ཁ་སང་༧གོང་ས་མཆོག་གིས་བདེ་སྐྱིད་དང་དེའི་རྒྱུ་ཞེས་པའི་བགྲོ་གླེང་ཐོག་ང་ཚོས་བྱམས་དང་བརྩེ་བ་ཟེར་བ་དེ་ས་བོན་ལྟ་བུ་ཞིག་ལ་ཆ་བཞག་སྟེ། དེའི་ཐོག་ལ་བསམ་བློ་གཏོང་བ་དང་བློ་སྦྱོང་ཐུབ་པ་ཡིན་ན་རང་ཉིད་ཀྱི་རྒྱུད་ལ་སྙིང་རྗེའི་ས་བོན་སྐྱེས་ཏེ། མི་ཚང་མར་ཁྱབ་སྤེལ་གཏོང་ཐུབ་ཀྱི་རེད་ཅེས་གསུངས་འདུག
ཟླ་འདིའི་ཚེས་ ༡༠ ཉིན་༧གོང་ས་མཆོག་གིས་ཨོ་སི་ཊི་ལི་ཡའི་གྲོང་ཁྱེར་སིད་ཎི་ལ་ཆིབས་སྒྱུར་གྱིས་ལུ་ཎ་སྐྱེད་མོས་ཚལ་ (Luna Park) དུ་ཚོགས་པའི་༼བདེ་སྐྱིད་དང་དེའི་རྒྱུ༽ཞེས་པའི་གྲགས་ཅན་མཁས་དབང་གི་བགྲོ་ གླེང་ཚོགས་འདུར་ཕེབས་ཏེ། དོན་གཉེར་ཅན་གྱི་མཁས་དབང་དང་བསམ་བློ་བ། མང་ཚོགས་བཅས་ཁྱོན་མི་ ༡༧༠༠ ལྷག་ལ་སྐུ་ཉིད་ཀྱི་བདེ་སྐྱིད་དང་དེའི་རྒྱུ་ངོས་འཛིན་གནང་ཕྱོགས་ཐད་ལམ་སྟོན་བསྩལ་ཡོད་འདུག
༧གོང་ས་མཆོག་ལྷན་ཚོགས་ཐོག་ཕེབས་རྗེས་ཨོ་སི་ཊོ་ལི་ཡའི་སྙན་གྲགས་ཅན་གྱི་རླུང་འཕྲིན་གྱི་ལས་རིམ་གཙོ་སྐྱོང་བ་སྐུ་ཞབས་རི་ཅར་ཌི་ཕེ་ཌི་ལར་ (Richard Fidler) ལགས་ཀྱིས། མང་ཚོགས་ཚོར་༧གོང་ས་མཆོག་གིས་སྐུ་ཚེའི་མཛད་རྣམ་ངོ་སྤྲོད་གནང་རྗེས། ཁོང་གིས་བགྲོ་གླེང་བ་གཞན་རྣམས་སྡིངས་ཆའི་སྟེང་མགྲོན་འབོད་མ་ཞུས་གོང་༧གོང་ས་མཆོག་ལ་སྐུ་ཉིད་ཀྱི་ཇི་ལྟར་གནང་སྟེ་ཐུགས་བརྣལ་ལ་ཕབ་གནང་གི་ཡོད་ཅེས་བཀའ་འདྲི་ཞུས་པར་ཁོང་གིས། ངོས་ཀྱིས་རང་ཉིད་ཀྱི་ཤེས་རབ་དང་བསམ་ཤེས་ཀྱི་བློ་རིག་བེད་སྤྱོད་བྱས་ཏེ་སེམས་བརྣལ་ལ་ཕབ་ཀྱི་ཡོད། སྐྱབས་བཅོལ་ནང་མི་ཚེ་བསྐྱལ་དང་སྐྱེལ་བཞིན་ཡོད་པ་དེ་ཡིད་སྐྱོ་དགོས་པའི་སྣང་ཚུལ་ཞིག་ཡིན་མོད་ཀྱང་། དེས་མི་གཞན་དང་ཐུག་འཕྲད་བྱ་རྒྱུ་བྱུང་བ་མ་ཟད། གཞན་གྱི་ཉམས་མྱོང་ལ་བརྟེན་ནས་མང་པོ་ཞིག་སྦྱོང་རྒྱུའི་གོ་སྐབས་རག་ཡོད་པ་རེད། ཅེས་གསུངས་འདུག
ཕེ་ཌི་ལར་ལགས་ཀྱིས་༧གོང་ས་མཆོག་ལ་སྐུ་ཉིད་ཀྱིས་འགྱུར་བ་གཏོང་མ་ཐུབ་པ་དག་ལ་དང་ལེན་གནང་ནས་བཞུགས་ཀྱི་ཡོད་ཅེས་བཀའ་འདྲི་ཞུས་པར་ཁོང་གིས། དུས་རབས་བརྒྱད་པའི་སྐབས་ཀྱི་རྒྱ་གར་གྱི་གྲུབ་མཐའ་སྨྲ་བ་རྒྱལ་སྲས་ཞི་བ་ལྷས་གསུངས་པ་ “གལ་ཏེ་བཅོས་སུ་ཡོད་ན་ནི།། དེ་ལ་མི་དགའ་བྱ་ཅི་དགོས།། གལ་ཏེ་བཅོས་སུ་མེད་ན་ནི།། དེ་ལ་མི་དགའ་བྱས་ཅི་ཕན།།”ཞེས་གསུངས་པ་དེ་དོན་ལ་གནས་པ་ཞིག་མ་ཡིན་ནམ་ཞེས་བཀའ་ལན་བསྩལ་བ་དང་འབྲེལ་གསུངས་དོན། ངོས་ཀྱིས་ཁོང་གིས་གསུངས་པའི་གདམས་ངག་བཟང་པོ་འདི་ལག་བསྟར་འཁྱོལ་ཐུབ་པ་གང་ཡོང་བྱེད་ཀྱི་ཡོད། དཔེར་ན། ངོས་ཀྱི་བརྩེ་བའི་ཡོངས་འཛིན་བགྲེས་པ་སྐུ་གྲོངས་སྐབས་ངོས་ལ་སེམས་སྡུག་དང་དངངས་སྐྲག་ཆེན་པོ་བྱུང་ཡང་། བྱེད་ཐབས་གང་ཡང་མི་འདུག ཁོང་ནི་ངོས་ཀྱི་བརྟེན་ས་ཞིག་ཡིན་ཡང་ངོས་ཀྱི་གང་ཡང་བྱེད་ཐུབ་མེད་སྟབས། རྗེས་ལ་ངོས་ཀྱིས་བྱེད་དགོས་པ་དེ་ཁོང་གིས་ཐུགས་འདུན་དེ་དག་བསྒྲུབ་རྒྱུ་དེ་ཡིན་པ་ཤེས་བྱུང་། ཅེས་གསུངས་འདུག
ཕེ་ཌི་ལར་ལགས་ཀྱིས་༧གོང་ས་མཆོག་ལ་བྱམས་དང་སྙིང་རྗེ་དབར་ལ་ཁྱད་པར་གང་ཡོད་མེད་བཀའ་འདྲི་ཞུས་པར་ཁོང་གིས། གཞི་རྩའི་བྱམས་པ་དེ་ཆགས་ཞེན་ལ་དང་འདྲེས་ནས་ཡོང་གི་ཡོད། དེ་ཡང་མི་གཞན་གྱིས་ཁྱེད་ལ་ཁ་ཡ་གང་འདྲ་བྱེད་ཀྱི་ཡོད་མེད་ལ་ལྟོས་ནས་ཡོང་གི་ཡོད་པར་བརྟེན། ས་དཔྱད་ཡོད་པའི་བྱམས་པ་ཞིག་ཆགས་ཀྱི་ཡོད་སྟབས་ང་ཚོས་མི་ཚང་མར་རྒྱ་སྐྱེད་གཏོང་ཐུབ་ཀྱི་མེད། ཡིན་ཡང་ང་ཚོས་བྱམས་དང་བརྩེ་བ་ཟེར་བ་དེ་ས་བོན་ལྟ་བུ་ཞིག་ལ་ཆ་བཞག་སྟེ། དེའི་ཐོག་ལ་བསམ་བློ་གཏོང་བ་དང་བློ་སྦྱོང་ཐུབ་པ་ཡིན་ན་རང་ཉིད་ཀྱི་རྒྱུད་ལ་སྙིང་རྗེའི་ས་བོན་སྐྱེས་ཏེ། མི་ཚང་མར་ཁྱབ་སྤེལ་གཏོང་ཐུབ་ཀྱི་རེད། ཅེས་གསུངས་འདུག
ཡང་ཕེ་ཌི་ལར་ལགས་ཀྱིས་༧གོང་ས་མཆོག་ལ་སྐུ་རླུང་ལངས་མྱོང་ཡོད་མེད་བཀའ་འདྲི་ཞུས་པར་ཁོང་གིས་རླུང་ལངས་མྱོང་ཡོད། ༧གོང་ས་མཆོག་གིས་སྔོན་མའི་གནས་ཚུལ་ཞིག་ཕྱིར་དྲན་དང་འབྲེལ་གསུངས་དོན། ཨ་རིའི་གྲོང་ཁྱེར་ནེའུ་ཡོག་ནང་རྟེན་གཞི་བྱས་པའི་གསར་འགྱུར་བརྒྱུད་ལམ་ཁག་ཏུ་ཆེད་བརྗོད་རྩོམ་ཡིག་འབྲི་མཁན་ཞིག་གིས་ངོས་ཀྱིས་ངོས་ཀྱི་ཤུལ་བཞག་ལ་ལྟ་ཕྱོགས་གང་འདྲ་འཛིན་གྱི་ཡོད་དྲིས་སྐབས། ངོས་ཀྱིས་ཁོ་མོར་ནང་པའི་དགེ་འདུན་པ་ཞིག་ཡིན་པའི་ཆ་ཤས་དེའི་ཐོག་བསམ་བློ་གང་ཡང་གཏོང་གི་མེད་ཅེས་བརྗོད་པ་ཡིན་ཡང་། ཁོ་མོས་དྲི་བ་གཞན་ཞིག་བཏང་རྗེས་ཡང་བསྐྱར་ཤུལ་བཞག་སྐོར་ལ་སྐད་ཆ་དྲིས་བྱུང་བས། ངོས་ཀྱིས་དེ་སྔོན་གྱི་ལན་དེ་བརྒྱབ་པ་ཡིན། དེའི་རྗེས་ཁོ་མོས་ངོས་ལ་དྲི་བ་ཁ་ཤས་དྲིས་རྗེས་ཡང་བསྐྱར་ཤུལ་བཞག་སྐོར་ལ་སྐད་ཆ་ཐེངས་གསུམ་པ་དེ་དྲིས་བྱུང་བས