་སྐུ་གཟུགས་གསལ་ཐང་ཡིན་པ་དང་སློབ་སྦྱོང་ཏག་ཏག་གནང་གི་ཡོད་པ། གནས་སྟངས་ག་རེའི་སྒང་ལ་ཡིན་ནའང་ཤུགས་རྒྱག་གི་ཡོད་སྐོར་མང་པོ་ཤོད་ཀྱི་ཡོད་པ་རེད། ང་ཚོ་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་འཐབ་རྩོད་བྱེད་མཁན་དང་དེའི་སྒང་ལ་ཤུགས་རྒྱག་མཁན་ཞིག་ཡིན་པའི་ཆ་ནས། རྒྱ་ནག་གི་ལན་གྱི་ནང་དོ་སྣང་བྱེད་ས་གཅིག་ག་རེ་ཆགས་ཀྱི་འདུག་ཞུས་ན། རྒྱ་གཞུང་གིས་ག་དུས་ཡིན་ནའང་དགེ་འདུན་ཆོས་ཀྱི་ཉི་མ་བྱིས་པ་དཀྱུས་མ་ཞིག་ཡིན་སྟབས། ཁོ་རང་སྲུང་སྐྱོབ་བྱེད་པའི་ཆེད་དུ་ང་ཚོས་ཉར་ཡོད་ཅེས་བཀག་ཉར་འོག་ཡོད་པའི་གནས་ཚུལ་ཞིག་ཤོད་ཀྱི་ཡོད་པ་རེད། བྱིས་པ་ག་འདྲ་ཞིག་ཡིན་ནའང་ལོ་ ༡༨ ཟིན་རྗེས་རང་ཉིད་སློབ་གྲྭ་གང་དུ་འགྲོ་མིན་དང་། ཆོས་ག་རེ་བྱེད་སོགས་རང་དབང་ཆ་ཚང་ཡོད་པ་རྒྱ་ནག་གཞུང་གི་རྩ་ཁྲིམས་ནང་དུའང་གསལ་བོར་བཀོད་ཡོད་པ་རེད། གཉིས་ནས་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་བྱིས་པ་དཀྱུས་མ་ཞིག་ཡིན་ན། བྱིས་པ་དེ་ལོ་ ༦ ནས་བཟུང་ལོ་ ༢༠ རིང་བཙན་འཁྲིད་ཀྱིས་གར་སོང་ཆ་མེད་བཏང་སྟེ། སྦེད་གསང་ཧ་ཅང་ཆེན་པོ་བྱས་ནས་འཇོག་དགོས་པའི་རྒྱུ་མཚན་ག་རེ་རེད། དྲི་བ་འདི་ཚོ་རྟག་པར་ང་ཚོས་རྒྱ་ནག་གཞུང་ལ་གཏོང་བཞིན་ཡོད། ཅེས་དང་། རྒྱ་གཞུང་གི་སྲིད་བྱུས་འོག་བོད་ནང་འགྲོ་བ་མིའི་ཐོབ་ཐང་ཐོག་དཀའ་ངལ་ཆེན་པོ་འཕྲད་བཞིན་ཡོད་པར་བརྟེན། བོད་མི་མང་པོའི་སེམས་ཀྱི་རྨ་ཁ་ཆེ་རུ་འགྲོ་བཞིན་ཡོད་སྟབས། རྒྱ་གཞུང་གིས་དཀའ་ངལ་དེ་ཚོ་སེལ་ཐབས་མ་བྱས་ན། རྒྱ་ནག་གཞུང་ལའང་དཀའ་ངལ་ཆེ་རུ་འགྲོ་ངེས་ཡིན་པས། བོད་མིའི་རེ་འདོད་ལ་གུས་རྩིས་བྱ་རྒྱུ་ཧ་ཅང་གལ་ཆེན་པོ་ཡིན་སྐོར་བརྗོད་སོང་།
སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་གིས་རྒྱ་ནག་གཞུང་གིས་ནང་ཆོས་འཆད་ཉན་དར་ཁྱབ་གཏོང་བར་འགོག་རྐྱེན་ཆེན་པོ་བཟོ་ཡི་ཡོད་པའི་སྐོར་ལ་གསུངས་དོན། པཎ་ཆེན་སྐུ་ཕྲེང་བཅུ་པ་མཆོག་གིས་གསུངས་པའི་བོད་ནང་གི་གནད་དོན་མང་པོ་ཞིག་ད་ལྟའང་མུ་མཐུད་ནས་ལྷག་བསྡད་ཡོད་སྟབས། སྐུ་ཕྲེང་བཅུ་པ་མཆོག་དགོངས་པ་རྫོགས་རྗེས། ༸གོང་ས་མཆོག་གིས་ངོས་འཛིན་གནང་བའི་སྐུ་ཕྲེང་བཅུ་གཅིག་པ་མཆོག་གིས་སྐུ་གོང་མས་གང་གནང་བ་རྣམས་མཇུག་སྐྱོང་དགོས་པ་ཞིག་ཆགས་ཀྱི་ཡོད་ཀྱང་། ད་ལྟ་ཡང་སྲིད་རིན་པོ་ཆེ་བཀག་ཉར་བྱས་ཏེ་གར་སོང་ཆ་མེད་དུ་ཕྱིན་དུས། སྐུ་ཕྲེང་བཅུ་པའི་མཛད་རྗེས་རྣམས་མཇུག་སྐྱོང་ཐུབ་ཀྱི་མེད་པ་དེར། ང་ཚོའི་ངོས་ནས་སེམས་ཁྲལ་ཆེན་པོ་བྱེད་དགོས་པ་ཞིག་དང་། ཆོས་ཕྱོགས་ཀྱི་ཐོག་ནས་བཤད་ན། ཁོང་ནང་པའི་བླ་མ་ཞིག་ཡིན་པའི་ཆ་ནས་དབང་ལུང་མན་ངག་མང་པོ་གསན་དགོས་པ་དང་། ཆོས་ཀྱི་བསླབ་པ་སློབ་གཉེར་མང་པོ་གནང་སྟེ། མ་འོངས་པར་མི་མང་ལ་དབང་ལུང་མན་ངག་གསུང་ཐུབ་པའི་ཆོས་ཆེད་གཉེར་གྱི་གནས་ཚད་ལྡན་པ་ཞིག་ཆགས་དགོས་ཀྱི་ཡོད་ཀྱང་། ཁོང་བཀག་ཉར་འོག་ཡོད་སྟབས། གལ་སྲིེད་ཁོང་ཀློད་གྲོལ་ཡོང་བའི་ཉི་མ་ཞིག་ཤར་བ་ཡིན་ནའང་། ནང་ཆོས་ཀྱི་གོ་བ་རྩ་བ་ཉིད་ནས་མེད་ཅིང་། བོད་ཀྱི་སྐད་ཡིག་རྩ་བ་ནས་མི་ཤེས་མཁན་ཞིག་བཟོ་བའི་ཐབས་ཤེས་བྱེད་བཞིན་པ་བཤད་མ་དགོས་པ་རེད། ད་ལྟ་ང་ཚོས་ཁོང་སྐུ་འཚོ་བཞུགས་ཡིན་མིན་ཀྱང་ཤེས་ཀྱི་ཡོད་པ་མ་རེད། གལ་སྲིད་ཁོང་སྐུ་འཚོ་བཞུགས་མིན་ན། མ་འོངས་པའི་པཎ་ཆེན་རིམ་པ་ངོས་འཛིན་བྱེད་སྟངས་ཐོག་དོ་ཕོག་ཤུགས་ཆེན་པོ་ཞེ་དྲགས་ཤིག་གཏོང་བཞིན་ཡོད་པ་རེད། ཅེས་དང་།
