རྒྱལ་ཡུམ་ཆེན་མོའི་རྗེས་དྲན་གསེར་གྱི་རྟགས་མའི་རྐང་སྤོལ་འགྲན་བསྡུར་ཐེངས་ ༢༡ པའི་སྟེང་། མོན་གྷོ་ཊི་རུ་ཁག་ལ་ཨང་དང་པོ་དང་། སྤོག་ར་བཀྲ་ཤིས་གླིང་ལ་ཨང་གཉིས་པ་བཅས་ཐོབ་སྟེ། ད་ལོའི་གཟེངས་རྟགས་གསེར་གྱི་བུམ་པ་དེ་མོན་གྷོ་ཊི་རུ་ཁག་གིས་བླངས་སོང་།
ཁ་སང་ཉིན་རྒྱབ་ཆུ་ཚོད་ ༣ པའི་སྟེང་རྒྱལ་ཡུམ་ཆེན་མོའི་རྗེས་དྲན་རྐང་སྤོལ་རྩེད་འགྲན་ཐེངས་ ༢༡ པའི་མཇུག་སྡོམ་མཛད་སྒོ་དྷ་སྟེང་བོད་ཁྱིམ་རྩེད་ཐང་དུ་ཚོགས་ཡོད་པ་དང་། མཛད་སྒོའི་ཐོག་སྐུ་མགྲོན་གཙོ་བོ་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་དང་། བོད་མི་མང་སྤྱི་འཐུས་ཚོགས་གཞོན་གཙོས་སྤྱི་འཐུས་ཁག་ཅིག་དང་ལྷན་ཁང་ཁག་ཅིག་གི་བཀའ་བློན་རྣམས་པ། དེ་བཞིན། གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་གི་སྐུ་ཚབ་དང་དྷ་སའི་སེར་སྐྱ་མང་ཚོགས། ཕྱོགས་མཐའ་ཁག་ནས་ཕེབས་པའི་ལྟད་མོ་བ་བཅས་མི་གྲངས་ ༦༠༠༠ ལྷག་འཛོམས་སོང་།
མཛད་སྒོའི་ཐོག་མར་སྐུ་མགྲོན་གཙོ་བོ་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་རྩེད་ཐང་དུ་ཕེབས་ཏེ་མཐའ་མའི་རྟིང་རྩོད་འགྲན་བསྡུར་གནང་མཁན་མོན་གྷོ་ཊི་རུ་ཁག་དང་བལ་ཡུལ་སྦོག་ར་བཀྲ་ཤིས་གླིང་རུ་ཁག་གཉིས་ཀྱི་རྩེད་འགྲན་པ་རེ་རེར་འཚམས་འདྲིའི་ཕྱག་འཇུ་གནང་རྗེས། བཙན་བྱོལ་བོད་ཀྱི་རྐང་སྤོལ་རུ་ཁག་ཐོག་མའི་ནང་འཛུལ་ཞུགས་བྱེད་མཁན་རྒན་ཐུབ་བསྟན་ཆོས་འཕེལ་ལགས་དང་བོད་ཀྱི་གཞོན་སྐྱེས་རྒྱ་གར་རྒྱལ་ཡོངས་ནང་རྐང་སྤོལ་རྩེད་མཁན་ཀརྨ་ཚེ་དབང་གཉིས་ལ་དྲན་རྟེན་གཟེངས་རྟགས་ཕུལ་རྗེས། སྐུ་མགྲོན་གཙོ་བོ་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་དང་དེ་རབ་ཀྱི་རྟིང་རྩོད་རྐང་སྤོལ་རུ་ཁག་གཉིས་བཅས་དྲན་རྟེན་འདྲ་པར་སྒྲོན་ཡོད་པ་རེད།
