བོད་ཕྲུག་རྒོད་པོ།
” ཙན་དན་གསེར་ལས་རིན་ཆེ་བ།། བླུན་པོས་སོལ་བར་བྱས་ལ་ལྟོས།། ” ས་སྐྱ་པཎྜི་ཏ་ཀུན་དགའ་རྒྱལ་མཚན་གྱིས།
ད་ལོར་རྒྱ་གར་རྒྱལ་ཡོངས་འཛིན་རིམ་བཅུ་གཉིས་པའི་ཡིག་རྒྱུགས་ཁྲོད་ཚན་རིག་སྡེ་ཁག་དང། ཚོང་ལས་སྡེ་ཁག འབྱུང་རིག་སྡེ་ཁག་བཅས་ནས་གྲུབ་འབྲས་རྩེར་སོན་བོད་ཀྱི་སློབ་མ་དགུ་ལ་དགའ་ལྡན་ཕོ་བྲང་གི་ཕུལ་བྱུང་གཟེངས་བསྟོད་བྱ་དགའ་ཐོབ་གཏན་འཁེལ་ཡོད་ལ། སློབ་ཕྲུག་དགུ་པོ་དེ་ཚང་མའི་ཡིག་རྒྱུགས་ཀྱི་གྲུབ་འབྲས་ཀྱང་བརྒྱ་ཆ་དགུ་བཅུ་ཡན་ཟིན་པ་ཤ་སྟག་ཆགས་ཡོད། ( འོན་ཀྱང་སྤྱི་ཚོགས་ཁྲོད་བརྒྱ་ཆ་ 95% བརྒལ་བའི་མིང་ཐོག་ནས་སྲིད་སྐྱོང་བྱ་དགའ་སྤྲོད་ཐབས་བྱ་ས་སློབ་མ་དེར་བོད་ཡིག་གི་རྒྱུགས་འབྲས་འདོར་མ་བཅུག་ཚེ། ཐེངས་འདིའི་ཡིག་རྒྱུགས་གྲུབ་འབྲས་བརྒྱ་ཆ་བརྒྱད་ཅུ་གྱ་གྲངས་ལས་ཟིན་མེད་སྐོར་གླེང་གི་ཡོད། )
དགའ་ལྡན་ཕོ་བྲང་གི་བྱ་དགའ་ནི་ལོ་རེར་བཙན་བྱོལ་བོད་མིའི་སློབ་ཁག་གི་མངར་གཏོགས་གོང་གི་སྡེ་ཁག་སོ་སོའི་འཛིན་རིམ་བཅུ་གཉིས་པའི་ཡིག་རྒྱུགས་ཁྲོད་གྲུབ་འབྲས་རྩེར་སོན་གྱི་སློབ་མ་གསུམ་རེར་གནང་སྲོལ་ཡོད་པ་ཞིག་ཡིན་པ་དང་། སྲིད་སྐྱོང་བྱ་དགའ་ནི་འཛིན་རིམ་བཅུ་གཉིས་པའི་ཡིག་རྒྱུགས་ཁྲོད་ཆ་སྙོམས་བརྒྱ་ཆ་ 95% ཡན་ཟིན་མཁན་ལ་གནང་སྲོལ་ཡོད་པ་ཞིག་ཡིན།
ཕྱི་ཟླ་ ༥ ཚེས་ ༢༨ ཉིན་སྲིད་སྐྱོང་བྱ་དགའ་ཐོབ་མཁན་སློབ་མ་གཅིག་ཡོད་པའི་གནས་ཚུལ་བྱུང་བ་དང་དོན་གཉེར་ཅན་མང་པོ་ཞིག་གིས་འདིའི་སྐོར་ལ་གླེང་སློང་སྣ་ཚོགས་བྱེད་འགོ་བརྩམས་ཡོད།