མ་འོངས་པར་རྒྱ་ནག་ལ་འགྱུར་བ་གཏན་གཏན་འགྲོ་རྒྱུ་ཡིན་པས། སྐབས་དེར་པཎ་ཆེན་རིན་པོ་ཆེའི་གནས་ཚུལ་ཡང་རང་བཞིན་གྱིས་གསལ་བོ་ཆགས་སྲིད་སྐོར་ཁོང་གིས། ད་ལྟའི་དམར་ཤོག་གི་གཞུང་དེ་མུ་མཐུད་གནས་ཀྱི་རེད་ཅེས་རྩ་བ་ནས་བཤད་ཐུབ་ཀྱི་མ་རེད། རྒྱལ་ཁབ་ག་འདྲ་ཞིག་ཡིན་ནའང་དབང་སྒྱུར་ཆེན་པོ་ཡོད་པའི་དུས་དང་ཉམས་ཆག་འགྲོ་བའི་དུས་ཡོད་པ་རེད། ད་ལྟ་རྒྱ་ནག་གཞུང་དབང་སྒྱུར་ཆེན་པོ་ཡོད་པའི་དུས་སྐབས་ཤིག་ཡིན་ཡང་ཉམས་ཆག་འགྲོ་བའི་དུས་ཤིག་གཏན་གཏན་ཡོད་ངེས་རེད། ཁོ་ཚོ་མི་རིགས་གཞན་ལ་ཡིད་ཆེས་མེད་ལ། སོ་སོའི་མི་མང་ལའང་ཡིད་ཆེས་ཡོད་པ་མ་རེད། འཛམ་གླིང་ཐོག་ཕྱིའི་སྲུང་སྐྱོབ་ལས་ནང་གི་སྲུང་སྐྱོབ་ལ་འགྲོ་སོང་ཆེ་བ་གཏོང་མཁན་རྒྱ་ནག་མ་གཏོགས་ཕལ་ཆེར་ཡོད་རྒྱུ་མ་རེད། དེ་འདྲ་ཡིན་དུས་སོ་སོའི་མི་ལ་ཡིད་ཆེས་ཀྱི་མེད་པ་རེད། སོ་སོའི་མི་ལ་ཡིད་ཆེས་མེད་པའི་གནས་སྟངས་འོག་གཞུང་སྲ་བརྟན་ཡོང་རྒྱུ་དེ་ཧ་ཅང་ཁག་པོ་ཡིན་སྟབས། རྒྱ་ནག་ལ་གཏན་གཏན་འགྱུར་བ་འགྲོ་ངེས་རེད་ལ། འགྱུར་བ་འགྲོ་བའི་ཉིན་མོ་དེར་པཎ་ཆེན་རིན་པོ་ཆེའི་གནས་སྟངས་དེ་རང་བཞིན་གྱིས་གསལ་བོ་ཆགས་ཡོང་མདོག་ཁ་བོ་རེད་བསམ་གྱི་འདུག ཅེས་གསུངས་སོང་།
གསར་འགོད་པ། པདྨ་མཚོ།
བོད་གངས་ཅན་གྱི་ཉི་ཟླ་གཉིས་ཞེས་བརྗོད་སྲོལ་ཡོད་པ་ལྟར་ད་ལྟའི་དུས་འདིར་འུ་ཚོ་ཟླ་བ་རྒྱ་ནག་དམར་གཞུང་བཙོན་དུ་བཟུང་ནས་མི་ལོ་ཉི་ཤུ་ཞུད་ཚར་བ་རེད། ད་དུང་འུ་ཚོས་རྟག་པར་ཁོང་མྱུར་དུ་གློད་སྤྲོད་གཏོང་དགོས་ཞེས་བརྗོད་བསྡད་པ་དེའི་ནུས་བ་གང་འདྲ་ཐོན་ཡོད་ཐོགས་དང་པོ་བཙོན་དུ་བཟུང་བ་ངོས་ལེན་བྱས་མེད་དེ་ནས་དེ་ཁེས་ལེན་བྱས་པ་རེད་ད་དུང་ནུས་ཤུགས་ལྡན་པའི་ལས་འགུལ་སྤེལ་དགོས་པ་རེད་དྲན་ནས་ཡོད།