ད་རེབ་ཀྱི་རྐང་སྤོལ་མཐའ་མའི་འགྲན་བསྡུར་སྟེང་། མོན་གྷོ་ཊིའི་རུ་ཁག་གིས་སྤོ་ལོ་ ༢ དང་སྤོག་ར་བཀྲ་ཤིས་གླིང་གིས་སྤོ་ལོ་ ༡ བཅས་བླུགས་ཏེ། རྒྱལ་ཡུམ་ཆེན་མོའི་དྲན་རྟེན་གསེར་གྱི་གཟེངས་རྟགས་དེ་མོན་གྷོ་ཊི་ལ་ཐོབ་ཡོད་པ་དང་། ད་ལོའི་རྐང་སྤོལ་ཨང་དང་པོ་ཐོབ་མཁན་རུ་ཁག་ལ་ཧིན་སྒོར་འབུམ་ ༡ དང་། ཨང་གཉིས་པ་ཐོབ་མཁན་ལ་ཧིན་སྒོར་ཁྲི་ ༧ བཅས་བསྩལ་པ་རེད། གཞན། ད་ལོའི་རྩེད་འགྲན་ཁྲོད་བཟང་སྤྱོད་ཡག་ཤོས་ཀྱི་གཟེངས་བསྟོད་བྱ་དགའ་དེ་ཀ་ར་ལའི་རུ་ཁག་ལ་ཐོབ་ཡོད་པ་དང་། རྩེད་འགྲན་ཧྲིལ་བོའི་ནང་སྤོ་ལོ་མང་ཤོས་བླུགས་མཁན་དེ་སྤོག་ར་བཀྲ་ཤིས་གླིང་རུ་ཁག་གི་རྩེད་འགྲན་པ་པདྨ་ལྷུན་འགྲུབ་ལགས་ཡིན་པ་དང་ཁོས་སྤོ་ལོ་ ༦ བླུགས་ཡོད་འདུག
རྩེད་འགྲན་དངོས་སུ་མགོ་མ་བཙུགས་སྔོན་ལ་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་གསུང་བཤད་གནང་དོན། ད་ལོ་ཕྱི་རྒྱལ་ནས་ཡོང་བའི་སྐང་སྦོལ་རུ་ཁག་བཅས་ཁྱོན་བསྡོམས་རུ་ཁག་ ༢༨ ཡོད་པ་རྣམས་རྩེད་མོ་མགོ་ནས་ད་ལྟའི་བར་རྙོག་དྲ་གང་ཡང་མ་བྱུང་བ་དེ་གཟི་བརྗིད་ལྡན་པ་ཞིག་རེད། དེར་སྔགས་བརྗོད་བྱེད་རྒྱུ་དང་། རྩེད་མོ་འདིའི་རིགས་ནང་རུ་ཁག་གཅིག་ལ་མ་གཏོགས་རྒྱལ་ཁ་ཐོབ་ཀྱི་མེད་ཀྱང་། ད་ལོའི་རྐང་སྤོལ་རུ་ཁག་ ༢༧ ཕམ་ནའང་རྐང་སྤོལ་འགྲན་སྡུར་ཁྲོད་རྙོག་དྲ་མེད་པར་མཐུན་སྒྲིལ་ཡོད་པའི་ཐོག་ནས་འགྲན་སྡུར་བྱུང་ཡོད་པ་དང་། དེ་བཞིན་རྩེད་མོ་བརྒྱུད་ནས་མི་མང་ལ་འཕྲོད་བསྟེན་གལ་ཆེན་ཡིན་པར་གོ་རྟོགས་སྤེལ་བ་དེ་ཞེ་དྲགས་ཡག་པོ་རེད། གང་ཡིན་ཞེ་ན། འཕྲོད་བསྟེན་ནི་མི་ཚེའི་ནང་གི་གལ་ཆེ་གྲས་ཡིན་པ་དང་། འཕྲོད་བསྟེན་ཡག་པོ་མེད་པ་ཡིན་ན་རྒྱུ་ནོར་ག་ཚོད་ཡོད་ཀྱང་སྙིང་པོ་མེད་པ་ཞིག་ཆགས་འགྲོ་སྟབས། འཕྲོད་བསྟེན་ཡག་པོ་ཡོང་རྒྱུའི་ཆེད་དུ་རྩེད་མོ་སྣ་ཚོགས་ཁག་གཞི་ཆགས་ཁག་ཏུ་རྩེ་རྒྱུ་མང་དུ་འགྲོ་བཞིན་པ་དེ་ཞེ་དྲགས་ཡག་པོ་རེད། བོད་པའི་སྤྱི་ཚོགས་ཡོངས་ལ་ན་ཚ་འདྲ་མིན་བྱུང་བཞིན་ཡོད་སྟབས་རྩེད་མོའི་རིགས་སྤྱི་ཚོགས་ནང་ག་ཚོད་དར་ཁྱབ་ཕྱིན་ན་འཕྲོད་བསྟེན་ལ་དེ་ཙམ་གྱི་ཕན་ཐོགས་ཡོད་ སྟབས། འཕྲོད་བསྟེན་ཡག་ཏུ་ཕྱིན་ན་བོད་ཀྱི་རྩ་དོན་རྩོད་རྒྱུ་ལའང་ཕན་ཐོག་ཡོད་པ་དང་། དེ་བཞིན་གཞིས་ཆགས་ས་གནས་ཁག་གིས་རྩེད་མོ་ལ་དགོས་པའི་རིགས་བཀའ་ཤག་ལ་སྙན་སེང་ཕུལ་བ་བཞིན་མཐུན་རྐྱེན་གང་འཚམས་བསྐྲུན་ཡོད་པ་དང་། མ་འོངས་པར་གཞི་ཆགས་ཁག་ལ་རྩེད་མོ་འདྲ་མིག་གྱི་མཐུན་རྐྱེན་བསྐྲུན་རྒྱུ་གལ་ཆེན་པོ་ཆགས་ཡོད། ཆེས་གསུངས་སོང་།
