མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

སྐུའི་གྱ་སྟོན་གྱི་མཛད་རིམ་འདི་ན་ཡོད།

བོད་ཀྱི་དུས་བབ།
༢༠༡༥/༠༦/༠༥
Share on FacebookShare on TwitterShare on EmailShare on Whatsapp

༧སྐུའི་གྱ་སྟོན་གྱི་མཛད་རིམ་ཁག་ལ་སྤྱིར་བཏང་འགྱུར་བ་ཆེན་པོ་ཕྱིན་མེད་ཀྱང་ཉིན་དང་པོའི་མཛད་རིམ་ཁག་ཅིག་ཉིན་གཉིས་པར་ཕྱིར་འཐེན་བྱས་ཡོད་འདུག

༧གོང་ས་མཆོག་ཕྱི་ལུགས་ཀྱི་དགུང་གྲངས་ ༨༠ ཕེབས་པའི་སྐལ་བཟང་དང་བསྟུན། ཟླ་འདིའི་ཕྱི་ཚེས་ ༢༡ ནས་ ༢༣ བར་གྱི་ཉིན་༣ རིང་བཞུགས་སྒར་དྷ་རམ་ས་ལར་གྱ་སྟོན་སྲུང་གཙི་ཞུ་རྒྱུ་ཡིན་པ་ལྟར། བོད་ཕྱི་ནང་གཉིས་ཀྱིས་གཙོས་འཛམ་གླིང་གི་ཡུལ་ལུང་གང་ས་ནས་མི་མང་པོས་དོ་སྣང་ཆེན་པོ་བྱེད་ཀྱི་ཡོད་སྟབས། ཁ་སང་གྱ་སྟོན་གོ་སྒྲིག་ཚོགས་ཆུང་གི་ངོས་ནས་མཛད་རིམ་ལ་འགྱུར་བ་ཅུང་ཙམ་ཐེབས་ཡོད་པའི་སྐོར་གྱི་གསར་འགོད་གསལ་བསྒྲགས་ཤིག་སྤེལ་ཡོད་སྟབས། དེ་རིང་འདི་གའི་གསར་འགོད་པས་གྱ་སྟོན་གོ་སྒྲིག་ཚོགས་ཆུང་གི་ཚོགས་གཙོ་སྤྱི་འཐུས་སྨན་པ་མཁྱེན་རབ་རྒྱ་མཚོ་ལགས་ལ་བཅར་འདྲི་ཞུས་པ་དང་འབྲེལ། གཤམ་དུ་ཉིན་གྲངས་ ༣ རིང་གི་གྱ་སྟོན་གྱི་མཛད་རིམ་རྣམས་ཞིབ་གསལ་གྱིས་བཀོད་ཡོད།

ཕྱི་ཚེས་ ༢༡ ཉིན།
ཉིན་དེའི་ཞོགས་པའི་ཆུ་ཚོད་ ༦ ཐོག བོད་ཀྱི་ཆོས་བརྒྱུད་ཆེན་པོ་བཞི་དང་གཡུང་དྲུང་བོན་བཅས་ཀྱི་དབུ་ཁྲིད་བླ་ཆེན་རྣམ་པ་དབུ་བཞུགས་ཐོག་སྐུའི་ཚེ་སྒྲུབ་གསུང་ཆོག་གནང་རྒྱུ་དང་། ཆུ་ཚོད་ ༨ པ་ཐོག་དྷ་ས་ཐེག་ཆེན་གཙུག་ལག་ཁང་དུ། དབུས་བོད་མིའི་སྒྲིག་འཛུགས་དང་མདོ་སྨད་ཆོལ་ཁ། རི་བོ་དགེ་ལུགས་པའི་བརྟན་བཞུགས་གོ་སྒྲིག་ཚོགས་ཆུང་བཅས་མཉམ་འབྲེལ་གྱི་ཐོག་ནས་བརྟན་བཞུགས་རྒྱས་པ་ཞིག་བསྟར་འབུལ་ཞུ་རྒྱུ་ཡིན་པ་དང་། དེའི་རྗེས་བོད་མིའི་སྒྲིག་འཛུགས་ཀྱི་མཛད་གཙོ་རྣམ་པ་དང་དགུང་ལོ་ ༨༠ ཡན་གྱི་མཁན་ཟུར་རྣམ་པ། དེ་བཞིན་དགུང་གྲངས་ ༨༠ ཡན་གྱི་མདོ་སྨད་ཆོལ་ཁའི་བགྲེས་སོང་རྣམ་པ་བཅས་ལ་མཇལ་ཁ་གནང་རྒྱུ་ཡིན་པ་དང་། ཉིན་རྒྱབ་ཏུ་མདོ་སྨད་གྱ་སྟོན་གོ་སྒྲིག་ཚོགས་ཆུང་གིས་ཆེད་དུ་བཞེངས་བའི་༧གོང་ས་མཆོག་གི་མཛད་ཐང་ ༡༥ དང་། གལ་ཆེའི་གསུང་འབུམ་ཁག་ཅིག་བཅས་འགྲེམས་སྟོན་གནང་རྒྱུ་ཡིན་འདུག

ཕྱི་ཚེས་ ༢༢ ཉིན།
མདོ་སྨད་གྱ་སྟོན་གོ་སྒྲིག་ཚོགས་ཆུང་གི་གོ་སྒྲིག་འོག ཉིན་དེའི་སྔ་དྲོའི་ཆུ་ཚོད་༨།༤༥ ཙམ་ལ་༧གོང་ས་མཆོག་དབུ་བཞུགས་ཐོག་༧སྐུའི་གྱ་སྟོན་མཛད་སྒོ་དབུ་འཛུགས་གནང་རྒྱུ་ཡིན་པ་དང་། མཛད་སྒོའི་ཐོག་བོད་ཀྱི་ཆོས་བརྒྱུད་ཁག་གི་བླ་ཆེན་རྣམ་པའི་དབུས་སྐུ་མགྲོན་གཙོ་བོར་ཧི་མ་ཅལ་མངའ་སྡེའི་བློན་ཆེན་ཝིར་བྷ་ཌི་ར་སིན་(Virbhadra Singh)མཆོག་ཕེབས་རྒྱུ་ཡིན་པ་དང་། མཛད་སྒོའི་སྐབས་མདོ་སྨད་དབུས་རྒྱུན་ཚོགས་གཙོ་བསྟན་པའི་དངོས་གྲུབ་ལགས་ཀྱིས་༧སྐུའི་གྱ་སྟོན་གོ་སྒྲིག་ཞུ་དགོས་པའི་བརྒྱུད་རིམ་སོགས་སྙན་སྒྲོན་ཞུ་རྒྱུ་དང་། གྱ་སྟོན་གོ་སྒྲིག་ཚོགས་ཆུང་གི་ཚོགས་གཙོ་སྤྱི་འཐུས་སྨན་པ་མཁྱེན་རབ་རྒྱ་མཚོ་ལགས་ཀྱིས་ཚོགས་ཆུང་གི་ལས་བསྡོམས་སྙིང་བསྡུས་སྙན་སྒྲོན་ཞུས་རྗེས། སྐུ་མགྲོན་གཙོ་བོ་མཆོག་གི་དབུས་སྐུ་མགྲོན་རྣམ་པས་༧རྒྱལ་དབང་སྐུ་ཕྲེང་དང་པོ་ནས་བཅུ་བཞི་བར་གྱི་མཛད་རྣམ་འཁྲུངས་རབས་དེབ་ཐེར་ནོར་བུའི་ཕྲེང་བ་ཁག་དང་། ༧ཀུན་གཟིགས་པཎ་ཆེན་རིན་པོ་ཆེ་སྐུ་ཕྲེང་བཅུ་པའི་མཛད་རྣམ་བརྙན་དེབ་པཎ་ཆེན་སྣང་བ་མཐའ་ཡས། དེ་བཞིན་མཛད་བརྒྱ་མཐོང་བ་དོན་ལྡན་གྱི་བརྙན་དེབ་དང་། སྐུའི་གྱ་སྟོན་དྲན་རྟེན་གསེར་གྱི་རྟགས་མ་བཅས་དབུ་འབྱེད་གནང་བ་དང་སྦྲགས། ༧གོང་ས་མཆོག་ལ་དྲན་རྟེན་གསེར་གྱི་རྟགས་མ་འབུལ་རྒྱུ་ཡིན་འདུག དེའི་རྗེས་ཆོས་བརྒྱུད་ཁག་གི་བླ་ཆེན་རྣམ་པ་དང་སྐུ་མགྲོན་གཙོ་བོ་བཅས་ནས་༧སྐུའི་གྱ་སྟོན་དང་འབྲེལ་བའི་བཀའ་སློབ་གསུང་བཤད་གནང་རྒྱུ་དང་། དེ་ནས་༧གོང་ས་མཆོག་ནས་བླང་དོར་གྱི་བཀའ་སློབ་བཀའ་དྲིན་བསྐྱང་རྒྱུ་ཡིན་འདུག