་ཁོང་ཁྲོ་ཏོག་ཙམ་སྐྱེས་བྱུང་། ལོ་རྗེས་མ་དེར་དེ་སྔོན་ངོས་ལ་བཅར་འདྲི་ཞུ་མཁན་གྱི་བུད་མེད་དེ་ཡང་བསྐྱར་ཐུག་བྱུང་བས། སྐབས་དེར་ངེད་གཉིས་ཀྱིས་གཅིག་གི་གཅིག་ལ་བལྟས་ནས་བགད་མོ་ཤོར་བྱུང་། ཐེངས་གཅིག་རྒྱ་གར་ནང་རྒྱ་གར་གྱི་ནང་པའི་ཚོགས་པ་ཞིག་གིས་ངོས་ཆོས་འཆད་པར་སྐད་བཏང་བྱུང་། སྐབས་དེར་འདུ་ཚོགས་གོ་སྒྲིག་བྱེད་མཁན་གྱི་ཆོས་གྲོགས་དེས། ངོས་ལ་དེ་སྔོན་ངོས་ཀྱིས་མང་ཚོགས་ཚོར་བཀའ་ཆོས་གནང་སྐབས། མང་ཚོགས་ཀྱིས་མགོ་འཚོས་ཁག་པོ་བྱུང་འདུག་པས། ད་ཐེངས་བཀའ་ཆོས་བསྩལ་སྐབས་གོ་བདེ་པོ་ཞིག་གནང་རོགས་ཞེས་ལབ་བྱུང་བས་རླུང་ཏོག་ཙམ་ལངས་བྱུང་། གང་ཡིན་ཟེར་ན་གལ་སྲིད་ངོས་ཀྱིས་ཁོ་ཚོས་ཤེས་པ་དག་འཆད་པ་ཡིན་ན་ཆོས་སློབ་འཁྲིད་བྱེད་དགོས་དོན་གང་ཡང་ཡོད་པ་མ་རེད་ཅེས་གསུངས་རྗེས། གལ་སྲིད་ཁྱེད་ཀྱིས་ངོས་ལ་དྲི་བ་ཆོ་མེད་དེ་འདྲ་བསྐུལ་བ་ཡིན་ན། ངོས་ཀྱིས་ཁྱེད་ལ་རླུང་སྟོན་སྲིད་པ་ཞིག་རེད། ཅེས་གསུངས་འདུག
མཇུག་ཏུ་ཕེ་ཌི་ལར་ལགས་ཀྱིས་༧གོང་ས་མཆོག་ལ་སྐུ་ཉིད་ཕྱིའི་རྒྱལ་ཁབ་ཁག་དང་འབྲེལ་གཏུག་མེད་པའི་བོད་ནང་འཚར་ལོངས་བྱུང་བ་དང་། དེའི་རྗེས་རིམ་པས་འཛམ་གླིང་གི་ས་ཕྱོགས་གང་སར་ཆིབས་སྒྱུར་བསྐྱངས་དང་སྐྱོང་གི་ཡོད་སྟབས། ད་བར་ཧང་སངས་དགོས་པའི་གནད་དོན་དེ་འདྲ་བྱུང་མྱོང་ཡོད་བཀའ་འདྲི་ཞུས་པར་ཁོང་གིས། ངོས་ལ་ཧང་སངས་དགོས་པའི་གནད་དོན་མང་པོ་དེ་འདྲ་གང་ཡང་འཕྲད་མྱོང་མེད། གང་ཡིན་ཟེར་ན་སྐུ་ཕྲེང་གོང་མ་མཆོག་གིས་པར་རིས་ཅན་གྱི་དཔེ་དེབ་དང་དུས་དེབ་མང་པོ་ཞིག་གསོག་འཇོག་གནང་ནས་བཞག་ཡོད་སྟབས། ངོས་ཀྱིས་དེ་དག་ལ་བལྟས་ནས་སྡོད་ཀྱི་ཡོད། དེར་བརྟེན་ཀློག་དེབ་དེ་དག་བརྒྱུད་ངོས་ཀྱིས་ནེའུ་ཡོག་དང་ལོན་ཌོན། སྦར་ལིང་། པེ་རེ་སི་བཅས་ཀྱི་གནས་བབ་ལ་རྒྱུས་མངའ་ཟབ་མོ་ཡོད། དེ་དང་ཕྱོགས་མཚུངས་ང་ཚོར་བོད་ནང་རྒྱ་གར་དབྱིན་ཡུལ་འོག་ཡོད་སྐབས་བཀག་སྐྱིལ་འོག་ནས་བྲོས་བྱོལ་ཡོང་བའི་ཨོ་སི་ཌོ་ལི་ཡའི་མི་སེར་གཉིས་ཡོད་པ་རེད། གཅིག་གི་མིང་ལ་ཤི་ཎེ་ཌར་(Aufschnaiter) ཟེར་གྱི་ཡོད་པ་དང་། ཁོང་གིས་བོད་གཞུང་གི་གློག་ཁང་དང་ཞིང་ཆུ་འདྲེན་ལས་ཀྱི་ལས་གྲྭའི་ལས་ཀ་བྱེད་ཀྱི་ཡོད་ཅིང་། གཞན་གྱི་མིང་ལ་ཧན་རེག་ཧ་ར་ (Heinrich