དོན་གཉེར་ཅན་དེ་དག་གི་ཁྲོད་དུ། བྱ་དགའི་གནད་དོན་ཐག་གཅོད་བྱེད་ལུགས་ཚུལ་མཐུན་ཚད་ལྡན་བྱུང་མ་སོང་སྙམ་ནས་བཤད་མཁན་རིགས་བྱུང་ཡོད་ལ། བྱ་དགའ་སྤྲོད་ཕྱོགས་འདིས་དགེ་རྒན་དང་། སློབ་ཕྲུག ཕ་མ། སྤྱི་ཚོགས་བཅས་ཀྱི་ནང་བོད་སྐད་ཡིག་གི་རིན་ཐང་ལ་གདེངས་འཇོག་བྱེད་པའི་ཚད་གཞི་དམའ་རུ་བཏང་སོང་སྙམ་མཁན་དང་། ༧གོང་ས་མཆོག་གི་སྙན་དང་མང་ཚོགས་ཀྱི་མཐོང་ཐོས་སུ་སྲིད་སྐྱོང་གི་མཚན་གནས་རྗེས་འབྲེལ་རིགས་ལ་ཆེ་བསྟོད་ཡོང་ཆེད་ཙམ་མ་གཏོགས་དོན་དམ་གྱི་གནས་ལུགས་བརྩིས་མ་སོང་སྙམ་མཁན་སོགས་ཅི་རིགས་བྱུང་ཡོད།
ཕྱི་ལོ་ ༢༠༡༥ ཟླ་ ༥ ཚེས་ ༢༦ ཉིན་ད་ལོའི་རྒྱ་གར་རྒྱལ་ཡོངས་འཛིན་རིམ་བཅུ་གཉིས་སློབ་ཐོན་གྱི་གྲུབ་འབྲས་ལ་དབྱེ་ཞིབ་དང་། དཔྱད་བསྡུར། སྤྱི་བསྡོམས་བཅས་ཀྱི་ལམ་ནས་བོད་མིའི་སྒྲིག་འཛུགས་ཀྱི་གཞུང་འབྲེལ་དྲ་ཐོག་ཏུ་ཡོངས་ཁྱབ་གསལ་བསྒྲགས་གནང་སྐབས། སྲིད་སྐྱོང་བྱ་དགའ་ཐོབ་མཁན་ནམ་ཡིག་རྒྱུགས་གྲུབ་འབྲས་བརྒྱ་ 95% ལེན་མཁན་ཞིག་ཡོད་ཚུལ་ཚིག་གི་ཟུར་ཙམ་ལའང་ཐོན་མེད།
འོན་ཀྱང་ཕྱི་ཟླ་ ༥ ཚེས་ ༢༨ ཉིན་ཤེས་རིག་བཀའ་བློན་གྱིས་ཕྱི་ལོ་ ༢༠༡༡ ནས་ད་ལྟའི་བར་(བཀའ་ཤག་གསར་པའི་ལས་ཡུན་རིང་)ཤེས་ཡོན་ཐད་སྔར་བས་གྲུབ་འབྲས་ཆེན་པོ་བླངས་ཡོད་ཚུལ་དང་། བོད་ཕྲུག་ཚོའི་ཤེས་ཡོན་གནད་དོན་གལ་ཆེན་ནང་གི་དོན་ཆེན་དུ་བརྩིས་ཏེ་ཤེས་རིག་ལས་ཁུངས་ངོས་ནས་འབད་བརྩོན་ལྷོད་མེད་གནང་གི་ཡོད་ཚུལ། གཞན་ཡང་བོད་ཀྱི་སྐད་ཡིག་གལ་ཆེར་བརྩིས་ཏེ་ཡར་རྒྱས་གཏོང་ཐབས་གང་ཐུབ་ཅི་ཐུབ་གནང་གི་ཡོད་ཚུལ་སོགས་ཞུ་ཞོར་དུ། ད་ལོར་སྲིད་སྐྱོང་སློབ་ཡོན་ཐོབ་མཁན་སློབ་མ་ཞིག་བྱུང་ཡོད་པའི་གནས་ཚུལ་༧གོང་ས་མཆོག་གི་སྙན་དུ་དངོས་སུ་ཞུས་ཡོད། (འོན་ཀྱང་སྲིད་སྐྱོང་བྱ་དགའ་སྤྲོད་ཆེད་སློབ་མ་དེའི་བོད་ཡིག་གི་རྒྱུགས་འབྲས་འདོར་ཐབས་མ་བྱས་ཐབས་མེད་བྱུང་ཚུལ་ཞུས་མེད།)
འདི་ནི་སྲིད་སྐྱོང་བྱ་དགའ་ཐོབ་སྟངས་ཐོབ་ལུགས་ཐད་གསལ་བཤད་མ་བྱས་གོང་གི་སྐད་ཆ་རྡོག་རྡོག་ཞིག་ཡིན་པས། གནས་ཚུལ་འདི་གོ་ཐོས་བྱུང་མཁན་མང་པོ་ཞིག་གིས་དགའ་མགུ་ཡི་རངས་བྱས་ཡོད་སྲིད།