ཉིན་རྒྱབ་དྷ་སྟེང་བོད་ཁྱིམ་གྱི་ཚོགས་ཁང་དུ་འདུ་འཛོམས་གནང་རྒྱུ་ཡིན་པ་དང་། སྐབས་དེར་སྐུ་མགྲོན་གཙོ་བོ་ཧི་མ་ཅལ་མངའ་སྡེའི་བློན་ཆེན་ཝིར་བྷ་ཌི་ར་སིན་མཆོག་ཕེབས་རྒྱུ་ཡིན་ལ། མངའ་སྡེའི་བློན་ཆེན་མཆོག་གི་སྐུ་ཚེའི་དངོས་བྱུང་ལོ་རྒྱུས་གློག་བརྙན་དེ་གཟིགས་འབུལ་ཞུ་རྒྱུ་དང་། དེ་ནས་ཀིརྟི་རིན་པོ་ཆེ་མཆོག་དང་ལྕང་སྐྱ་རིན་པོ་ཆེ། ཨ་ཀྱ་རིན་པོ་ཆེ། དེ་བཞིན་འབྲས་སྤུངས་ཁྲི་བ་བློ་བཟང་བསྟན་པ་མཆོག ཀ་ཐོགཿ་དགེ་རྩེ་རིན་པོ་ཆེ། འབྲས་སྤུངས་སྒོ་མང་མཁན་པོ་ཡོན་ཏན་དམ་ཆོས་མཆོག དེ་བཞིན་སྲད་རྒྱུད་མཁན་པོ་ཨ་ལགས་ཡོངས་འཛིན་མཆོག་དང་གཙོས་གསེར་ཁྲི་རིན་པོ་ཆེ། ཇོ་ནང་མ་དགོན་མཁན་རིན་པོ་ཆེ་ཀུན་དགའ་ཚམས་ཆུང་མཆོག་བཅས་ནས་གསུང་བཤད་གནང་རྒྱུ་དང་། ཕྱི་དྲོའི་ཆུ་ཚོད་ ༦ པ་ཐོག་༧སྐུའི་གྱ་སྟོན་དགོང་ཚོགས་མགོ་འཛུགས་གནང་སྟེ། བཙན་བྱོལ་ནང་གི་གཞས་པ་གྲགས་ཅན་ཚེ་རིང་འགྱུར་མེད་དང་ཕུར་བུ་རྣམ་རྒྱལ་སོགས་ཀྱིས་གཙོས་གཞས་པ་གཞས་མ་ཁག་ཅིག་གིས་གཞས་སྣ་འབུལ་རྒྱུ་དང་། མདོ་སྨད་ཀྱི་དམངས་ཁྲོད་གླུ་གར་བཅས་གཟིགས་འབུལ་ཞུ་རྒྱུ་ཡིན་འདུག

ཕྱི་ཚེས་ ༢༣ ཉིན།
ཉིན་དེའི་སྔ་དྲོའི་ཆུ་ཚོད་ ༨ པ་ཐོག མདོ་སྨད་ཀྱི་བླ་སྤྲུལ་དགེ་འདུན་རྣམ་པ་དང་མི་མང་བཅས་ལྷ་རྒྱལ་རིར་ཚང་འཛོམས་ཀྱིས་བསང་གསོལ་གཏོང་རྒྱུ་དང་། དེ་ནས་ཀིརྟིའི་བྱེས་པ་གྲྭ་ཚང་དུ་འཛོམས་ཏེ་ཞོགས་ཇ་བཏུང་རྗེས། མདོ་སྨད་དབུས་རྒྱུན་ཚོགས་གཙོ་བསྟན་པའི་དངོས་གྲུབ་ལགས་ཀྱིས་༧སྐུའི་གྱ་སྟོན་གྱི་མདོ་སྨད་དགྱེས་འཛོམས་ཆེན་མོ་དབུ་འཛུགས་དང་འབྲེལ་བའི་གཏམ་བཤད་གནང་རྒྱུ་དང་། ཁྲི་ཟུར་རྒྱལ་ལོ་དོན་འགྲུབ་མཆོག་དང་བཀའ་ཟུར་རྗེ་བཙུན་པདྨ་མཆོག དགེ་བཤེས་བློ་བཟང་སྨོན་ལམ་ལགས་བཅས་ལ་མདོ་སྨད་དབུས་རྒྱུན་ནས་མཛད་རྗེས་གཟེངས་རྟགས་འབུལ་རྒྱུ། དེ་ནས་ཡབ་གཞིས་ནང་མི་ ༦ ལྷག་ནས་སྔ་རྗེས་སུ་གསུང་བཤད་སྐར་མ་ ༡༠ རེ་གནང་རྒྱུ་ཡིན་འདུག ཉིན་རྒྱབ་ཏུ་གཞས་སྣ་གཟིགས་འབུལ་དང་འབྲེལ་བཀའ་ཟུར་ཐུབ་བསྟན་ལུང་རིགས་མཆོག་དང་བཀའ་བློན་བདེ་སྐྱིད་ཆོས་དབྱངས་མཆོག་རྣམ་གཉིས་ནས་གསུང་བཤད་གནང་རྒྱུ་དང་། དེ་ནས་མདོ་སྨད་དབུས་རྒྱུན་གྱི་ངོས་ནས་༧སྐུའི་གྱ་སྟོན་གོ་སྒྲིག་ཚོགས་ཆུང་གི་སློབ་སྟོན་པ་རྣམ་པ་དང་། གོ་སྒྲིག་ཚོགས་ཆུང་གི་ཚོགས་མི། ཀིརྟིའི་བྱེས་པ་གྲྭ་ཚང་དང་ཀིརྟིའི་དགེ་རྩ་ཚོགས་པ། ལྷ་བྲིས་དང་མཛད་རྣམ་རྩོམ་པ་པོ། སྦྱིན་བདག་ཁག་ཅིག་བཅས་ལ་ཐུགས་རྗེ་ཆེ་ཞུའི་ཕྱག་རྟགས་འབུལ་རྒྱུ་དང་། བོད་མི་མང་སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་ནས་གསུང་བཤད་བཅས་གནང་གྲུབ་རྗེས། ༧སྐུའི་གྱ་སྟོན་གོ་སྒྲིག་ཚོགས་ཆུང་གི་ཚོགས་གཙོ་སྤྱི་འཐུས་སྨན་པ་མཁྱེན་རབ་རྒྱ་མཚོ་ལགས་ནས་གྱ་སྟོན་མཇུག་བསྡོམས་ཀྱི་གཏམ་བཤད་གནང་རྒྱུ་ཡིན་འདུག