ཁོང་གིས་མུ་མཐུད་དུ་མཐུན་སྒྲིལ་དེའང་གལ་ཆེན་པོ་ཞིག་ཆགས་ཏེ་རྒྱ་གར་ནང་བོད་རིགས་གཙོས་ཕྱི་རྒྱལ་ཁག་གི་བོད་རིགས་ཚོར་མཉམ་གཅིག་ཏུ་རྙོག་དྲ་མེད་པར་རྩེད་ཐུབ་པ་དེ་བོད་པའི་མཐུན་སྒྲིལ་ལའང་ཕན་ཐོག་ཡོང་གི་ཡོད་པ་དང་། དེ་བཞིན་དུ་ལག་སྤོལ་དང་རྐང་སྤོལ་གང་ཞིག་རྩེད་ན་ད་ལོ་ནང་བཞིན་ནང་ཁུལ་ལ་མཐུན་སྒྲིལ་དང་སྤྲོ་བོ་ཡོད་པའི་ཐོག་ནས་མུ་མཐུད་དུ་འགྲན་སྡུར་བྱ་རྒྱུ་གལ་ཆེན་པོ་ཡིན་སྐོར་སོགས་གསུངས་སོང་།
རྩེད་འགྲན་མཇུག་སྒྲིལ་རྗེས་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་རྒྱལ་ཁ་ཐོབ་མཁན་རུ་ཁག་དང་རྩེད་འགྲན་པ་མི་སྒེར་བཅས་ལ་གཟེངས་རྟགས་ཕུལ་ཏེ། རྒྱལ་ཡུམ་རྗེས་དྲན་གསེར་གྱི་གཟེངས་རྟགས་རྐང་སྤོལ་རྩེད་འགྲན་ཐེངས་ ༢༡ ཡོངས་སུ་མཇུག་སྒྲིལ་གནང་སོང་།
ད་རེབ་རྒྱལ་ཡུམ་ཆེན་མོའི་དྲན་རྟེན་གྱི་རྟིང་རྩོད་འགྲན་སྡུར་དངོས་སུ་མགོ་འཛུགས་མ་བྱས་སྔོན་ལ། ཉིན་གུང་ཆུ་ཚོད་ ༡ སྟེང་བོད་ཕྲུག་ཁྱིམ་སྡེའི་བུ་མོའི་རྐོང་སྤོལ་རུ་ཁག་དང་། ཨ་མིར་སའི་ཊ་རན་ཊ་རན་སློབ་གྲྭ་ (High secondary school, Tand Taran Taran) བུ་མོ་ལོ་ ༡༧ འོག་ནས་ཡིན་པའི་རྒྱ་གར་བུ་མོའི་རྐང་སྤོལ་རུ་ཁག་བཅས་བུ་མོའི་རུ་ཁག་གཉིས་ཀྱི་རྩེད་འགྲན་ཁྲོད་བོད་ཁྱིམ་བུ་མོའི་རུ་ཁག་གིས་སྤོ་ལོ་ ༡ བླུགས་ནས་བོད་ཁྱིམ་བུ་མོའི་རུ་ཁག་ལ་རྒྱལ་ཁ་ཐོབ་ཡོད།
ད་ལོའི་རྩེད་འགྲན་འདི་ལོ་སྔོན་མ་དག་དང་བསྡུར་ན་ལྟད་མོ་གཟིགས་མཁན་གྱི་སྤྱོད་པ་དང་རྒྱབ་སྐྱོར་གྱི་རྣམ་འགྱུར་སྟོན་སྟངས། རྐང་སྤོལ་རྩེད་མཁན་རུ་ཁག་ཕན་ཚུན་བར་མཐུན་ལམ་དང་རྩེད་མོ་རྩེད་སྟངས་སོགས་ཕྱོགས་ཡོངས་ནས་ཡར་རྒྱས་ཀྱི་རྣམ་པ་ཐོན་ཡོད་པའི་སྐོར་རྩེད་རིགས་ཚོགས་ཆུང་དྲུང་ཆེ་སྐལ་བཟང་ལགས་ཀྱིས་འདི་གའི་གསར་འགོད་པར་བརྗོད་བྱུང་།
་་་་་་་་ འཕྲོད་བསྟེན་ཡག་པོ་ཡོང་རྒྱུའི་ཆེད་དུ་རྩེད་མོ་སྣ་ཚོགས་ཁག་གཞི་ཆགས་ཁག་ཏུ་རྩེ་རྒྱུ་མང་དུ་འགྲོ་བཞིན་པ་དེ་ཞེ་དྲགས་ཡག་པོ་རེད། ་་་་་་་་་་