འོན་ཀྱང་། ཕྱི་ཟླ་ ༦ ཚེས་ ༡ ཉིན་(རྒྱ་ནག་ལ་མཚོན་ན་དྲུག་གཅིག་བྱིས་པའི་དུས་སྟོན་ལ་ཁེལ་ཡོད།) སྲིད་སྐྱོང་བློ་བཟང་སེང་གེས་དངོས་སུ་བཀའ་ཤག་ཚོགས་ཁང་འོག་མའི་ནང་གསར་འགོད་གསལ་བསྒྲགས་སྤེལ་ཡོད་ལ། དེ་དུས་གཞི་ནས་མང་པོ་ཞིག་ལ་འདོད་བློ་མ་ཁེངས་པའི་ཚོར་བ་ཟབ་མོ་སྐྱེ་འགོ་ཚུགས་ཡོད།
ཚེས་ ༢༨ ཉིན་གྱི་ཞོགས་པར་ཤེས་རིག་བཀའ་བློན་གྱིས་བྲེལ་འཚུབ་དང་གཟབ་ནན་གྱི་རྣམ་པ་ཟུང་དུ་སྦྲེལ་ཏེ་ཁྱབ་བསྒྲགས་སྔོན་ལ་བྱས་རྗེས། ཕྱི་དྲོ་ཤེས་རིག་ལས་ཁུངས་ཀྱི་སྡེ་ཚན་ཁག་གི་འགན་འཛིན་རྣམ་པར་གོ་བསྡུར་བྱས་པའི་གནས་ཚུལ་ཐོན་ཡོད། དེས་ན་གོ་བསྡུར་བྱ་ཡུལ་སྡེ་ཚན་འགན་འཛིན་ཚོར་འདིའི་ཐད་བསམ་ཚུལ་གང་ཡང་མེད་པ་ཡིན་ནམ། ཡང་ན། ཡོངས་གྲགས་ཀྱིས་ཁྱབ་བསྒྲགས་སྔོན་ལ་བྱས་ཤིང་གྲོས་བསྡུར་རྗེས་སུ་བྱས་པས་བྱ་དཀའ་བྱེད་གཏད་ཀྱི་གནས་སུ་གྱར་བ་ཡིན་ནམ། འདི་ལས་གནད་དོན་གང་འདྲ་ཞིག་ལ་གསལ་བཤད་བྱེད་ཀྱི་ཡོད་དགོངས་པ་ཟབ་བཞེས་གནང་ཚེ་ཟུར་བལྟས་ལེབ་མཐོང་གི་དཔེ་ལས་མ་འདས་སྙམ།
སྲིད་སྐྱོང་གིས་གསར་འགོད་རྒྱུད་ལམ་ཁག་ཏུ་ དང་པོ། ” སྲིད་སྐྱོང་སློབ་ཡོན་ལ་བརྒྱ་ཆ་ ༩༥ ལོན་དགོས་པ་མ་གཏོགས་ཆ་རྐྱེན་གཞན་གང་ཡང་མེད་སྟབས་་་་ ” དང་། གཉིས་པ། “སྲིད་སྐྱོང་སློབ་ཡོན་ཡིན་ནའང་སློབ་ཚན་ ༥ ལ་བརྒྱ་ཆ་ ༩༥ ལོན་པ་ཡིན་ན་འགྲིག་གི་ཡོད་པ་རེད་་་་ ” དང་། གསུམ་པ། “བོད་ཡིག་དེ་གལ་ཆེན་པོ་ཡིན་པས་ཉུང་མཐར་བརྒྱ་ཆ་ ༦༠ ལོན་དགོས་ཀྱི་འདུག་ཅེས། ཤེས་རིག་ལས་ཁུངས་ཀྱི་སློབ་ཡོན་ཚོགས་ཆུང་ནས་ཚོགས་འདུ་ཚོགས་ཏེ་ཐུགས་ཐག་བཅད་ཡོད་མ་འོངས་པར་ཡང་དེ་ལྟར་འགྲོ་བའི་རེ་བ་ཞུ་ཡི་ཡོད་་་་་་ ” སོགས་ཞུས་ཡོད།