Harrer) ཟེར་གྱི་ཡོད། ཁོང་གིས་ངོས་ཀྱི་བླ་བྲང་ལ་ཡོད་པའི་འཕྲུལ་ཆས་ཁག་ལ་ལྟ་རྟོག་བྱེད་ཀྱི་ཡོད་པ་རེད། ཁོང་གིས་ངོས་ལ་རྟག་པར་ནུབ་ཕྱོགས་པའི་རིག་གཞུང་དང་ཡུ་རོབ་ཀྱི་འཚོ་བ་སྐྱེལ་སྟངས་ཐོག་ལ་གླེང་མོལ་བྱེད་ཀྱི་ཡོད་སྟབས། ཕྱིས་སུ་ངོས་ནུབ་ཕྱོགས་རྒྱལ་ཁབ་ཁག་ལ་སླེབ་སྐབས་ཧང་སངས་དགོས་པ་གང་ཡང་མ་བྱུང་། ཡིན་ཡང་དེར་ཧང་སངས་དགོས་པ་གཅིག་བྱུང་།
༡༩༧༩ ལོར་ངོས་ཨ་རིར་ཐོག་མར་འགྲོ་སྐབས། ངོས་ཀྱིས་ཆོས་གྲོགས་ཁ་ཤས་དང་ཁོ་ཚོའི་ཆུང་མ་དང་བུ་ཕྲུག་ཚོ་ཐུག་པ་ཡིན། ངོས་ཐེངས་རྗེས་མ་དེར་ཡོང་སྐབས་ཧང་སངས་དགོས་པ་ཞིག་ལ་ཁོ་ཚོ་ཁ་ཤས་ཀྱིས་ཆུང་མ་གསར་པ་དེ་འདྲ་བླངས་འདུག ཡང་ངོས་ཐེངས་རྗེས་མ་དེར་ཡོང་སྐབས་ཁོ་ཚོ་ཁ་ཤས་ཀྱིས་ཆུང་མ་གསུམ་པ་བཙལ་འདུག ངོས་ཀྱིས་ཆེ་མཐོང་ཡོད་པ་མ་ཟད་གལ་གནད་ཆེ་བའི་ལས་གནས་ཐོག་ལས་ཀ་བྱེད་མཁན་གྱི་མི་དེ་འདྲ་ཐུག་མྱོང་ཡོད་པ་མ་ཟད། ཧང་སངས་དགོས་པ་ཞིག་ལ་ཁོ་ཚོ་མང་པོ་ཞིག་གནོན་ཤུགས་དང་སེམས་ཁྲལ་གྱི་དབང་གིས་མ་སྐྱིད་པ་དེ་འདྲ་བྱེད་ཀྱི་འདུག དེས་ག་རེ་སྟོན་གྱི་ཡོད་རེད་ལབ་ན་ཕྱིའི་དངོས་པོའི་བྱས་འབྲས་དང་སྙན་གྲགས། གླ་ཕོགས་སོགས་མཐོ་པོ་ག་ཚོད་ཡོད་ཀྱང་། དེས་ནང་སེམས་ལ་ཞི་བདེ་དང་བདེ་སྐྱིད་སྤྲོད་ཐུབ་ཀྱི་མེད་པ་བསྟན་པ་རེད།
ཕྱོགས་གཞན་ཞིག་ནས་བལྟས་ན། ངོས་ལ་སི་པན་གྱི་གྲོང་ཁྱེར་བྷར་སེ་ལོ་ཎ་(Barcelona) ཉེ་འཁྲིས་མོན་ཅི་སེ་ར་ཌི་ (Montserrat) ཁུལ་གྱི་ཡེ་ཤུའི་གྲ་པ་ཞིག་ཐུག་བྱུང་། ཁོང་གིས་ལོ་ ༥ ལྷག་རིང་ཟས་སུ་ཇ་དང་བག་ལེབ་ཆུང་ཆུང་རེ་བརྟེན་ཏེ་རྣལ་འབྱོར་བ་ཞིག་བྱས་ནས་རི་ཁྲོད་འགྲིམས་འདུག ངོས་གིས་ཁོང་ལ་ག་རེ་སྒོམ་གྱི་ཡོད་ཅེས་དྲིས་པས་ཁོང་གིས། བྱམས་པ་སྐོར་ལ་ཏིང་ངེ་འཛིན་སྒོམ་གྱི་ཡོད་བརྗོད་བྱུང་། དེ་ཡང་ཁོང་གིས་དེ་གསུང་སྐབས་མིག་དང་གདོང་ནས་འོད་མདངས་འཕྲོས་ནས་དགའ་ཚོར་ངང་རྗོད་ཀྱི་འདུག ཁོང་ལ་ཕྱི་དངོས་པོའི་བདེ་བ་ཏོག་ཙམ་ཡང་མེད་ཀྱང་སེམས་ལ་བདེ་སྐྱིད་ཕུན་སུམ་ཚོགས་པོ་ཡོད། རྒྱ་གར་ནང་ཁོང་ལྟ་བུའི་ཉམས་ལེན་པ་མང་པོ་ཡོད་པ་མ་ཟད། ཁོ་ཚོས་རི་རྩེར་གཅེར་བུར་ཏིང་ངེ་འཛིན་སྒོམ་ནས་སྡོད་ཀྱི་ཡོད། ལོ་སྔོན་མའི་ཀུམ་བྷ་ (Maha Khumba Mela) ནི་ལོ་ ༡༢ ནང་ཐེངས་གཅིག་ལས་ཡོང་གི་མེད་སྟབས། སྐབས་དེར་ཧིན་རྡུའི་སྙན་གྲགས་ཅན་གྱི་བླ་ཆེན་དང་ཉམས་ལེན་པ་མང་པོ་ཞིག་སླེབ་ཀྱི་ཡོད་སྟབས། ངོས་དེར་འགྲོ་རྒྱུའི་རེ་བ་བཅངས་པ་མ་ཟད། ཁོ་ཚོ་ཁ་ཤས་དང་ཐུག་ནས་ཁོ་ཚོའི་ཉམས་མྱོང་ཐོས་རྒྱུ་བྱུང་ན་བསམ་ཡང་། གནམ་གཤིས་ཡག་པོ་མ་བསྟན་པར་བརྟེན་ངོས་འགྲོ་ཐུབ་མ་སོང་། དེང་དུས་ཀྱི་ཤེས་ཡོན་ནི་ཕྱིའི་དངོས་པོའི་འཚོ་བ་གཞི་ལ་བཅོལ་བའི་སློབ་གསོའི་ལམ་ལུགས་ཤིག་ཆགས་ཡོད། ང་ཚོས་འདིས་བདེ་སྐྱིད་ལྡན་པའི་སྤྱི་ཚོགས་ཤིག་བསྐྲུན་རྒྱུར་འདང་ངེས་ཤིག་ཡོང་རྒྱུ་ཡིན་མིན་དྲི་བ་འདྲི་དགོས། ད་ལྟ་དབྱིན་ཡུལ་གྱི་ཀོ་ལོམ་བྷི་ཡའི་སློབ་གྲྭ་ཚང་མར་གང་ལྟར་ཡང་བྱམས་དང་སྙིང་རྗེའི་བློ་དེ་གལ་ཆེན་པོ་ཡིན་པ་སློབ་སྟོན་བྱེད་ཀྱི་ཡོད་པ་རེད། ཅེས་གསུངས་འདུག
དེའི་རྗེས་བགྲོ་གླེང་སྟངས་འཛིན་པ་སྐུ་ཞབས་རི་ཅར་ཌི་ཕེ་ཌི་ལར་ལགས་ཀྱིས་བགྲོ་གླེང་བ་གཞན་རྣམས་སྡིངས་ཆའི་ཐོག་གདན་དྲངས་རྗེས། གཏམ་བཤད་གནང་མཁན་དང་པོ་ལྕམ་བྷར་བྷ་ར་ (Barbara Fredrickson)ལགས་ཀྱིས། ཁོ་མོ་དང་ཁོ་མོའི་ཚོགས་ཆུང་གིས་བདེ་སྐྱིད་མི་འདྲ་བ་ཁག་གི་ཕྱིའི་དངོས་པོའི་བདེ་བར་ཤུགས་རྐྱེན་གང་འདྲ་ཡོང་གི་ཡོད་མེད་ཀྱི་གྲུབ་དོན་ཁག་འགྲེལ་བརྗོད་བྱས་ཡོད་ཅིང་། སྐབས་དེར་ཁོ་མོས་དགའ་བདེ་གོང་འཕེལ་དང་སྡུག་བསྔལ་ཉུང་དུ་བཏང་ནས་བདེ་སྐྱིད་རྩོད་ལེན་བྱེད་མཁན་(hedonic well-being) ཞེས་པས་ཁ་ལག་ཞིམ་པོ་སོགས་ཟས་ནས་ཕྱིའི་བདེ་བར་རོལ་ནས་འདོད་པ་འཚིམ་སྟེ་བདེ་སྐྱིད་རྩོད་ལེན་བྱེད་ཀྱི་ཡོད་པ་དང་། གཏན་གྱི་བདེ་བ་རྩོད་མཁན་ (eudaimonic well-being) ཞེས་པས་མི་ཚེར་དམིགས་ཡུལ་བཟུང་སྟེ་སྤྱི་ཚོགས་ལ་ལེགས་སྐྱེས་འབུལ་རྒྱུའི་ཆོད་སེམས་བཅངས་ཀྱི་ཡོད་པ་རེད། དགའ་བདེ་གོང་འཕེལ་དང་སྡུག་བསྔལ་ཉུང་དུ་བཏང་ནས་བདེ་སྐྱིད་རྩོད་ལེན་བྱེད་མཁན་ཚོར་སོ་སོའི་འཕྲལ་སེལ་གྱི་བདེ་བ་མངོན་པར་གསལ་བར་བྱེད་མཁན་གྱི་མེ་ལྕེ་ལྟ་བུ་འབར་བཞིན་པའི་རིགས་རྒྱུན་གྱི་རྫས་ཤིག་ཡོད་པ་དེ། གཏན་གྱི་བདེ་བ་རྩོད་མཁན་ཚོའི་རིགས་རྫས་དང་ལྡོག་ཕྱོགས་ཡིན་པ་མ་ཟད། བདེ་ཐང་ལྡན་ལ་ཚུར་སྣང་ཟབ་པ་ཡོད་སྟབས། འཕྲོད་བསྟེན་ཡག་པོ་དང་སེམས་པ་སྐྱིད་པ་ཡོད། ཅེས་བརྗོད་རྗེས། ༧གོང་ས་མཆོག་གིས་ངོས་ཀྱིས་ཚན་རིག་པ་ཚོས་ཞེད་སྣང་དང་སྡང་འཛིན། ཁོང་ཁྲོ་རྒྱུན་པར་ཡོང་ན་ང་ཚོའི་ལུས་ཟུངས་ཀྱི་ནད་འགོག་མ་ལག་ཟད་ཀྱི་ཡོད་པ་གྲུབ་དོན་བཏོན་ཡོད་པ་གོ་ཐོས་བྱུང་། དེར་བརྟེན་ངོས་ཀྱིས་ཚན་རིག་པ་ཚོས་ཚོར་ཤེས་དང་སེམས་ཚོར་གཉིས་ལ་བརྟག་དཔྱད་བྱས་ན་ཕན་ཐོགས་ཆེན་པོ་འབྱུང་གི་རེད་བསམ་གྱི་འདུག ཕྱིའི་ཚོར་ཤེས་ཀྱི་བདེ་བས་ནང་སེམས་ཀྱི་བདེ་བ་སྤྲོད་ཐུབ་ཀྱི་མེད་ཀྱང་། གལ་སྲིད་ང་ཚོའི་སེམས་ནང་བདེ་བ་ཡོད་ན་ཕྱིའི་སྡུག་བསྔལ་དང་མི་བདེ་བ་དག་ལ་ཁ་གཏད་གཅོག་ཐུབ་ཀྱི་རེད་ཅེས་གསུངས་འདུག
སྙིང་རྗེའི་སྐོར་གྱི་ཉམས་ཞིབ་པ་དང་སྙིང་རྗེའི་བཅོས་ཐབས་མགོ་འཛུགས་གནང་མཁན་གཙུག་ལག་སློབ་དཔོན་ཆེན་མོ་བ་པོལ་གྷེལ་བྷར་ཌི་ (Paul Gilbert) ལགས་ཀྱིས། ང་ཚོར་མི་གཞན་གྱིས་ལྟ་རྟོག་བྱེད་ཀྱི་ཡོད་པ་མ་ཟད། ཁོ་ཚོར་དགོས་མཁོ་ཡོད་པ་དང་ཁོ་ཚོས་བརྩི་འཇོག་བྱེད་ཀྱི་ཡོད་པའི་ཚོར་བ་དེ་སླེབ་སྐབས། ང་ཚོ་ཡར་རྒྱས་ཆེ་ཤོས་འགྲོ་ཡུལ་གྱི་དུས་སྐབས་ལ་སླེབ་པ་མ་ཟད། ང་ཚོས་གཞན་ལ་ལྟ་རྟོག་དང་རོགས་རམ། བརྩི་འཇོག་བྱེད་ཐུབ་ཀྱི་རེད་ཅེས་བརྗོད་ཡོད་སྟབས། ༧གོང་ས་མཆོག་གིས་ཁོང་གིས་བརྗོད་པར་མོས་མཐུན་གནང་བ་དང་འབྲེལ། ངོས་ཀྱིས་དེང་དུས་ཤེས་ཡོན་ལམ་ལུགས་ཀྱི་སེམས་ཚོར་གཉིས་སྐོར་ལ་དོ་སྣང་མང་ཙམ་འཕྲད་ཐུབ་ན་ཕན་ཐོགས་ཆེན་པོ་ཡོད། ཅེས་གསུངས་འདུག
ཨོ་སི་ཌོ་ལི་ཡའི་ (New South Wales) མངའ་སྡེའི་སློབ་གྲྭའི་གཞི་རྩའི་ཀུན་སྤྱོད་ཀྱི་རྣམ་གཞག་རྟོག་ཞིབ་གནང་མཁན་གྱི་འགན་འཛིན་དང་། སྔོན་འགྲོའི་སློབ་གྲྭ་ནས་འཛིན་རིམ་དྲུག་པ་བར་གྱི་སློབ་མ་ ༢༩༠༠༠ ལྷག་ལ་རྨང་གཞིའི་ཀུན་སྤྱོད་ཀྱི་རྣམ་གཞག་སློབ་ཁྲིད་གསར་གཏོད་བྱེད་མཁན་གྱི་མཁས་དབང་སུའུ་ (Dr Sue Knight) ལགས་ཀྱིས། སློབ་མ་ཚོར་བཟང་སྤྱོད་དང་རྒྱུ་མཚན་བཀོད་ནས་སློབ་ཁྲིད་བྱས་པ་ཡིན་ན་གང་ཟག་སྒེར་དང་སྤྱི་ཚོགས་ཀྱི་དམིགས་ཡུལ་བསྒྲུབ་ཐུབ་ཀྱི་རེད། གཞི་རིམ་གྱི་ཀུན་སྤྱོད་ལས་འཆར་འདི་ནི་སློབ་མ་ཚོར་གང་འདྲ་བྱས་ནས་བསམ་བློ་གཏོང་དགོས་པ་སློབ་ཁྲིད་བྱ་རྒྱར་དོ་སྣང་སྤྲོད་བཞིན་ཡོད་པ་ལས། ག་རེ་བསམ་བློ་གཏོང་དགོས་པའི་སྐོར་ལ་སློབ་ཁྲིད་བྱེད་ཀྱི་མེད་ཅེས་གཏམ་བཤད་བྱས་རྗེས། ༧གོང་ས་མཆོག་གིས་