གྱ་སྟོན་གོ་སྒྲིག་ཚོགས་ཆུང་གི་ཚོགས་གཙོ་ལགས་ཀྱིས་ཐེངས་འདིའི་གསར་འགོད་གསལ་བསྒྲགས་ཀྱི་དགོས་དམིགས་སྐོར་ལ་བརྗོད་དོན། གྱ་སྟོན་གྱི་ཉིན་དང་པོའི་མཛད་རིམ་ཁག་ཅིག་ཉིན་གཉིས་པར་ཕྱིར་འཐེན་བྱེད་དགོས་བྱུང་ཡོད་སྟབས། ཁ་སང་གསར་འགོད་གསལ་བསྒྲགས་ཤིག་སྤེལ་བ་དེ་གཙོ་བོ་ཉིན་གཉིས་པའི་མཛད་རིམ་རྣམས་ངོ་སྤྲོད་བྱེད་པའི་ཆེད་དུ་ཡིན། ཉིན་དང་པོའི་མཛད་རིམ་རྣམས་ཕྱིར་འཐེན་དགོས་པའི་རྒྱུ་མཚན་ག་རེ་རེད་ཟེར་ན། དབུས་བོད་མིའི་སྒྲིག་འཛུགས་ནས་ཉིན་དང་པོར་མཛད་སྒོ་ཞིག་ཚོགས་རྒྱུ་ཡིན་གསུངས་བ་ལྟར། གཞུང་འབྲེལ་གྱི་མཛད་སྒོ་དེ་གལ་ཆེན་པོར་མཐོང་ནས་མདོ་སྨད་གྱ་སྟོན་གོ་སྒྲིག་ཚོགས་ཆུང་གི་མཛད་རིམ་ཁག་ཅིག་ཉིན་གཉིས་པར་འཐེན་པ་རེད། མཛད་རིམ་ཕྱིར་འཐེན་བྱས་པར་བརྟེན་སྤྱི་ཚོགས་ནང་མཛད་རིམ་གྱི་གནས་སྟངས་སྐོར་ལ་སྐད་ཆ་མང་པོ་ཤོད་ཀྱི་ཡོད་སྟབས། དེ་ཚོ་གསལ་བོ་བཟོ་བའི་ཆེད་དུ་གསལ་བསྒྲགས་འདི་སྤེལ་བ་ཡིན། ཞེས་བརྗོད་བྱུང་།

བསླེབ་ལ་ཉེ་བའི་གྱ་སྟོན་དང་འབྲེལ་ཏེ་འབོད་སྐུལ་གནང་དགོས་པ་ཅི་ཡོད་དྲིས་པར་ཁོང་གིས། གྱ་སྟོན་སྲུང་གཙིའི་དགོས་པ་དང་རྒྱུ་མཚན་གཙོ་བོ་༧གོང་ས་མཆོག་གི་བཀའ་དྲིན་རྗེས་དྲན་ཞུ་རྒྱུ་དང་སྐུ་ཚེ་ཡུན་རིང་བརྟན་པའི་ཆེད་དུ་ཡིན་པས། གྱ་སྟོན་སྲུང་གཙི་བྱེད་པར་གཙོ་བོ་སྡིགས་སྤོང་དགེ་སྒྲུབ་ཀྱི་ལས་ལ་བརྟེན་ནས་སྲུང་གཙི་ཞུ་རྒྱུ་ཡིན་ཞེས་ཡར་སྐྱབས་འཇུག་ཞུས་པ་ལྟར་ཞལ་བཞེས་གནང་ཡོད་སྟབས། གལ་སྲིད་སྒེར་སོ་སོའི་ངོས་ནས་སྡིགས་སྤོང་དགེ་སྒྲུབ་བྱས་པའི་གྲངས་གསོག་གི་ཐོ་དེ་འདྲ་ཡོད་པ་ཡིན་ན། ཟླ་འདིའི་ཕྱི་ཚེས་ ༡༠ ཡས་མས་ནང་གང་མགྱོགས་ཀྱིས་གོ་སྒྲིག་ཚོགས་ཆུང་ལ་གཏོང་རྒྱུ་གལ་ཆེན་པོ་རེད། གང་ཡིན་ཟེར་ན། བརྟན་བཞུགས་སྐབས་ང་ཚོས་སྡིགས་སྤོང་དགེ་སྒྲུབ་ཀྱི་གྲངས་ཐོ་བསྡོམས་ནས་༧གོང་ས་མཆོག་ལ་སྙན་གསེང་ཞུ་དགོས་ཀྱི་ཡོད་པས། སྔ་ཙམ་ནས་དེ་ཚོ་གྲ་སྒྲིག་བྱེད་ཚར་དགོས་པ་རེད། ཅེས་དང་།

མདོ་སྨད་མི་མང་གིས་གྱ་སྟོན་དང་འབྲེལ་བའི་གྲ་སྒྲིག་ཅི་དགོས་དྲིས་པར། སྤྱིར་བཏང་གྱ་སྟོན་གྱི་ཉིན་དང་པོ་དང་གཉིས་པར་བོད་ཆོལ་ཁ་གསུམ་གྱིས་གཙོས་ཕྱི་རྒྱལ་བ་སོགས་ཚང་མ་འདུ་འཛོམས་གནང་རྒྱུ་དང་། ཉིན་གསུམ་པ་དེ་མདོ་སྨད་མི་མང་ནང་ཁུལ་གྱི་འདུ་འཛོམས་ཡིན་པས། མདོ་སྨད་དབུས་རྒྱུན་ནས་མདོ་སྨད་ཀྱི་ལག་ཁྱེར་ཞིག་བཟོ་བཞིན་ཡོད་སྟབས། སྐབས་དེར་ལག་ཁྱེར་དེ་འཁྱེར་ཡོང་ཐུབ་ན་ཡག་པོ་འདུག གལ་སྲིད་ལག་ཁྱེར་དེ་མེད་པ་ཡིན་ན་དཔྱ་ཁྲལ་ལག་དེབ་དང་སོ་སོའི་’འདྲ་པར་རེ་མཉམ་དུ་འཁྱེར་ཡོང་ན། གྱ་སྟོན་སྐབས་མདོ་སྨད་ལག་ཁྱེར་ལམ་སང་བཟོ་ཐུབ་ཀྱི་ཡོད་པ་རེད། ཅེས་བརྗོད་བྱུང་།

གསར་འགོད་པ། པདྨ་མཚོ།

འབྲེལ་ཡོད་གསར་འགྱུར།

 འབུམ་རམས་པ་ལྷ་མོ་འཚོའི་དཔེ་དེབ་དབུ་འབྱེད་གནང་། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༥།༦།༢༧
Mobile App

འབུམ་རམས་པ་ལྷ་མོ་འཚོའི་དཔེ་དེབ་དབུ་འབྱེད་གནང་། 

ཆུ་ཚོད་ ༥ སྔོན་ལ།
Mobile App

དབུས་གཙང་གཞོན་སྐྱེས་ཚོགས་ཆེན་ཐེངས་དང་པོ་འཚོག་བཞིན་འདུག

ཆུ་ཚོད་ ༧ སྔོན་ལ།
In this handout image released by the Chinese Embassy on June 26, 2025, the first batch of Indian pilgrims at the Manasarovar Lake, in Tibet.
Mobile App

རྒྱ་གར་གྱི་གནས་མཇལ་བ་ཚོ་དངོས་སུ་བོད་ནང་གནས་མཇལ་དུ་ཕྱིན།

ཆུ་ཚོད་ ༩ སྔོན་ལ།
Close view of Chinese PLA combat helicopter in Tibet_January 05 2021
Mobile App

བོད་ནང་གི་ཛ་དྲག་གི་གནས་སྟངས་ལ་གཟིགས་ཞིབ་དགོས་པའི་རེ་སྐུལ་ཞུས། 

༢༠༢༥/༠༦/༢༦
Mobile App

མི་འགྱངས་བར་སྟོབས་ཆེན་རྒྱལ་ཁབ་ལྔ་ཡིས་ཚོགས་ཆེན་འཚོག་རྒྱུ་ཡིན་འདུག 

༢༠༢༥/༠༦/༢༦
ལྕམ་སྐུ་པེ་ལོ་སི་མཆོག དབུས་བོད་མིའི་སྒྲིག་འཛུགས་ཀྱི་པར།
༸གོང་ས་མཆོག གསར་འགྱུར།

ཨ་རིའི་གྲོས་ཚོགས་ནང་༧སྐུའི་གོ་སྟོན་སྲུང་གཙི་གནང་།

༢༠༢༥/༠༦/༢༦

མཆན། 13

  1. མགོ་ལོག་ཟླ་བྷེ། says:
    ལོ་ 10 སྔོན།

    སྤྱིར་ལུང་པ་རེ་ལ་དཔེ་རེ་དང་། སྣོད་ཆས་རེ་ལ་ལོང་རེ་ཟེར་བ་ལྟར། བརྒྱད་ཅུའི་གྱ་སྟོན་ཟེར་བ་དེ་མདོ་སྨད་པ་ཁོ་ན་མ་གཏོགས་ས་གནས་གཞན་ལ་མིང་ཙམ་ཡང་གོ་རྒྱུ་མེད་པ་ཞིག་ཡིན་པས། ༧གོང་ས་རྒྱལ་བའི་དབང་པོ་མཆོག་གི་སྐུའི་གྱ་སྟོན་འདི་ཡང་ཐོག་མར་མདོ་སྨད་ལས་གཞན་ན་གྲག་འགུལ་མེད་པའང་དེའི་རྐྱེན་ཙམ་ལས། ཕན་ཚུན་ཀུན་གྱིས་མཉམ་འབྲེལ་མ་བྱེས་པ་སོགས་ཡེ་ནས་མ་རེད་འདོད། ལོ་གཉིས་ཙམ་གྱི་རིང་ལ་གྱ་སྟོན་གོ་སྒྲིག་ཚོགས་ཆུང་དབུས་མདོ་སྨད་གཞི་བྱེས་གཉིས་ཀྱིས་རྒྱུ་ཚེགས་ཉེན་གསུམ་ལ་མ་འཛེམས་པར་ཤུགས་བརྒྱབས་ཡོད་པའང་སྙོན་དུ་མེད་ན་ཡང་། འཇིག་རྟེན་འདིར་ང་ཚོ་ལ་སེམས་གཏད་སའི་རང་གཞུང་གཅིག་ཡོད་པ་ནི་བཙན་བྱོལ་བོད་ཀྱི་སྒྲིག་འཛུགས་འདི་ཉག་གཅིག་ཡིན་པས། དེ་ལ་བསྟུན་ཤེས་དང་གུས་ཞབས། དང་ལེན་སོགས་བྱས་པ་ནི་མདོ་སྨད་ཤེས་ཡོན་པའི་སྡེ་ཚོགས་ཀྱི་གཟི་བརྗིད་ཡིན་པ་ལས་མ་འཇོན་པ་དང་བློ་ཁོག་མ་ཡོད་པར་ནམ་ཡང་མཐོང་གིན་མེད། དཔལ་ལྡན་རང་གཞུང་གིས་ཀྱང་མདོ་སྨད་མི་མང་ལ་བསམ་ཤེས་ཀྱི་ཁོག་རྒྱ། འཇུག་ལྡོག་གི་རྣམ་དཔྱོད། ཕུགས་རྒྱང་གི་བསམ་བློ་བཅས་ཡོད་པའི་ཡིད་ཆེས་ཐོག་ནས་སྐབས་དང་དུས་སུ་འཛེམ་དོགས་མེད་པར་བཀའ་གནང་རྐྱང་མཛད་བཞིན་པ་ལས། གཞན་གོ་ལ་མ་གོ་བ་ཙམ་ནས་རྙོག་གྲ་བཟོ་རྐྱང་ཡིན་པའི་སྤྱི་ཚོགས་ཤིག་ཡིན་ན་ཐུགས་གཟབ་མི་གནང་རང་གནང་ཆགས་ངེས། མདོར་ན་ཐེངས་འདིར་རྙོག་གྲ་གང་ཡང་མེད་པར་དམངས་ཀྱིས་གཞུང་ལ་བསྟུན་པ་ནི་ཤིན་ཏུ་ནས་ཀྱང་བཀྲ་ཤིས་པ་ཞིག་རེད་ལ། དམངས་ལ་རྡབ་གསིགས་ཐེབས་པའི་འགྱུར་བའང་གང་ཡང་བྱུང་མི་འདུག་པས་དགའ་སྤྲོ་འབུམ་གྱིས་བལྟས་ཡོད། ཞར་ཞུ། གཞས་བ་ཚེ་རིང་འགྱུར་མེད་དང་ཕུར་བུ་རྣམ་རྒྱལ་རྣམ་པ་གཉིས་ལ་དམིགས་བསལ་གྱིས་མིང་གྲགས་ཅན་གསུང་ཡོད་པ་ནི་དོན་དངོས་རེད་འདུག་ལ། མི་འབུམ་ལྷག་གིས་བསྟོད་བསྔགས་ཀྱི་མེ་ཏོག་འཐོར་ཡུལ་རེད་འདུག་མི་འབུམ་ལྷག་ཉུང་ཉུང་མ་རེད་ཡ།

    Reply
  2. ཁྱུང་རང་སྒྲ། says:
    ལོ་ 10 སྔོན།

    ད་གནས་ཚུལ་འདིའི་མགོ་མཇུག་མང་པོ་གླེང་འདོད་མི་འདུག གང་ལྟར་གྱ་སྟོན་ཚོགས་པའི་ངོས་ནས་བསམ་ཤེས་དང་གུ་ཡངས་ཆེན་པོ་གནང་བར་ཐུགས་རྗེ་ཆེ། ལོ་ངོ་ ༢ ལྷག་རིང་ཡར་རྒྱུག་མར་རྒྱུག་བྱས་ནས་སློང་མོ་བྱས་ཤིང་། ཚོགས་ཆུང་ཟུར་དུ་བཙུགས་པའི་མི་རྒྱུ་གཉིས་ཀྱི་འགྲོ་སོང་དང་དཀའ་ལས་མང་པོ་བརྒྱབ་པར་བཀའ་ཤིག་གིས་བསམ་ཤེས་དགོས་པ་ཧ་ཅང་གལ་ཆེན་པོ་རེད། མི་མང་གི་གཞུང་ཞིག་ཡིན་པའི་ཆ་ནས་མི་མང་གི་སེམས་སུ། ང་ཚོར་བཙན་པོ་དབང་ཡོད་བྱས་སོང་ཨ་་་་བསམ་པའི་ཚོང་སྣང་ཞིག་མི་བསྐྲུན་ཆེད། གྱ་སྟོན་གྱི་མགོ་མཇུག་བར་གསུམ་དུ་གྱ་སྟོན་ཚོགས་པར་རོགས་རམ་དང་རྒྱབ་སྐྱོར་གང་ལེགས་གནང་རྒྱུ་དེ་བཀའ་ཤག་གི་འོས་འགན་ཡིན་ལ། གྱ་སྟོན་ལ་ཡུན་རིང་སྒུག་ཅིང་གང་ཡོད་ཅི་ཡོད་ཀྱིས་ཞལ་འདེབས་འབུལ་མཁན་ང་ཚོའི་རེ་བ་དང་འབོད་སྐུལ་ཡིན། སྐུ་མཁྱེན་་་་་་་་།