དང་པོ། སྲིད་སྐྱོང་སློབ་ཡོན་ལ་བརྒྱ་ཆ་ ༩༥ ལོན་པ་མ་གཏོགས་ཆ་རྐྱེན་གཞན་གང་ཡང་མེད་ཅེས་དང་། ཡང་བོད་ཡིག་ལ་ཉུང་མཐར་བརྒྱ་ཆ་ ༦༠ ལོན་དགོས་ཞེས་པ་འདིའི་དོན་ནི། ཆ་རྐྱེན་གང་ཡང་མེད་པའམ་ཡོད་པ་ལྟ་བུ་ཉིས་འགལ་སྟོན་པའི་སྒྲིག་དོན་ཞིག་གཏན་ལ་ཕབ་ཡོད་པ་ཡིན་ནམ། ཡང་ན། འུར་ཆེན་པོའི་སྒོ་ནས་སྲིད་སྐྱོང་སློབ་ཡོན་བརྒྱ་ཆ་ ༩༥ ཅན་ཞིག་གཏན་འབེབས་ཁྱབ་བསྒྲགས་བྱས་པ་ཙམ་ལས། དེ་གནང་ཕྱོགས་རྩ་འཛིན་ལམ་སྟོན་ཁ་གསལ་གང་ཡང་ད་དུང་བྱུང་མེད་ཚོད་ཡིན་ནམ། བོད་ཡིག་ལ་ཉུང་མཐར་བརྒྱ་ཆ་༦༠ ལོན་དགོས་པ་དེ་སྔོན་མ་ནས་གཏན་འབེབས་བྱས་ཡོད་པ་ཞིག་ཡིན་ནམ། ཐེངས་འདིར་སྲིད་སྐྱོང་མཚན་ཅན་གྱི་བྱ་དགའ་ཐོབ་མཁན་སློབ་མ་དེའི་བོད་ཡིག་གི་སྐར་གྲངས་དྲུག་ཅུ་རེ་གྲངས་ཤིག་ཡིན་པར་ལྟོས་ནས་སྐབས་ཐོག་ལ་རང་འདོད་དུ་བཟོས་པ་ཞིག་ཡིན། གལ་ཏེ་སློབ་མ་དེའི་བོད་ཡིག་གི་སྐར་གྲངས་ལྔ་བཅུ་ང་གྲངས་ཤིག་ཡིན་ན་བོད་ཡིག་ལ་ཉུང་མཐར་བརྒྱ་ཆ་ ༥༠ ལོན་དགོས་ཞེས་གཏན་འབེབས་བྱ་སྲིད་དམ། འདི་ལས་འཛིན་སྐྱོང་འདི་ཁྲིམས་སྒྲིག་གི་སྟངས་འཛིན་ལམ་སྟོན་འོག་མེད་པར། གང་ཟག་སྒེར་ངོས་ནས་རང་དོན་ཁོག་བཅངས་ཀྱིས་སྐབས་བསྟུན་ཐག་གཅོད་འོག་འགྲོ་ཉེན་ཆེ་བའི་ཟུར་ཞིག་མངོན་གྱི་ཡོད་པའི་སྣང་ཚུལ་ཡ་མཚན་ཞིག་བསྐྱེད་ངེས། གཉིས་པ། སྲིད་སྐྱོང་སློབ་ཡོན་ཡིན་ནའང་སློབ་ཚན་ ༥ ལ་བརྒྱ་ཆ་ ༩༥ ལོན་པ་ཡིན་ན་འགྲིག་གི་ཡོད་པ་རེད་ཅེས་པ་འདིས། ཐེངས་འདིར་བོད་ཡིག་སྣང་མེད་དུ་དོར་བ་ལ་ངན་ཁག་མི་སླེབས་ཐབས་དང་། བོད་ཀྱི་སྤྱི་ཚོགས་སུ་བོད་རང་གི་སྐད་ཡིག་ལ་ཐེངས་འདིའི་བཀའ་ཤག་ངོས་ནས་གོ་སྐབས་དང་ཆེ་མཐོང་སྤྲོད་སྟངས་འདི་ལྟ་བུ་ཞིག་ལས་ཡར་སྐུལ་ཡོང་རེ་དང་ཡོང་ཐབས་གང་ཡང་མེད་པའི་རྣམ་པ་གསལ་པོར་མངོན་ཡོད། གསུམ་པ། བོད་ཡིག་དེ་གལ་ཆེན་པོ་ཡིན་པས་ཉུང་མཐར་བརྒྱ་ཆ་ ༦༠ ལོན་དགོས་ཀྱི་འདུག་ཅེས། ཤེས་རིག་ལས་ཁུངས་ཀྱི་སློབ་ཡོན་ཚོགས་ཆུང་ནས་ཚོགས་འདུ་ཚོགས་ཏེ་ཐུགས་ཐག་བཅད་ཡོད་ཅེས་པ་འདིས། སྐད་ཆ་བཤད་སྟངས་ཀྱི་རྣམ་པའི་ཐོག་ནས་བོད་ཀྱི་སྐད་ཡིག་ལ་མཐོང་སྤྲོད་ཀྱི་ཡོད་པའམ་བོད་སྐད་ཡིག་ལ་མཐོང་ཆུང་བྱེད་ཀྱི་མེད་ཚུལ་ལྟ་བུ་ཞིག་མངོན་ཐབས་གང་ཡོང་ལ་འབད་པ་བྱས་ཡོད་ཀྱང་། དོན་དངོས་སུ་བོད་ཡིག་ལ་བརྒྱ་ཆ་མཐོན་པོ་མ་བླངས་ན་འགྲིག་པར་རང་བཞིན་གྱིས་ངོས་འཛིན་བྱས་ཚར་པས། སྐྱགས་པ་ལ་གསེར་རྩི་བྱུགས་ཀྱང་རྔོ་མི་ཐོགས། བོད་ཡིག་གལ་ཆེན་པོར་བརྩི་ཡི་ཡོད་ན་སློབ་ཚན་གཞན་དང་མཉམ་པར་བོད་ཡིག་ལ་ངེས་བར་དུ་བརྒྱ་ཆ་༩༥ ལོན་པ་དགོས་པའི་ཐག་གཅོད་ཞིག་ཡོང་ཐབས་ལ་འབད་བརྩོན་མི་བྱེད་དོན་ཅི་ཡིན་ནམ། (བོད་ཡིག་ལ་སློབ་ཚན་གཞན་ལས་བརྒྱ་ཆ་ཉུང་བ་བླངས་ན་འགྲིག་པ་བཟོས་པ་འདི། སྐབས་འདིའི་སྲིད་སྐྱོང་གི་མཚན་ཐོག་ནས་བོད་ཆེན་པོའི་སྐད་ཡིག་ལ་ཆེ་མཐོང་བླ་མེད་གནང་པའམ་ཚད་མཐོན་པོའི་གོང་བཀུར་ཞུས་པ་ཞིག་ཡིན་ནམ། ཡང་ན། གསར་གཏོད་ཀྱི་ལྟ་གྲུབ་ཕྱག་བཞེས་དོན་སྨིན་ཡོང་ཐབས་གནང་པ་ཞིག་ཡིན།)
འཛམ་གླིང་རྒྱལ་བསྟན་ཡོངས་ཀྱི་མངའ་བདག་༧རྒྱལ་བ་སྐུ་ཕྲེང་བཅུ་བཞི་པ་ཆེན་པོའི་ཕྱག་ནས་༧རྒྱལ་དབང་སྐུ་ཕྲེང་བདུན་པའི་དུས་སྐབས་ནས་བརྒྱུད་པའི་ཐམ་ཀ་སྲིད་ཞི་བདེ་སྐྱིད་མ་དངོས་སུ་བཞེས་མཁན་སྲིད་སྐྱོང་གི་མཚན་ཅན་ཁོང་དང་བཀའ་ཡི་བློན་པོ་འགའ་ཞིག་གིས་བོད་རང་གི་སྐད་ཡིག་སྦྱོར་ཀློག་ཙམ་ལས་མཁྱེན་གྱི་མེད་ནའང་། དེ་དེ་ཙམ་གྱི་གནད་འགག་ཆེན་པོ་མ་རེད། དེ་བས་གནད་འགག་ཆེན་པོ་དང་ཉེན་ཚབས་ཆེན་པོ་ནི། བོད་ཆེན་པོའི་རྩ་དོན་གྱི་འགན་ཆེན་པོ་བཞེས་མཁན་ཞིག་གི་ངོས་ནས་བོད་མི་རིགས་ཀྱི་ངོ་བོ་མཚོན་བྱེད་གཙོ་བོའམ། སྙིང་པོ། སྲོག་དབང་ལྟ་བུའི་སྐད་ཡིག་འདི་རང་ངོས་ནས་ཤེས་ཀྱི་མེད་པ་དེ་འགྲིག་གི་མེད་པ་ངོས་ཟིན་གྱི་མེད་པ་དང་། རང་གི་སྐད་ཡིག་མི་ཤེས་མཁན་དང་རང་གི་སྐད་ཡིག་ལ་མཐོང་མི་སྤྲོད་པའི་མི་རབས་ཤིག་འབྱུང་ཉེན་ཆེ་བར་བློ་ཚབས་གང་ཡང་མེད་པའི་གླེན་རྟགས་ཀྱི་བློ་སྤོབས་ཆེན་པོ་ཕྱི་ལ་སྟོན་པར་བག་མི་ཚ་བ་དེ་རེད། གནད་དོན་འདི་ལས་མང་པོ་ཞིག་ལ་ ” ཙན་དན་གསེར་ལས་རིན་ཆེ་བ།། བླུན་པོས་སོལ་བར་བྱས་ལ་ལྟོས།། ” ཞེས་པའི་ས་སྐྱ་པཎྜི་ཏ་ཆེན་པོའི་གདམས་པ་ཡིད་ལ་དྲན་པར་བྱས་ཡོད་པ་གོར་མ་ཆག
བོད་མི་བསམ་ཡོད་ཚོའི་སེམས་སུ་བྱ་དགའི་རིན་ཐང་ལ་བརྟག་ཚེ། དགའ་ལྡན་ཕོ་བྲག་གི་བྱ་དགའ་དང་སྲིད་སྐྱོང་མཚན་ཅན་གྱི་བྱ་དགའ་གཉིས་ལས་དགའ་ལྡན་ཕོ་བྲང་གི་བྱ་དགའ་དེ་རང་བཞིན་གྱིས་རིན་ཐང་ཆེ་བ་ཆགས་ཀྱི་ཡོད། དེ་ནི་དགའ་ལྡན་ཕོ་བྲང་གི་བྱ་དགའ་དེས་བོད་ཡིག་ལའང་སློབ་ཚན་གཞན་དག་དང་མཉམ་པར་གཅིག་མཚུངས་ཀྱི་བརྒྱ་ཆ་ལོན་དགོས་པའི་རྩ་དོན་ཞིག་བཟུང་ཡོད་པ་དང་། གོང་དུ་ཞུས་པ་ལྟར་སྲིད་སྐྱོང་མཚན་ཅན་གྱི་བྱ་དགའ་དེས་སྐད་ཡིག་གཞན་གྱི་ནང་ཡོད་པའི་སློབ་ཚན་གཞན་དག་གི་བརྒྱ་ཆ་མཐོན་པོ་བྱུང་ཚེ་བོད་ཡིག་ལ་བརྒྱ་ཆ་ ༦༠ ཟིན་ཙམ་བྱུང་ན་འགྲིག་པའི་རྩ་དོན་བཟུང་ཡོད་པས་རེད།
རྒྱ་གཞུང་གིས་བོད་ཀྱི་སྐད་ཡིག་གཙོས་བོད་ཀྱི་སྐད་ཡིག་ཐོག་ཡོད་པའི་རིགས་གཞུང་དང་ཆོས་ལུགས་སོགས་རྩ་མེད་བཟོ་ཐབས་ཀྱི་སྲིད་ཇུས་རིམ་པར་ལག་བསྟར་བྱེད་ཀྱི་ཡོད་པའི་ཁར། དུས་རབས་དང་སྤྱི་ཚོགས་ཀྱི་འགྱུར་ལྡོག་གི་ཤུགས་རྐྱེན་འོག་བོད་ཀྱི་ཕ་མ་དང་། དགེ་རྒན། སྤྱི་ཚོགས་བཅས་ཀྱི་བསམ་བློའི་འདུ་ཤེས་འཛིན་སྟངས་ཁྲོད་བོད་རང་གི་སྐད་ཡིག་ལ་དགའ་མོས་དང་ཆེ་མཐོང་མི་སྤྲོད་པའི་ནད་ཡམས་ཤིག་ཉིན་རེ་བཞིན་ཁྱབ་ཀྱིན་པའི་ཉེན་ཁའི་དུས་སྐབས་འདི་འདྲ་ཞིག་ལ། བོད་མིའི་སྒྲིག་འཛུགས་ཀྱི་ཆེས་མཐོའི་འཛིན་སྐྱོང་ངོས་ནས་ཀྱང་བོད་ཡིག་ལ་ངོས་འཛིན་གོང་བཀུར་འདི་ཙམ་ལས་ཞུ་ཐུབ་ཐབས་མེད་པ་ལྟ་བུའི་རྣམ་པ་ཐོན་པ་ཡིན་ན། བོད་ཀྱི་ཐུན་མོང་མིན་པའི་ཆོས་དང་། རིགས་གཞུང་། སྐད་ཡིག་སྲུང་སྐྱོབ་ཀྱི་སྐད་ཆ་ལ་དོན་སྙིང་དང་གནས་ལུགས་འཚོལ་ས་མེད་པ་ཞིག་ཆགས་སོང་བ་མ་ཡིན་ནམ།
མཐར་གནད་དོན་གཅིག་ཡོད་པ་ནི། སྲིད་སྐྱོང་མཚན་ཅན་གྱི་བྱ་དགའ་ཐོབ་མཁན་སློབ་མ་དེར་དགའ་ལྡན་ཕོ་བྲང་གི་བྱ་དགའ་ཐོབ་སྲིད་དམ་ཞེས་པ་འདི་རེད།
བོད་ཡིག་ཚུད་པའི་སློབ་ཚན་སྤྱིའི་བརྒྱ་ཆའི་གྲངས་ཚད་ལྟར་ན། སྲིད་སྐྱོང་མཚན་ཅན་གྱི་བྱ་དགའ་ཐོབ་མཁན་སློབ་མ་དེའི་རྒྱུགས་འབྲས་བརྒྱ་ཆ་བརྒྱད་ཅུ་གྱ་གྲངས་ནང་ཡིན་པས། བོད་ཡིག་ཚུད་པའི་སློབ་ཚན་སྤྱིའི་བརྒྱ་ཆ་དགུ་བཅུ་ཡན་ཟིན་པའི་དགའ་ལྡན་ཕོ་བྲང་གི་བྱ་དགའ་ཐོབ་ས་སློབ་མ་དགུ་པོ་དེའི་གྲས་སུ་འཇུག་ཐབས་མེད་པ་ཆགས་ཡོད། འོན་ཀྱང་ཡང་བསྐྱར་ཐག་སྔོན་ལ་བཅད་གྲོས་རྗེས་ནས་བྱེད་པའི་བྱེད་ཐབས་གཞན་ཞིག་སྤྱད་དེ་སྲིད་སྐྱོང་མཚན་ཅན་གྱི་བྱ་དགའ་ཐོབ་མཁན་སློབ་མ་དེ་ལའང་དགའ་ལྡན་ཕོ་བྲང་གི་བྱ་དགའ་སྤྲོད་ཐབས་བྱེད་པའི་ཉིན་མོ་ཞིག་ཤར་ཚེ། དགའ་ལྡན་ཕོ་བྲང་ངོས་ནས་ཀྱང་བོད་ཡིག་ལ་ངོས་འཛིན་བྱེད་ཚུལ་འགྱུར་བ་ཡིན་པས། བོད་ཀྱི་སྐད་ཡིག་སྐྱོབ་པར་སྐྱབས་འཚོལ་ས་བོད་ཡིག་སྦྱོང་མཁན་དང་སྤྱོད་མཁན་གྱི་སྐྱེ་བོ་སྒེར་བ་ཉུང་ཤས་ཤིག་ལས་མེད་པར་གྱུར་བ་ཡིན། འདི་ནས་བཟུང་བོད་སྐད་ཡིག་གི་ཚེ་མཐའ་ལ་ཐུག་པ་རེད་ཅེས་གཞུང་འབྲེལ་གྱིས་ཡོངས་ཁྱབ་གསལ་བསྒྲགས་ཤིག་གནང་འཆར་འཐེན་ན་ཡག་པོ་རེད་སྙམ།
བོད་ཕྲུག་རྒོད་པོ་ལགས། འགྲིག་འདུག ཁྱོད་ཀྱིས་དཔྱད་དོན་ཐམས་ཅད་གནས་ལ་འཁེལ་ཞིང་སྤྱི་ཡོངས་ཀྱི་བསམ་ཚུལ་ངོ་མ་རེད་འདུག
