འདི་ལོའི་བོད་ཀྱི་མཛངས་མའི་འགྲན་སྡུར་ནང་བལ་ཡུལ་ནས་བུ་མོ་གཉིས་དང་རྡེ་ར་རྡུན་ནས་གཅིག་བཅས་བོད་རིགས་གཞོན་ནུ་མ་ ༣ འདུག
དེ་རིང་སྔ་དྲོའི་ཆུ་ཚོད་ ༡༡ ཐོག བོད་ཀྱི་མཛངས་མའི་འགྲན་སྡུར་གོ་སྒྲིག་པ་བློ་བཟང་དབང་རྒྱལ་ལགས་ཀྱིས། ཕྱི་ལོ་ ༢༠༡༥ ལོའི་མཛངས་མ་འགྲན་སྡུར་གྱི་གསར་འགོད་གསལ་བསྒྲགས་བྱས་སོང་བ་དང་། ད་ལོའི་འགྲན་སྡུར་ནང་བལ་ཡུལ་གྱི་རྒྱལ་ས་ཀ་ཐ་མན་ཀྲུ་ནས་ཡིན་པའི་བློ་བཟང་སྐྱིད་འཛོམས་ལགས་དང་། རྡེ་ར་རྡུན་ནས་ཡིན་པའི་པདྨ་ཆོས་སྒྲོན་ལགས། བལ་ཡུལ་སྤོག་ར་ནས་ཡིན་པའི་ཚེ་རིང་སྒྲོལ་མ་བཅས་བུ་མོ་གསུམ་མཉམ་ཞུགས་བྱས་འདུག་ལ། སང་ཉིན་བོད་དོན་དང་འབྲེལ་བའི་བརྗོད་གཞི་འདྲ་མིན་ཐོག་གཏམ་བཤད་དང་སྒྱུ་རྩལ་འཁྲབ་སྟོན། ཕྱི་ལུགས་ཀྱི་གཟུགས་ངོམ་བཅས་ཀྱི་འགྲན་སྡུར་བྱ་རྒྱུ་ཡིན་པ་དང་། ཟླ་འདིའི་ཕྱི་ཚེས་ ༧ ཉིན་གྱི་དགོང་དྲོའི་ཆུ་ཚོད་ ༧ པ་ཐོག དྷ་ས་བོད་ཀྱི་ཟློས་གར་ཁང་དུ་དངོས་གཞིའི་འགྲན་སྡུར་འཚོགས་སྟེ། བོད་ཀྱི་ཐུན་མོང་མ་ཡིན་པའི་ཆས་གོས་འགྲན་སྡུར་དང་དྲི་བ་དྲིས་ལན་བཅས་བྱས་པ་བརྒྱུད། ཨང་དང་པོར་ཧིན་སྒོར་འབུམ་ ༡ དང་། ཨང་གཉིས་པར་ཧིན་སྒོར་ཁྲི་ ༥། ཨང་གསུམ་པར་ཧིན་སྒོར་ ༢༥༠༠༠ གི་བྱ་དགའ་སྤྲོད་རྒྱུ་ཡིན་འདུག
རང་ལོ་ ༢༤ ཡིན་པའི་འགྲན་ཞུགས་པ་པདྨ་ཆོས་སྒྲོན་ལགས་འབྲས་ལྗོངས་སུ་སྐྱེས་ཤིང་། ད་ལྟ་རྡེ་ར་རྡུན་བདེ་སྐྱིད་གླིང་གཞིས་ཆགས་ནང་གནས་སྡོད་བྱས་ཡོད་ལ། འཛིན་རིམ་བཅུ་གཉིས་བར་མ་སུ་རི་བོད་ཁྱིམ་དུ་སློབ་སྦྱོང་བྱས་པ་དང་། དེ་ནས་སློབ་སྦྱོང་གི་གྲུབ་འབྲས་རྩེར་སོན་གྱི་གྲས་སུ་ཐོན་ཏེ། རྒྱ་གར་གྱི་བུད་མེད་མཐོ་སློབ་(Lady Shri Ram College )ནང་དབྱིན་ཡིག་ཐོག་རིག་གནས་རབ་འབྱམས་པ་ཐོན་པ་དང་། དེ་རྗེས་ནེ་རུ་གཙུག་ལག་སློབ་གཉེར་ཁང་དུ་(Jawaharlal Nehru) སློབ་སྦྱོང་བྱས་ཡོད་འདུག ཁོང་མོས་གསར་འགོད་པར་བོད་པའི་བུ་མོ་ཚོ་མཛངས་མ་འགྲན་སྡུར་ནང་ཞུགས་པར་འཚེར་སྣང་བྱེད་ཀྱི་ཡོད་པ་དེ་ནོར་འཁྲུལ་རེད། གང་ཡིན་ཟེར་ན། སོ་སོའི་གཟུགས་པོ་སོ་སོར་ཐོབ་ཐང་ཡོད་པ་རེད། སྤྱིར་བཏང་ང་མི་དཀྱུས་མ་ཞིག་ཡིན་ཡང་སྐད་ཆ་བཤད་པའི་སྡིངས་ཆ་འདི་འདྲ་རག་པར་ཧ་ཅང་སྐྱིད་པོ་འདུག འཛམ་གླིང་གི་རྒྱལ་ཁབ་ཚང་མར་མཛངས་མ་འགྲན་སྡུར་ཡོད་པས། ང་ཚོ་བོད་པས་ཀྱང་འགྲན་སྡུར་བཟོ་དགོས་པ་དེ་དཔེ་གལ་ཆེན་པོ་རེད། རྒྱ་གར་ནང་བོད་ཀྱི་མཛངས་མ་འགྲན་སྡུར་བྱེད་བཞིན་པ་དེ་དཔེ་སྙིང་རྗེ་མོ་མཐོང་གི་འདུག་ལ། མ་འོངས་པར་བོད་ནང་མུ་མཐུད་གོ་སྒྲིག་བྱེད་ཐུབ་པ་ཡིན་ན་ཡག་པོ་རེད། གལ་སྲིད་ང་བོད་ཀྱི་མཛངས་མ་ཆགས་པ་ཡིན་ན་ང་ཧ་ཅང་སྐྱིད་པོ་ཡོང་ས་རེད། གང་ཡིན་ཟེར་ན་དེ་ངའི་རྨི་ལམ་འདྲ་བོ་རེད། ཡིན་ནའང་ངས་དེ་ཙམ་རེ་བ་ཆེན་པོ་རྒྱག་གི་མེད། ང་འདིར་བསླེབས་པ་ཙམ་གྱིས་སྤོབས་པ་ཆེན་པོ་སྐྱེས་ཀྱི་ཡོད་ལ། ངས་སོ་སོའི་སེམས་སུ་ཡོད་པའི་སྐད་ཆ་མར་བཤད་ཐུབ་འདུག་བསམ་ནས་ངའི་ནང་མི་ཚང་མས་ང་ལ་སྤོབས་པ་བྱེད་ཀྱི་ཡོད་པ་རེད། ངས་བུད་མེད་ཀྱི་ནུས་སྟོབས་ཟེར་བ་དེ་གལ་ཆེན་པོ་ཞེ་དྲགས་མཐོང་གི་འདུག ད་ལྟའི་ཆར་བོད་ཀྱི་མཛངས་མའི་འགྲན་སྡུར་འདི་བློ་བཟང་དབང་རྒྱལ་མི་སྒེར་ཞིག་གི་ངོས་ནས་གོ་སྒྲིག་བྱེད་ཀྱི་ཡོད་པས་དཀའ་ལས་མང་པོ་ཡོད་པ་རེད། གལ་སྲིད་བོད་ཀྱི་བུད་མེད་ལྷན་ཚོགས་འདྲ་བོ་ཞིག་གིས་གོ་སྒྲིག་བྱས་པ་ཡིན་ན་ཤུགས་ཆེ་རུ་འགྲོ་ངེས་རེད་བསམ་གྱི་འདུག ཅེས་བརྗོད་བྱུང་།
རང་ལོ་ ༢༤ ཡིན་པའི་ཚེ་རིང་སྒྲོལ་མ་ལགས་རྒྱ་གར་ལྷོ་ཕྱོགས་ཧོན་སོར་གཞིས་ཆགས་སུ་སྐྱེས་ཤིང་བལ་ཡུལ་ནང་འཚར་ལོངས་བྱུང་བ་དང་། ད་ལྟ་བྷང་ལོར་དུ་སྨན་ཞབས་ཀྱི་ལས་རིགས་ཐོག་སློབ་སྦྱོང་བྱེད་བཞིན་ཡོད་འདུག ཁོང་མོས་ཕྱི་ལོ་ ༢༠༡༣ ནས་བོད་ཀྱི་མཛངས་མའི་འགྲན་སྡུར་ནང་ཞུགས་འདོད་བྱུང་། ཡིན་ནའང་། སློབ་སྦྱོང་གིས་ད་ལྟ་བར་དུ་འཛུལ་ཞུགས་བྱ་རྒྱུ་རག་མ་སོང་། ད་རེས་གོ་སྐབས་ཡག་པོ་མཐོང་དུས་འཛུལ་ཞུགས་བྱས་པ་ཡིན། འགྲན་སྡུར་འདིའི་ནང་ཞུགས་དགོས་པའི་རྒྱུ་མཚན་དེ་གཅིག་ནས་ལོ་གཉིས་ཙམ་གྱི་རིང་འགྲན་སྡུར་ནང་བུ་མོ་མང་པོ་འཛུལ་ཞུགས་བྱས་མེད་པ་དང་། གཉིས་ནས་ང་སྨན་ཞབས་མ་ཞིག་ཡིན་པས་རྒྱུན་དུ་མི་གཞན་དང་མཉམ་དུ་སྐད་ཆ་ཤོད་སྐབས། ཁྱེད་རང་རྒྱ་མི་ཡིན་པས་དང་ཡང་ན་ཁྱེད་རང་ཉི་ཧོང་བ་ཡིན་པས་ཟེར་ནས་སྐད་ཆ་འདྲི་ཡི་འདུག་པས། བོད་ནས་ཡིན་ལབ་དུས་ཁོ་ཚོས་བོད་ལབ་ན་ག་བར་ཡོད་པ་རེད། རྒྱ་ནག་ནང་ཡོད་པ་རེད་དམ་ཟེར་གྱི་འདུག དེར་བརྟེན་བོད་ཀྱི་མཛངས་མའི་འགྲན་སྡུར་སྤེལ་བ་ཡིན་ན་བོད་ཟེར་བའི་མིང་དེ་མངོན་གསལ་དོད་པོ་བྱས་ནས་མི་མང་གི་མདུན་ལ་ཐོན་ཡོང་གི་ཡོད་སྟབས། ངས་བོད་ཀྱི་མཛངས་མའི་འགྲན་སྡུར་འདི་གལ་ཆེན་པོ་མཐོང་སྟེ་མཉམ་ཞུགས་བྱས་པ་ཡིན། གལ་སྲིད་ང་རང་བོད་ཀྱི་མཛངས་མ་ཆགས་པ་ཡིན་ན། ང་རང་སྨན་ཞབས་ཐོག་སློབ་སྦྱོང་བྱེད་མཁན་ཞིག་ཡིན་པའི་ཆ་ནས་ང་རང་གིས་སྦྱངས་བ་དང་ཤེས་པ་རྣམས་སློབ་ཕྲུག་དང་མི་མང་ལ་གང་ཐུབ་ཀྱིས་བསླབ་ཐུབ་པར་འབད་བརྩོན་བྱ་རྒྱུ་ཡིན། ཞེས་བརྗོད་བྱུང་།
རང་ལོ་ ༢༢ ཡིན་པའི་བློ་བཟང་སྐྱིད་འཛོམས་ལགས་ནི་བལ་ཡུལ་གྱི་རྒྱལ་ས་ཀ་ཐ་མན་ཀྲུ་ནས་ཡིན་པ་དང་། ཉེ་སྔོན་བྷང་ལོར་གཙུག་ལག་སློབ་གཉེར་ཁང་ནས་གསར་འགོད་རིག་པའི་ཐོག་གཙུག་ལག་རབ་འབྱམས་པ་ཐོན་ཡོད་འདུག ཁོང་མོས་གལ་སྲིད་ང་བོད་ཀྱི་མཛངས་མ་ཆགས་པ་ཡིན་ན། ཐོག་མར་བོད་རིགས་གཞོན་ནུ་མ་ཚོ་བོད་ཀྱི་མཛངས་མའི་འགྲན་སྡུར་ནང་ཞུགས་པར་སེམས་ཤུགས་སྤར་རྒྱུ་ཡིན། དེ་ནས་ང་རང་ནམ་རྒྱུན་བོད་དོན་སྐོར་ལ་སེམས་ཤུགས་ཆེན་པོ་ཡོད་མཁན་ཞིག་ཡིན་པས་མཐོ་སློབ་ཀྱི་སྐབས་སུ་ལས་གཞི་མང་པོ་སྤེལ་བ་ཡིན་ལ། ཉེ་འཆར་ང་རང་བོད་རིགས་མཐོ་རིམ་སློབ་མའི་ཚོགས་ཆེན་ལ་བཅར་བའི་གོ་སྐབས་རག་པ་མ་ཟད། འོས་འདེམས་བྱས་པ་བརྒྱུད་བོད་ཀྱི་མཐོ་རིམ་སློབ་མའི་ཞིབ་འཇུག་ཚོགས་ཆུང་ནང་བུ་མོ་གསུམ་ཚུད་ཡོད་པའི་ནང་ང་རང་ཡོད། ང་ཚོའི་སྤྱི་ཚོགས་ནང་དབྱིན་ཡིག་སོགས་སྐད་ཡིག་གཞན་པ་མང་པོ་མཉམ་དུ་འདྲིས་ཡོད་སྟབས། བོད་པའི་སྐད་ཡིག་རྩ་མེད་དུ་འགྲོ་བའི་ཉེན་ཁ་ཆེན་པོ་ཞིག་མཐོང་གི་འདུག་པས་ཚང་མས་བོད་པ་རང་གི་སྐད་ཡིག་རྒྱུན་འཛིན་བྱེད་པར་ཤུགས་རྒྱག་རོགས་ཞུ་རྒྱུ་ཡིན། ཞེས་དང་། དེང་སང་བོད་རིགས་གཞོན་སྐྱེས་མང་པོས་སྒེར་གྱི་ཟིན་བྲིས་སྤེལ་གྱི་ཡོད་ཀྱང་། གལ་སྲིད་མི་གཞན་གྱིས་བོད་སྐོར་གྱི་གནས་ཚུལ་ཞིག་འཚོལ་དགོས་བྱུང་ན་རག་ཁག་པོ་ཆགས་ཡོད་སྟབས། ཚང་མ་དྲ་རྒྱ་གཅིག་ཏུ་འདུས་ཐུབ་པའི་ཆེད་དུ་འདི་ལོའི་ལོ་མགོ་ཙམ་ལ་ངས་(Tibetanmuse.com)ཟེར་བའི་དྲ་ཚིགས་ཤིག་ཉོས་ཚར་ཡོད་ལ། ནམ་རྒྱུན་བོད་ཡིག་དང་དབྱིན་ཡིག་ཐོག་ནས་ཟིན་བྲིས་སྤེལ་བར་དགའ་བོ་ཡོད་པའི་ང་ཚོ་རོགས་པ་ཁ་ཤས་མཉམ་འབྲེལ་གྱིས་ཟིན་བྲིས་དེ་ཚོ་བསྡུ་རུབ་བྱེད་ཀྱི་ཡོད། ཅེས་བརྗོད་བྱུང་།
གསར་འགོད་གསལ་བསྒྲགས་ཐོག་བློ་བཟང་དབང་རྒྱལ་ལགས་ཀྱིས། བོད་ཀྱི་མཛངས་མའི་འགྲན་སྡུར་འདི་ལོ་ལྟར་གོ་སྒྲིག་བྱེད་ཀྱི་ཡོད་པ་ལྟར་ད་ལོ་ཐེངས་ ༡༣ པ་ཆགས་ཀྱི་ཡོད་ལ། དེ་སྔོན་ལོ་གཉིས་གསུམ་རིང་འགྲན་སྡུར་ནང་བུ་མོ་གཅིག་རེ་མ་གཏོགས་བྱུང་མེད་ཀྱང་། ད་ལོར་བུ་མོ་གསུམ་འཛུལ་ཞུགས་བྱས་པ་དེ་དགའ་སྤོབས་སྐྱེས་དགོས་པ་ཞིག་ཡིན་ལ། བུད་མེད་ཀྱི་ནུས་སྟོབས་གོང་སྤེལ་དང་། སྤྱི་ཚོགས་ལ་འཁྲུག་ཆ་དོད་པོའི་རྣམ་པ་ཡོང་བ་སོགས་ཀྱི་ཆེད་དུ་སྒེར་ངོས་ནས་ལོ་རེར་ཧིན་སྒོར་འབུམ་ ༥ ཙམ་གྱི་འགྲོ་སོང་བཏང་སྟེ། བོད་ཀྱི་མཛངས་མའི་འགྲན་སྡུར་གོ་སྒྲིག་བྱེད་བཞིན་ཡོད་སྐོར་སོགས་བརྗོད་སོང་།
གསར་འགོད་པ། པདྨ་མཚོ།
བོད་ཀྱི་མཛངས་མའི་འགྲན་བསྡུར་ནང་ཞུགས་བུ་མོ་རྣམས་ལ་བཀྲིས་བདེ་ལེགས་དང་ཁྱེད་རྣམ་ལ་ཞུ་རྒྱུ་བློ་བཟང་དབང་རྒྱལ་ལ་སྤྲེ་ལེད་མ་བཤད་མའི་ཐོག་དྲངས་པོ་ངང་རྒྱལ་ཁ་ལེན་ན་དངོས་གནས་མཛངས་མ་ཡིན། དེ་མིན་དེ་སྔོན་མཛངས་མའི་འགྲེན་བསྡུར་འཚར་རྗེས་བཤད་རྒྱུ་མང་པོ་འདུག།
དངོས་གནས་བུ་མོ་གཡར་ན་འགྲིག་གི་ཡོད་ན་ནུབ་གླིང་དུ་སོང་ནས་བུ་མོ་ཞིག་གཡར་ཡོང་ན་དགའ་འོ།
ད་ལོར་བློ་བཟང་དབང་རྒྱལ་ལ་ལག་ཡོང་བཟང་གི་རྟེན་འབྲེལ་ཞུ། ངས་བུ་མོ་ཚེ་རིང་སྒྲོལ་མ་ངོས་བདག་བྱས་པ་ཡིན། མོ་ལ་འཐོབ་པ་ཤོག་་་་་་་་་