    Reply
  3. རྣམ་རྒྱལ། says:
    ལོ་ 10 སྔོན།

    སྤྱིར་བཏང་མདོ་སྨད་གྱ་སྟོན་དེ་བོད་གཞུང་གིས་འཕྲོག་ཏུ་བཅུག་པ་དེ་གྱ་སྟོན་གོ་སྒྲིག་ཚོགས་ཆུང་གིས་ཅི་གང་མ་འཇོན་པ་རེད། གང་ཡིན་ཟེར་ན་མ་གཞི་ནས་ཆོལ་ཁ་གསུམ་མཉམ་རུབ་ཀྱིས་གྱ་སྟོན་གོ་སྒྲིག་གནང་ཐུབ་ན་དེ་ཡག་པོ་ཞེ་དྲག་རེད། ལྷག་པར་དུ་བོད་མིའི་སྒྲིག་འཛུགས་ཀྱིས་གཞུང་འབྲེལ་ཐོག་ནས་གནང་ཐུབ་ན་དེ་ལས་ཀྱང་ཕུན་སུམ་ཚོགས་པའི་ཡན་ལག་རེད། ཡིན་ནའང་ཐོག་མ་ཆོལ་ཁ་གཞན་ལ་གྲགས་འགུལ་མེད་པ་མ་ཟད་བོད་མིའི་སྒྲིག་འཛུགས་ལའང་ཅི་གང་བཤད་རྒྱུ་ཡོད་པ་མ་རེད། འདས་པའི་ལོ་ངོ་གཅིག་ལྷག་རིང་གཞིས་བྱེས་མདོ་སྨད་མི་ལ་ཞལ་འདེབས་ཧ་ཅང་ཕོན་ཆེན་པོ་ཞིག་བསྡུས་པ་མ་ཟད། བོད་ཕྱི་ནང་གཉིས་ཀྱི་མི་མང་པོ་ཞིག་གིས་འདིའི་སྔ་ཕྱིའི་ཐོག་ཕྱག་ལས་མང་པོ་ཞིག་གནང་སྟེ་གྲུབ་ཚར་ཡོད་པའི་ཁ་ཐུག་ལ་གཞུང་གིས་འཁྱེར་འགྲོ་བ་དེ་གོ་སྒྲིག་ཚོགས་ཆུང་ཟེར་ན་རེད་མདོ་སྨད་ཀྱི་ལས་ཀྱི་སྣེ་མ་བ་ཚས་མ་འཇོན་པ་རེད།
    མཐའ་མ་དེ་ལ་ཞུ་རྒྱུ་ཞིག་ཡོད་པ་ནི་གྱ་སྟོན་ཁ་བྲོ་བཀྲ་ཤིས་ཡོང་ཆེད་རྙོག་དྲ་མང་པོ་མི་བཤད། གོ་སྒྲིག་ཚོགས་ཆུང་དང་ལས་ཀྱི་སྣེ་མོ་ཚོས་མི་མང་ལ་ཞལ་འདེབས་འདུས་པ་དང་གྱ་སྟོན་སྐོར་གྱི་རྩིས་ཁྲ་གསལ་གསལ་ཐང་ཐང་ཞིག་བཟོ་དགོས་པ་མ་ཟད། ཕར་འགྲོ་སོང་བཏང་བ་དང་ཅ་ལག་ཉོས་པ་སོགས་ཀྱིང་འཛིན་ཡིག་ཡོད་པ་ཙམ་མ་ཡིན་པར་ཚད་ཚད་རན་རན་གྱི་གོང་ཚད་ཅིག་ཡིན་དགོས། གང་ཡིན་ཟེར་ན་ག་གེ་མོ་ལ་དངུལ་འདི་ཙམ་ཕྱིན་སོང་། ཆེ་གེ་མོ་ལ་འགྲོ་སོང་དེ་ཙམ་བཏང་ཡིན་ཟེར་རྒྱུའི་ཡིག་ཆ་བཟོ་རྒྱུ་དང་དངུལ་འཛིན་རྫུན་མ་བཟོ་རྒྱུ་ཁ་སང་དེ་རིང་ལས་བསླ་ཤོས་ཡིན་པ་ཚང་མས་ཤེས་ཀྱི་ཡོད་པ་རེད། དེ་ནས་བྱུང་སོང་གི་དངུལ་ལྷག་མ་རྣམས་ཀྱང་ཚོགས་པ་བྱེ་བྲག་པ་ཙམ་མ་ཟད་མདོ་སྨད་དབུས་རྒྱུན་གྱིས་ཀྱང་སྒེར་ཉར་བྱས་མ་མི་ཆོག་པར་ཏཱ་ལའི་བླ་མའི་ཐེབས་རྩ་ལྟ་བུ་ཞིག་ལ་ཁམས་གཙང་འབུལ་དགོས་པ་འདི་མདོ་སྨད་མི་མང་གིས་ཞལ་འདེབས་ཕུལ་བའི་རེ་བའང་ཡིན། གནས་སྐབས་རིང་དེ་ཙམ་ཞུ་འདོད་བྱུང་སོང་།
    བལ་ཡུལ་ནས་ ༢༠༡༥།༦།༦།

    Reply
  4. ཨ་རུ་བྱམས་པ། says:
    ལོ་ 10 སྔོན།

    སྐུའི་གྱ་སྟོན་སླེབས་ལ་ཉེ་བའི་དུས་འདིར་སྤྱི་ཚོགས་
    ནང་རྣ་ལ་མི་སྙན་པ་དང་ཕྱོགས་རིས་ཀྱི་སྐད་ཆ་འདི་འདྲ་སྤེལ་
    བསྡད་ན་ཆིག་སྒྲིལ་ལ་གནོད་པ་མ་ཟད། ད་དུང་རིན་པོ་ཆེ་ཐུགས་ཕམས་པའི་རྒྱུ་རུ་འགྲོ་བས་ན་ཡིད་གཟབ་གནང་རོགས།
    མཐར་ཐུག་གི་དམིགས་ཡུལ་ནི་༸གོང་ས་མཆོག་སྐུ་ཚེ་སྐལ་བརྒྱར་བརྟན་པའི་ཆེད་ཡིན་པ་ནི་གཅིག་མཚུངས་རེད།༼བོད་ལ་ཞེན་པའི་མི་ཞིག་ཡིན་ན༽

    Reply
  5. ketaka says:
    ལོ་ 10 སྔོན།

    ༧གྱ་སྟོན་གྱི་མཛད་རིམ་འདི་ལོ་གཉིས་ལྷག་གི་གོང་ནས་མདོ་སྨད་ཆོལ་ཁའི་ངོས་ནས་སྲོལ་རྒྱུན་ཞིག་ཡོད་པ་ལྟར་འཚོགས་འདུ་དང་བགྲོ་གླེང་།དེ་བཞིན་༧སྐུའི་གྱ་སྟོན་གྱི་མཛད་རིམ་འདི་བཏང་བ་རེད།མ་གཞི་བྱས་ན་བོད་མིའི་སྒྲིག་འཛུགས་ཀྱི་ངོས་ནས་གྲ་སྒྲིག་དང་འགན་གཙོ་བོ་འཁུར་དགོས་པ་ཞིག་ཡིན་མོད།ཡིན་ན་ཡང་མདོ་སྨད་ཆོལ་ཁ་ལས་གཞན་པ་དག་གིས་སྲོལ་རྒྱུན་དེ་འདྲ་ཞིག་ལག་བསྟར་བྱེད་རྒྱུ་ཕར་ཟད།ཐ་ན་རྣ་བས་ཀྱང་གོ་ཐོས་མེད་ཚོད་རེད།རྒྱུ་མཚན་དེ་འདྲའི་དབང་གིས་མདོ་སྨད་ལས་གཞན་པ་གང་གིས་ཅིང་ལབ་གླེང་མེད་པ་དང་།བོད་མིའི་སྒྲིག་འཛུགས་དང་བཀའ་ཤག་ནི་དེ་ལས་ཀྱང་ལབ་གླེང་མེད་གཤིས།མདོ་སྨད་ངོས་ནས་ལོ་གཉིས་ལྷག་ལ་༧གྱ་སྟོན་གྱི་མཛད་རིམ་ཐོག་ཧུར་ཐག་འབད་ཐག་བྱས་ཏེ།༧གྱ་སྟོན་ལ་ཉེ་བའི་ཟླ་བ་ཁ་ཤས་སྔོན་ནས་འཚང་ཁ་དང་བདག་དབང་བེད་སྤྱོད་བྱས་ནའང་མདོ་སྨད་གྱ་སྟོན་གོ་སྒྲིག་འཚོགས་ཆུང་ངོས་ནས་༧བླ་མའི་བཀའ་དང་བོད་ཀྱི་རྩ་དོན་གཞི་ལ་བཞག་ནས་བསྟུན་ཤེས་དང་ཁོག་ཡངས་ཐོག་ནས་ཁོང་ཚོའི་མངོན་འདོད་ལྟར་བྱས་པ་དེ།ང་ཚོ་མདོ་སྨད་མི་མང་ངོས་ནས་བློ་སྤོབས་སྐྱེས་འོས་པ་ཞིག་རེད།ལྷག་པར་དུ་འདས་ཟིན་པའི་ལོ་རྒྱུས་ནང་༧རྒྱལ་བའི་བཀའ་དང་གཞུང་གི་ལངས་ཕྱོགས་འོག་ཤར་སྐྱོད་བྱེད་མཁན་གྱི་ཆོལ་ཁ་ཞིག་ཡུན་དུས་མི་རབས་རྗེས་མ་ཚོའི་མིག་དཔེར་ངོས་འཛིན་བྱེད་ཆོག་པ་ཞིག་རེད།བོད་མའི་སྤྱི་ཚོགས་འདི་ལ་མཚོན་ན་གཞན་གྱིས་ལུས་སེམས་ཀྱིས་འབད་རྩོན་བྱས་པའི་གྲུབ་འབྲས་ཐོག་ལ་འབྲེལ་མེད་ཀྱི་མི་ཞིག་གིས་སོ་སོའི་མཚན་སྙན་རྒྱས་ཐབས་དང་མ་འོངས་པའི་ཆབ་སྲིད་ཀྱི་གར་སྟེགས་བཟོ་རྒྱུ་དེ་ནམ་ཡང་འདོར་དཀའ་བའི་ལུས་ཀྱི་གྲིབ་མ་བཞིན་ཆགས་པ་རེད།བྱེད་སྟངས་དེ་དག་ནི་སྙིང་རྗེའི་ཡུལ་དུ་འཛིན་རྒྱུ་ནི་ཧ་ཅང་གལ་ཆེ།སྤྱི་ཚོགས་སུ་དཀྲོག་གཏམ་ཅི་ཙམ་བཤད་ཀྱང་༧གྱ་སྟོན་གོ་སྒྲིག་ཚོགས་ཆུང་ལ་ཤུགས་སྐྱེན་ཐེབ་མི་ཐུབ་པ་ནི་ང་ལ་ཡིད་ཆེས་དང་གདེང་ཚོད་ཡོད།

    Reply
  6. penpatashi says:
    ལོ་ 10 སྔོན།

    ང་རང་ཐོག་མ་ནས་༧གོང་ས་མཆོག་སྐུའི་གྱ་སྟོན་དེ་བོད་ཆོལ་ཁ་གསུམ་དང་། ཡང་ན་བོད་མིའི་སྒྲིག་འཛུགས་ཀྱིས་གཞུང་འབྲེལ་རང་གི་ཐོག་ནས་བཀོད་སྒྲིག་ཞུ་དགོས་པ་ཞིག་ཏུ་མཐོང་ཡང་། མི་ཁ་ཤས་ཀྱིས་མི་འཇོན་འཇོན་མདོག་གིས་ད་ལྟའི་ལབ་གླེང་འདིའི་ནང་ཟེགས་པ་རེད། ཐོག་མ་གྱ་སྟོན་སྐབས་རི་བོ་དགེ་ལུགས་སྤྱི་ཐོག་དང་མཉམ་འབྲེལ་གྱིས་བརྟེན་བཞུགས་འབུལ་རྒྱུ་དང་གྱ་སྟོན་དེའང་བོད་མིའི་སྒྲིག་འཛུགས་དང་མཉམ་འབྲེལ་བྱ་རྒྱུར་ནས་འདོད་པ་ཡོད་པ་མ་རེད་ཟེར་བ་ཞིག་གོ་སོང་། སྤྱི་ཚོགས་ནང་གི་ལབ་གླེང་དེ་དག་བདེན་པ་ཡིན་ན་དངོས་ནས་དྲང་གནས་ཐབས་སྐྱོ་བོ་རེད། གྱ་སྟོན་དེ་སྐུ་མདུན་ལ་གུས་བཀུར་དང་བཀའ་དྲིན་རྗེས་དྲིན་གྱི་ཚབ་ཏུ་སྡུག་ཅག་ཆགས་པ་རེད།

    Reply
  7. ketaka says:
    ལོ་ 10 སྔོན།

    བོད་གཞུང་ངམ་བོད་མིའི་སྒྲིག་འཛུགས་ཀྱི་མིང་བེད་སྤྱོད་བཏང་ན་གནས་ལུགས་དང་མཐུན་པ་ཞིག་མ་རེད།དོན་དངོས་དཔལ་ལྡན་སྲིད་སྐྱོང་མཆོག་གིས་ཐད་ཀར་བདག་དབང་བེད་སྤྱོད་བྱས་པ་ལས།དེ་ལ་འགྲེལ་བཤད་ལྷག་མ་ཞིག་ཧ་ལམ་ལྷག་མི་འདུག གང་ལྟར་ང་ཚོའི་དམིགས་ཡུལ་ནི་༧བླ་མས་ཐུགས་དགྱེས་པའི་ཕྱིར་ཡིན་གཤིས།འགྱུར་བ་བཏང་བར་འགྲིག་དང་མ་འགྲིག ཡང་ན་རེད་མ་རེད་ཅེས་པའི་སྐད་ཆ་མཚམས་འཇོག་བྱས་ན་ཕྱོགས་གང་ནས་བལྟས་ཅིང་དགེ་མཚན་ཆེ་བ་འདུག

    Reply
  8. འཇམ་གཅེས ། says:
    ལོ་ 10 སྔོན།

    ཕྱོགས་རིས་མེད་པའི་གྱ་སྟོན་ནམ་འཁྲུངས་སྐར་ཞི་བསུ་འདོད་པ་དང་། ཁྱབ་ཆེ་བ་དང་རིན་ཐང་ཅན་ཆེ་བའི་འཁྲུངས་སྐར་ཞིག་བསུ་འདོད་ན་གཞུང་འབྲེལ་ལས་ལྷག་པ་ཞིག་ཡོད་མི་སྲིད།