ངོས་བཞེས་དང་སྦྲགས་དེང་སང་ང་ཚོའི་འཛམ་གླིང་ནང་རྙོག་གྲ་དང་སྡུག་བསྔལ་མང་པོ་ཞིག་འཕྲད་བཞིན་ཡོད་པ་འདི་ནི་ང་ཚོས་བཟོས་པ་ཞིག་རེད། དེ་བཞིན་འཛམ་གླིང་འདིའི་ཐོག་ཆོས་ལུགས་ཀྱི་མིང་ཐོག་ནས་དམག་རྒྱག་གི་ཡོད་སྟབས། ང་ཚོས་བདེ་སྐྱིད་ལྡན་པའི་མི་ཚེ་ཞིག་དགོས་ཀྱི་ཡོད་བརྗོད་པ་དེ་དང་རྒྱབ་འགལ་ཆགས་ཡོད་པ་མ་ཟད། དེ་ནི་ང་ཚོས་ང་ཚོར་མུ་མཐུད་དཀའ་ངལ་བཟོ་བཞིན་ཡོད་པ་ཞིག་ཀྱང་ཆགས་ཡོད། ཅེས་གསུངས་འདུག
ཨོ་སི་ཌོ་ལི་ཡའི་སློབ་གསོ་སྨྲ་བ་དང་གྷེ་ལུང་ (Geelong Grammar School) སློབ་གྲྭའི་སློབ་སྤྱི་གཞོན་པ་ཅར་ལེ་ (Charlie Scudamore) ལགས་ཀྱིས། དགེ་རྒན་ཚང་མས་སློབ་མ་ཚོའི་མི་ཚེའི་ནང་འགྱུར་བ་ཞིག་ཐེབས་རྒྱུར་རོགས་ཕན་བྱེད་ཀྱི་ཡོད་པ་མ་ཟད། འཛམ་གླིང་འདི་ཞི་བདེ་ལྡན་པ་ཞིག་འགྱུར་རྒྱུར་རེ་བ་བཅངས་ཀྱི་ཡོད། འཛམ་གླིང་འདི་འཕེལ་རྒྱས་ལྡན་པའི་སྤྱི་ཚོགས་ཀྱི་འགྱུར་བགྲོད་ཞིག་ནང་འཕོ་འགྱུར་འགྲོ་བཞིན་ཡོད་སྟབས། ཤེས་ཡོན་སློབ་གསོ་ནི་སྤྱི་ཚོགས་བདེ་ལ་འགོད་པར་བྱེད་མཁན་གྱི་ལག་ཆ་ཞིག་ཆགས་ཡོད། ཁོང་གིས་སེམས་ཁམས་རིག་པའི་མཁས་དབང་མར་ཌི་སི་ལེ་མན་ (Marty Seligman) གྱིས་ང་ཚོས་བདེ་སྐྱིད་ཀྱི་དབྱེ་བ་གསུམ་མྱངས་ཀྱི་ཡོད་ཅིང་། དགའ་ཚོར་དང་དགའ་གུས་ཡིད་རངས། དེ་བཞིན་སྟོབས་ཤུགས་དང་མཛངས་སྤྱོད་ཀྱི་དམིགས་པ་བཟུང་བའི་བདེ་སྐྱིད་ཅིག་ཡོད་སྟབས། དེ་གཞི་ལ་བཞག་ནས་སློབ་ཁྲིད་བྱེད་དགོས་བརྗོད་འདུག་ཅེས་བརྗོད་རྗེས། ༧གོང་ས་མཆོག་གིས་ངོས་ཀྱིས་ཁྱེད་རྣམས་ཐུག་རྒྱུ་དང་ཁྱེད་ཅག་གི་གཏམ་བཤད་ཉན་རྒྱུ་བྱུང་བར་སྐུལ་མ་ཆེན་པོ་སྐྱེས་བྱུང་། ངོས་ཀྱིས་ཤེས་ཡོན་ལ་བརྟེན་ནས་འཛམ་གླིང་འདི་ཡག་པོ་ཞིག་ཐོག་འཕོ་འགྱུར་ཐུབ་རྒྱུར་ཡིད་ཆེས་སྟེར་བྱུང་། ངོས་ཀྱིས་ལོ་ ༢༠ རྗེས་གྲུབ་འབྲས་དེ་འདྲ་འཐོན་རྒྱུར་རེ་བ་རྒྱག་གི་མེད་ཀྱང་། དེ་ཡག་པོ་ཞིག་དང་ངོ་མཚར་ཅན་གྱི་བྱ་གཞག་ཅིག་ཡིན་པར་ངོས་འཛིན་བྱེད་ཀྱི་ཡོད། ཐུགས་རྗེ་ཆེ་ཅེས་གསུངས་འདུག