འོན་ཀྱང་གོང་དུ Arya ལགས་ཀྱིས་གསུངས་པ་བཞིན་འཛིན་སྐྱོང་དང་གྲོས་ཚོགས་ནང་གི་མི་མང་པོ་ཞིག་ཀྱང་བོད་ཡིག་འཁྱར་འཁྱོར་རེ་མ་གཏོགས་ཤེས་ཀྱི་མེད་ཟེར་བ་ཡང་དངོས་བདེན་ཡིན་པས་དངོས་སུ་བོད་མི་རིགས་ཀྱི་རིག་པའི་གཞུང་ལུགས་ལ་སེམས་ཁྲལ་བྱེད་མཁན་དེ་ང་ཚོ་མི་ཀྱུད་ཚོ་རེད།
འདི་འདྲའི་གནས་སྟངས་འོག་བོད་མི་རིགས་དང་བོད་ཡིག་གཉིས་མཐའ་གཉིས་སུ་ལྷུང་འགྲོ་བའི་རྒྱུ་རེད།
བོད་ཕྲུག་རྒོད་པོ་ལགས་ཀྱིས་དཔྱད་རྩོམ་ཡག་པོ་བྲིས་འདུག
འོན་ཀྱང་ཁྱེད་ཀྱི་བཤད་པ་ཐམས་བཅད་ལ་རྒྱབ་སྐྱོར་མེད།
བོད་ཡིག་གལ་ཆེན་ཡིན་པ་དེ་ང་ཚོས་ད་བར་གླེང་ནས་བསྡད་ཡོད། འོན་ཀྱང་གལ་ཆེན་རང་བཞིན་གླེང་བ་ལས་དེ་ལག་ལེན་དུ་བསྟར་མཁན་ཉུང་ཤས་ཡིན། བོད་མིའི་སྤྱི་མཐུས་དང་བཀའ་བློན་མང་པོ་ཞིག་གིས་ཀྱང་ད་ཆ་བོད་ཡིག་འཁྱར་འཁྱོར་རེ་མ་གཏོགས་ཤེས་ཀྱི་མེད། བོད་ཡིག་དང་བོད་མི་རིགས་གཉིས་ཀྱི་ལས་དབང་ལས་སྐྱོ་བ་སུ་ཡོད།
གནས་ཚུལ་འདི་རོབ་ཙམ་གོ་བྱུང་། ཡིན་ནའང་གསལ་པོ་ཤེས་མ་བྱུང་། རྩོམ་ཡིག་འདིའི་ནང་གསལ་བ་ལྟར་ཡིན་ན་འདི་ལོའི་སྲིད་སྐྱོང་བྱ་དགའ་དེ་རྙོག་དྲ་ཆགས་འདུག སྲིད་སྐྱོང་སློབ་ཡོན་གྱི་བྱ་དགའ་ཐོབ་མཁན་དེའི་བོད་ཡིག་བརྒྱ་ཆ་ ༦༠ ཡིན་ན་ཆ་སྙོམས་བརྒྱ་ཆ་ ༨༩ རེད། དེ་ལྟར་ཡིན་ན་ཁོ་པར་དགའ་ལྡན་ཕོ་བྲང་བྱ་དགའ་ཐོབ་ཀྱི་མེད་པ་འདྲ། མཐའ་མ་དེར་ཆ་སྙོམས་བརྒྱ་ཆ་ ༩༥ ལོན་དགོས་པའི་སྲིད་སྐྱོང་བྱ་དགའ་ཐོབ་མཁན་དེར་ཆ་སྙོམས་བརྒྱ་ཆ་ ༩༠ ལོན་དགོས་པའི་དགའ་ལྡན་ཕོ་བྲང་བྱ་དགའ་མ་ཐོབ་ན་ཁྱད་ཚར་རེད། ནད་དོན་འདི་ནི་བོད་ཡིག་ལ་སློབ་ཚན་གཞན་དང་མཉམ་པའི་རིན་ཐང་སྤྲད་མིན་ལ་ཐུག་པ་འདྲ། བསམ་ཚུལ་རང་ཡིན།
ངོ་ནས་གསལ་ཁ་གནང་དགོས་ས་གང་མང་འདུག་སྙམ། ང་རང་གིས་མི་ཤེས་པས་ཡིན་ཞིག་ཀྱང་སྲིད།