    Reply
  9. སེམས་བཟང་། says:
    ལོ་ 10 སྔོན།

    སྐུའི་གྱ་སྟོན་བསླེབ་ལ་ཉེ་བའི་སྐབས་འདིར་ཕྱོགས་རིས་ཅན་གྱི་སྐད་ཆ་མ་བཤད་ན་བཟང་གི དེ་ནི་རང་གི་བསོད་ནམས་ཉམས་པའི་རྒྱུ་ཁོ་ན་ལས་མ་འདས། དེ་ལས་སྐུའི་གྱ་སྟོན་གྱི་གོ་སྒྲིག་ཚོགས་ཆུང་དང་། ལས་བྱེད་འགན་ཁུར་མི་སྣ་བཅས་ཀྱི་ལྷག་བསམ་དང་སྙིང་སྟོབས་ལ་རྗེས་སུ་ཡི་རང་ཞུས་ན་འགྲིག་གི ལྷག་པར་དུ་དབུས་བོད་མིའི་སྒྲིག་འཛུགས་དང་མདོ་སྨད་ཆོལ་ཁ། རི་བོ་དགེ་ལུགས་པའི་བརྟན་བཞུགས་གོ་སྒྲིག་ཚོགས་ཆུང་བཅས་མཉམ་འབྲེལ་གྱི་ཐོག་ནས་སྐུའི་གྱ་སྟོན་སྲུང་གཙི་བྱེད་ཀྱི་ཡིན་པ་ཤིན་ཏུ་ནས་བཟང་ངོ་།།

    Reply
  10. ཚངས་སྲས། says:
    ལོ་ 10 སྔོན།

    མདོ་སྨད་ཀྱི་ངོས་ནས་འདས་པའི་ལོ་གཉིས་ཀྱི་གོང་ནས་༧གོང་ས་མཆོག་ལ་གྱ་སྟོན་རྒྱས་པ་ཞིག་གོ་སྒྲིག་ཞུ་རྒྱུའི་ཡོངས་ཁྱབ་གསལ་བསྒྲགས་སྤེལ་བ་རེད། འདི་མི་གཅིག་གཉིས་ཀྱི་འཆར་གཞི་མ་རེད། མདོ་སྨད་ཚོགས་ཆེན་སྟེང་གི་གྲོས་ཆོད་རེད།

    ཉེ་ལམ་སྤྱི་ལོ་ ༢༠༡༥ ཟླ་ ༤ ཚེས་ ༢༢ ཉིན་གྱ་སྟོན་གོ་སྒྲིག་ཚོགས་ཆུང་གིས་ཉིན་གསུམ་གྱི་གྱ་སྟོན་སྐོར་གྱི་མཛད་རིམ་ཁྱབ་བསྒྲགས་གནང་ཚར་བ་རེད། དེའི་རྗེས་ཏག་ཏག་ལ་བཀའ་ཤག་གིས་༧གོང་ས་མཆོག་གི་སྐུའི་གྱ་སྟོན་དེ་གཞུང་འབྲེལ་ཐོག་སྲུང་བརྩི་ཞུ་རྒྱུ་ཡིན་པའི་ཕྱག་ཡིག་ཅིག་འབྱོར་བ་རེད། མདོ་སྨད་དབུ་རྒྱུན་དང་གྱ་སྟོན་གོ་སྒྲིག་ཚོགས་ཆུང་ནང་བསམ་ཚུལ་གཉིས་བྱུང་བ་རེད། ཁག་ཅིག་གིས་མདོ་སྨད་ཀྱི་ངོས་ནས་ལོ་གཉིས་གོང་ནས་གྱ་སྟོན་གསལ་བསྒྲགས་གནང་ཟིན་ཡང་སྐབས་དེར་བོད་མིའི་སྒྲིག་འཛུགས་ལ་གྲགས་འགུལ་གང་ཡང་མེད་སྟབས། ད་ལྟ་མདོ་སྨད་ཀྱིས་གྲ་སྒྲིག་ཡོངས་སུ་གྲུབ་ཚར་རྗེས་བོད་མིའི་སྒྲིག་འཛུགས་ཀྱིས་གཞུང་འབྲེལ་ཐོག་མཛད་སྒོ་ཚོགས་རྒྱུ་ཡིན་གསུངས་པ་དེ་འགྲིག་གི་མི་འདུག་ལབ་ནས་དེ་ལྟར་དུ་བཀའ་ཤག་ལ་ཡིག་ལན་ཞིག་ཕུལ་ཡང་། དེ་ལ་ཟློག་ཐབས་མེད་སྐོར་བཀའ་ཕེབས་ཏེ་གྲུབ་འབྲས་མ་ཟོན་པའི་དབང་གིས། གྱ་སྟོན་གྱི་མཛད་རིམ་ལ་བསྐྱར་དུ་ཡར་དཀྲུག་མར་དཀྲུག་བཏང་སྟེ་འགྱུར་བ་བཏང་དགོས་ཐུག་པ་རེད།

    འདི་མདོ་སྨད་དབུས་རྒྱུན་དང་གྱ་སྟོན་གོ་སྒྲིག་ཚོགས་ཆུང་གིས་མ་འཇོན་པ་རེད་ལབ་དགོས་རེད་དམ། ཡང་ན་བོད་མིའི་སྒྲིག་འཛུགས་ཀྱིས་གྱ་སྟོན་གོ་སྒྲིག་ཚོགས་ཆུང་ལ་མཐོང་ཆུང་བཏང་བ་རེད་ལབ་དགོས་རེད། འདི་གསལ་བོ་བཟོ་དགོས་པ་གལ་ཆེན་པོ་རེད།

    Reply
  11. ཁྱུང་རང་སྒྲ། says:
    ལོ་ 10 སྔོན།

    གྱ་སྟོན་གོ་སྒྲིག་ཚོགས་ཆུང་གི་ངོས་ནས་ཉིན་གསུམ་གྱི་མཛད་རིམ་རྣམས་ཁ་གསལ་ཁྱབ་བསྒྲགས་བྱས་པ་ཐུགས་རྗེ་ཆེ། ང་ཚོ་ཕྱི་རྒྱལ་ཁག་ན་ཡོད་པ་ཚོས་གནམ་གྲུའི་འཛིན་བྱང་ཡང་ཉོས་ཚར་བས། མཛད་རིམ་ཁ་གསལ་བྱུང་བར་ཧ་ཅང་དགའ་བྱུང་། གྱ་སྟོན་ཚོགས་པ་དང་དུས་བབ་ལ་ཐུགས་རྗེ་ཆེ།

    Reply
  12. བྱ་ལེན་མ། says:
    ལོ་ 10 སྔོན།

    གྱ་སྟོན་དེ་བོད་མིའི་སྒྲིག་འཛུགས་ཀྱིས་གཞུང་འབྲེལ་ཐོག་སྲུང་བརྩི་ཞུ་རྒྱུའི་ཐག་གཅོད་བྱུང་ཡོད་པ་རེད། ལས་རིམ་ལ་འགྱུར་བ་ཐེབས་ཡོད་ཀྱང་མདོ་སྨད་དྲ་རྒྱའི་སྟེང་ད་དུང་འདི་ལྟར་ལྷག་འདུག

    ༸སྐུའི་གྱ་སྟོན་གྱི་མཛད་རིམ་རགས་ཟིན།

    ༢༠༡༥།༦།༢༡ ནས་༢༣ བར།
    ཉིན་དང་པོའི་མཛད་རིམ།

    (1) 7:30 – ཐེག་ཆེན་གཙུག་ལག་ཁང་དུ་སྤྱི་ནོར་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་ལ་བརྟན་བཞུགས་བསྟར་འབུལ་འགོ་འཛུགས་ཞུ་རྒྱུ།

    (2) 11:30 – སྤྱི་ནོར་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་དུས་འཁོར་ལྷ་ཁང་དུ་༸སྐུའི་གྱ་སྟོན་གྱི་འགྲེམས་སྟོན་སྒོ་འབྱེད་དང་མཛད་ཐང་ལ་རབ་གནས་བཀའ་དྲིན་བསྐྱང་རྒྱུ།

    (3) 12:00 – ཐེག་ཆེན་གཙུག་ལག་ཁང་གི་གསུང་ཆོས་རྭ་བར་༸སྐུའི་གྱ་སྟོན་གྱི་དངོས་གཞིའི་མཛད་སྒོ་དབུ་འཛུགས་གནང་རྒྱུ།