ཟླ་འདིའི་ཚེས་ ༡༠ ཉིན་༧གོང་ས་མཆོག་ལུ་ཎ་སྐྱེད་མོས་ཚལ་ནས་ཆིབས་ཐོན་གནང་ནས་སིད་ཎི་གནམ་ཐང་ལ་ཞབས་སོར་འཁོད་རྗེས། ཨོ་སི་ཌོ་ལི་ཡའི་གྲོས་ཚོགས་ཀྱི་བོད་དོན་རྒྱབ་སྐྱོར་བའི་ཚོགས་མི་རྣམས་དང་ལྷན་གུང་ཚིགས་མཆོད་རྗེས། ༧གོང་ས་མཆོག་དང་ཆོས་གྲོགས་རྙིང་པ་བྷིལ་ (Bill Crews) ལགས་གང་འཚམ་རིང་བཀའ་མོལ་གནང་ནས་བཞུགས་ཡོད་འདུག ཉིན་གུང་༧གོང་ས་མཆོག་ཨོ་སི་ཌོ་ལི་ཡའི་གྲོང་ཁྱེར་བྷེར་སི་བྷ་ཎེ་ (Brisbane) ལ་ཞབས་སོར་འཁོད་ཡོད་པ་དང་། སྐབས་དེར་བོད་རིགས་དང་ཕྱི་རྒྱལ་གྲོགས་པོ་བ་ཚོས་ཕེབས་བསུ་ཞུས་ཡོད་འདུག དེ་རིང་༧གོང་ས་མཆོག་གིས་ཡི་ཤུའི་ཆོས་ཁང་ (St Stephen’s Cathedral) ཞེས་པའི་ནང་དད་ལྡན་ཆོས་ཞུ་བ་ཚོར་མགོན་པོ་ཀླུ་སྒྲུབ་ཀྱིས་མཛད་པའི་ ༼རིན་ཆེན་ཕྲེང་བ༽ཡི་བཀའ་ཆོས་བཀའ་དྲིན་སྩལ་གནང་ཡོད་འདུག
གསར་འགོད་པ། དོན་གྲུབ།
“ལྷ་སྙན་དཀར་འགྲམ་གྱི་འདྲེ་སྣ་ནག” ཅེས་པའི་དཔེ་ལྟར། ད་རེས་སྐུ་མདུན་ཨོ་སོ་ཌོ་ལི་ཡར་ཕེབས་ཏེ་མཛད་འཕྲིན་རླབས་པོ་ཆེ་བསྐྱངས་དང་སྐྱོང་བཞིན་ཡོད་ཀྱང་། བོད་མི་ཚོས་ཞབས་འདྲེན་ཞུས་ཏེ་ཨོ་སི་ཌོ་ལི་ཡར་སྐད་གྲགས་བཞག་འདུག ཨོ་སི་ཌོ་ལི་ཡའི་ནང་གི་གསར་འགྱུར་བརྒྱུད་ལམ་ཁག་ཏུ་བཙན་བྱོལ་བོད་མིའི་གྲོས་ཚོགས་འཐུས་མི་དེ་ཚོ་སྤྱོད་པ་ཡག་པོ་མི་འདུག་ཟེར་བ་དང་། དེ་ལ་བསམ་ཚུལ་བཤད་མཁན་ཁག་ཅིག་གིས་བོད་ནས་རྒྱ་ནག་གི་སློབ་གསོའི་འོག་འཚར་ལོངས་བྱུང་མཁན་དེ་ཚོར་སྒེར་སེམས་དང་ཧམ་པ་རྐྱང་རྐྱང་ལས་བཟང་སྤྱོད་ཡོད་པ་མ་རེད་ཟེར་བ་སོགས་ཤོད་ཀྱི་འདུག དྲ་ཐག་འདི་ལ་གཟིགས་དང་། http://www.dailymail.co.uk/tvshowbiz/article-3110125/Richard-Gere-beams-touches-Australia-good-friend-Dalai-Lama-despite-protests-surrounding-spiritual-leader-s-arrival.html དངོས་གནས་དྲང་གནས་ཞབས་འདྲེན་རེད། ང་ཚོའི་སྤྱི་འཐུས་འདི་དག་ལ་ཁོག་ན་ཡོན་ཏན་མེད་ནའང་ལུས་ཀྱི་སྟེང་ན་བཟང་སྤྱོད་ཅིག་ཡོད་ན་ཅི་མ་རུང་།
་་་་་་་་་་་ སྐབས་དེར་ཁོ་མོས་དགའ་བདེ་གོང་འཕེལ་དང་སྡུག་བསྔལ་ཉུང་དུ་བཏང་ནས་བདེ་སྐྱིད་རྩོད་ལེན་བྱེད་མཁན་(hedonic well-being) ཞེས་པས་ཁ་ལག་ཞིམ་པོ་སོགས་ཟས་ནས་འདོད་པ་འཚིམ་སྟེ་བདེ་སྐྱིད་རྩོད་ལེན་བྱེད་ཀྱི་ཡོད་པ་དང་། གཏན་གྱི་བདེ་བ་རྩོད་མཁན་ (eudaimonic well-being) ཞེས་པས་མི་ཚེར་དམིགས་ཡུལ་བཟུང་སྟེ་སྤྱི་ཚོགས་ལ་ལེགས་སྐྱེས་འབུལ་རྒྱུའི་ཆོད་སེམས་ཡོད་པ་རེད། ་་་་་་་་་