    (4) 1:30 – གཙུག་ལག་ཁང་དང་རྣམ་གྲྭ་སོགས་སུ་ཆོས་བརྒྱུད་ཁག་གི་བླ་ཆེན་རྣམ་པས་དབུས་སེར་སྐྱ་སྐུ་མགྲོན་མི་མང་དང་བཅས་པར་ཉིན་གུང་གསོལ་ཚིགས་འབུལ་རྒྱུ།

    (5) 3:00 – དུས་འཁོར་ལྷ་ཁང་དུ་བླ་སྤྲུལ་སེར་སྐྱ་སྐུ་མགྲོན་རྣམ་པས་དབུས་མི་མང་ཡོངས་ལ་འགྲེམས་སྟོན་སྤྱན་འབུལ་ཞུ་རྒྱུ།

    (6) 5.30 – དྷ་སྟེང་བོད་ཁྱིམ་ཚོགས་ཁང་དུ་བླ་ཆེན་རྣམ་པས་གཙོས་སྐུ་མགྲོན་རྣམ་པར་ཕེབས་བསུའི་སྣེ་ལེན་ཞུ་རྒྱུ།

    (7) 5:45 – བོད་ཁྱིམ་ཚོགས་ཁང་དུ་༸སྐུའི་གྱ་སྟོན་གྱི་དགོང་ཚོགས་ཆེན་མོ་དབུ་འཛུགས་ཞུ་རྒྱུ།

    (8) 8:00 – ངྷ་སྟེང་བོད་ཁྱིམ་བདེ་སྐྱིད་ཚེ་རིང་ཚོགས་ཁང་དང་དེའི་མདུན་ཐང་དུ་བླ་ཆེན་རྣམ་པས་གཙོས་སྐུ་མགྲོན་རྣམས་ལ་དགོང་མོའི་གསོལ་ཚིགས་འབུལ་རྒྱུ།

    ཉིན་གཉིས་པའི་མཛད་རིམ།

    (1) 9:00 ནས་11.00 – ཐེག་ཆེན་གཙུག་ལག་ཁང་གི་གསུང་ཆོས་རྭ་བར་༸གོང་ས་མཆོག་ཆོས་བརྒྱུད་ཁག་ལ་བཀའ་དྲིན་ཆེ་ཚུལ་དང་འབྲེལ་སྤྱི་ཡོངས་མཛད་པའི་སྐོར་ལ་བླ་ཆེན་རྣམ་པས་བཀའ་སློབ་གསུང་བཤད་རེ་གནང་རྒྱུ།

    (2) 11.30 – ཀིརྟི་བྱེས་པ་གྲྭ་ཚང་དུ་མདོ་སྨད་བླ་སྤྲུལ་རྣམ་པའི་ངོ་སྤྲོད་དང་གསུང་བཤད་མདོར་བསྡུས་རེ་གནང་རྒྱུ།

    (3) 1.00 – ཚོགས་ཕེབས་པ་ཡོངས་ལ་ཉིན་གུང་གསོལ་ཚིགས་འབུལ་རྒྱུ།

    (4) 2:00 – མུ་མཐུད་མདོ་སྨད་བླ་སྤྲུལ་རྣམ་པའི་ངོ་སྤྲོད་དང་གསུང་བཤད་མདོར་བསྡུས་རེ་གནང་རྒྱུ།

    (5) ཆུ་ཚོད་ངེས་མེད། – ༸སྐུའི་གྱ་སྟོན་ཆེད་བོད་ནས་ཕེབས་མཁན་དང་དམིགས་བསལ་སྐུ་མགྲོན་ཁག་ལ་མཇལ་ཁ་གོ་སྒྲིག་ཞུ་རྒྱུ།

    (6) དུས་ངེས་མེད། – བླ་ཆེན་རྣམ་པ་ཕེབས་སྐྱེལ་ཞུ་རྒྱུ།

    ཉིན་གསུམ་པའི་མཛད་རིམ།

    (1) 6:30 – ཀིརྟི་བྱེས་པ་གྲྭ་ཚང་གི་དགེ་འདུན་པ་རྣམ་པས་དབུས་བླ་སྤྲུལ་སེར་སྐྱ་མི་མང་ཡོངས་ཀྱིས་ལྷ་རྒྱལ་རིར་བསང་གསོལ་རྒྱས་པ་འགོ་འཛུགས་གནང་རྒྱུ།

    (2) 8:00 – ཀིརྟི་བྱེས་པ་གྲྭ་ཚང་དུ་མདོ་སྨད་སེར་སྐྱ་མི་མང་ལ་ཞོགས་ཇ་གཏང་རྒྱུ།

    (3) 9:30 – ཀིརྟི་བྱེས་པ་གྲྭ་ཚང་དུ་༸སྐུའི་གྱ་སྟོན་གྱི་མདོ་སྨད་དགྱེས་འཛོམས་ཆེན་མོའི་མཛད་སྒོ་དབུ་འཛུགས་གནང་རྒྱུ།

    (4) 11:00 – ཀིརྟི་བྱེས་པ་གྲྭ་ཚང་དུ་ས་གནས་སོ་སོའི་སྒྱུ་རྩལ་བ་རྣམས་ཀྱིས་གཞས་སྣ་འགོ་འཛུགས་གནང་རྒྱུ།

    (5) 12:30 – ཀིརྟི་བྱེས་པ་གྲྭ་ཚང་དུ་ཉིན་གུང་གསོལ་ཚིགས་གཏང་རྒྱུ།

    (6) 2:00 – ཀིརྟི་བྱེས་པ་གྲྭ་ཚང་དུ་ཡབ་གཞིས་ནང་མི་དང་གནད་ཡོད་མི་སྣའི་དགོངས་ཚུལ་གསུང་བཤད་རེ་གནང་རྒྱུ།

    (7) 3:00 – ཀིརྟི་བྱེས་པ་གྲྭ་ཚང་དུ་གཞས་སྣ་དང་ཞབས་བྲོ་མུ་མཐུད་གནང་རྒྱུ།

    (8) 6:30 – ཀིརྟི་བྱེས་པ་གྲྭ་ཚང་དུ་དགོང་མོའི་གསོལ་ཚིགས་གཏང་རྒྱུ།

    (9) 8:00 – བོད་ལྗོངས་མདོ་སྨད་ཆོལ་ཁའི་༸སྐུའི་གྱ་སྟོན་ཆེན་མོ་མཇུག་བསྡོམས་དང་འབྲེལ་རྒྱལ་ཁའི་ངང་གྲོལ་རྒྱུ།

    གནས་ཚུལ་ཨ་མ། http://dhomay.com/index.php?option=com_content&view=article&id=503:22-04-2015&catid=27:2012-05-03-16-30-54

    Reply
  13. བློ་བཟང་། says:
    ལོ་ 10 སྔོན།

    གྱ་སྟོན་ཚོགས་པའི་ཚོགས་གཙོ་ཨམ་རྗེ་མཁྱེན་རབ་མཆོག་ལ་དོགས་འདྲི་ཞུ་རྒྱུ་ཞིག་ལ། གོ་ཐོས་སུ་མདོ་སྨད་གྱ་སྟོན་བོད་གཞུང་གིས་འཕྲོག་སོང་བ་རེད་ཟེར་བ་དེ་བདེན་པ་ཡིན་ནམ། ཐེངས་སྔོན་མ་ས་གནས་ཁག་ལ་གྱ་སྟོན་སྐོར་གྱི་ལས་རིམ་ཞིག་བཏང་འབྱོར་བྱུང་བ་དང་དེ་རིང་གོང་དུ་གསར་འགྱུར་སྤེལ་བའི་ནང་དོན་གཉིས་ཁ་ཁ་རེད་འདུག་་། འདི་ལ་གསལ་བཤད་ཅིག་ཡོང་བ་མཁྱེན།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese