མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

གཞུང་དམངས་ཡོངས་ཀྱིས་༧གོང་ས་མཆོག་དགུང་གྲངས་ ༨༠ བཞེས་པའི་གྱ་སྟོན་སྲུང་གཙི་ཞུས།

བོད་ཀྱི་དུས་བབ།
༢༠༡༥/༠༦/༢༢
Share on FacebookShare on TwitterShare on EmailShare on Whatsapp

དེ་རིང་དྷ་ས་གཙུག་ལག་ཁང་དུ། བོད་མིའི་སྒྲིག་འཛུགས་དང་དགེ་ལུགས། མདོ་སྨད་ཆོལ་ཁ་བཅས་ཐུན་མོང་གིས་༧གོང་ས་མཆོག་ལ་བརྟེན་བཞུགས་ཕུལ་བ་དང་། དེའི་རྗེས་གཙུག་ལག་ཁང་གི་ཆོས་རྭའི་ནང་༧གོང་ས་མཆོག་གི་སྐུའི་གྱ་སྟོན་གཞུང་འབྲེལ་ཐོག་སྲུང་གཙི་གནང་སྟེ། སྲིད་སྐྱོང་གཙོས་པའི་རྒྱ་གར་དབུས་གཞུང་གི་སྐུ་ཚབ་དང་ཧི་མ་ཅལ་དང་ཨ་རུ་ན་ཅལ་བཅས་ཀྱི་སྐུ་ཚབ་རྣམ་པས་གསུང་བཤད་གནང་ཡོད།

དེ་རིང་སྔ་དྲོའི་ཆུ་ཚོད་ ༨ ཐོག་དྷ་ས་ཐེག་ཆེན་གཙུག་ལག་ཁང་གི་རྟེན་མཆོག་སྤྱན་སྔའི་དྲུང་དུ། བོད་མིའི་སྒྲིག་འཛུགས་དང་རི་བོ་དགེ་ལུགས་པ། མདོ་སྨད་ཆོལ་ཁ་བཅས་ཐུན་མོང་ཐོག་༧གོང་ས་མཆོག་ལ་བརྟན་བཞུགས་རྒྱས་པ་ཞིག་བསྟར་འབུལ་ཞུས་རྗེས། སྔ་དྲོའི་ཆུ་ཚོད་ ༡༠།༣༠ ཐོག་གཙུག་ལག་ཁང་གི་ཆོས་རའི་ནང་། ༧གོང་ས་མཆོག་དགུང་གྲངས་ ༨༠ བཞེས་པའི་གྱ་སྟོན་དང་འབྲེལ་བོད་མིའི་སྒྲིག་འཛུགས་ཀྱི་གཞུང་འབྲེལ་ཐོག་བོད་ལུགས་ལྟར་༧གོང་ས་མཆོག་གི་སྐུའི་འཁྲུངས་སྐར་དུས་སྟོན་སྲུང་གཙི་གནང་སོང་།

མཛད་སྒོའི་ཐོག་༧གོང་ས་མཆོག་དབུ་བཞུགས་ཐོག ས་སྐྱ་གོང་མ་རིན་པོ་ཆེ་མཆོག་དང་དགའ་ལྡན་ཁྲི་རིན་པོ་ཆེ་མཆོག དཔལ་རྒྱལ་ཀརྨ་པ་རིན་པོ་ཆེ། གཡུང་དྲུང་བོན་གྱི་དབུ་བླ་སྨན་རིའི་ཁྲི་འཛིན་རིན་པོ་ཆེ་མཆོག་བཅས་བོད་ཀྱི་ཆོས་བརྒྱུད་ཁག་གི་དབུ་ཁྲིད་བླ་ཆེན་རྣམ་པ་དང་མཁན་སྤྲུལ་རྣམ་པ། དེ་བཞིན་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་དབུས་དམངས་གཙོའི་ཀ་བ་གསུམ་གྱི་མཛད་གཙོ་ལས་ཟུར་རྣམ་པ་དང་། བོད་མི་མང་སྤྱི་འཐུས་ཚོགས་གཙོ་གཞོན་གྱིས་དབུས་སྤྱི་འཐུས་རྣམ་པ། གཞན་ཡང་། ཆེ་བསྟོད་སྐུ་མགྲོན་རྒྱ་གར་དབུས་ནང་སྲིད་ལས་ཁུངས་ཀྱི་བློན་ཆེན་གཞོན་པ་སྐུ་ཞབས་ཀི་རིན་རི་ཇི་ཇུ་(Kiren Rijiju)མཆོག་དང་། དབུས་ཡུལ་སྐོར་སྤྲོ་འཆམ་དང་རིག་གཞུང་བློན་ཆེན་སྐུ་ཞབས་མཱ་ཧེ་ཤར་མཱ་མཆོག དེ་བཞིན་ཨ་རུ་ཎཱ་ཅལ་མངའ་སྡེའི་བློན་ཆེན་སྐུ་ཞབས་ནཱ་ཌམ་ཊུ་ཀེ་(Nabam Tuki)མཆོག་དང་། མངའ་སྡེའི་ཡུལ་སྐོར་སྤྲོ་འཆམ་དང་རིག་གཞུང་བློན་ཆེན་པདྨ་མཁའ་འགྲོ་ལགས། ཧི་མ་ཅལ་མངའ་སྡེའི་གྲོས་ཚོགས་འཐུས་མི། ཨི་ཊ་ལིའི་ (Italian radical party)ཚོགས་པའི་ཚོགས་གཙོ་སྐུ་ཞབས་མཱ་ཁུར་བྷ་ནེ་མི་(Marco Pannella)ལགས་སོགས་བོད་དོན་རྒྱབ་སྐྱོར་བ་དང་། དེ་བཞིན། དྷ་ས་ཉེ་ཁུལ་གྱི་དགོན་སྡེ་དང་སློབ་གྲྭ་ཁག་གི་དགེ་སློབ་དང་། དྷ་ས་ཁུལ་གྱིས་གཙོས་རྒྱ་བལ་འབྲུག་གསུམ་སོགས་ཡུལ་ལུང་གང་ས་ནས་ཡོང་བའི་སེར་སྐྱ་མི་མང་བཅས་ཁྱོན་མི་གྲངས་ ༨༠༠༠ ཡས་མས་འཛོམས་འདུག

དུས་ཆེན་གྱི་མཛད་སྒོའི་ཐོག་ཨ་རུ་ཎཱ་ཅལ་མངའ་སྡེ་གཞུང་གིས་༧གོང་ས་མཆོག་གི་རླབས་ཆེན་གྱི་མཛད་པ་འཕྲིན་ལས་ལ་ཆེད་བསྟོད་དུ་ཇོ་བོ་ཤཀྱ་མུ་ནེའི་སྐུ་ཆེན་པོ་ཞིག་དང་ཕྱག་རྟགས་འབུལ་བཞེས་དང་། འབྲས་ལྗོངས་མངའ་སྡེའི་བློན་ཆེན་མཆོག་གི་གསུང་འཕྲིན་སྒྲོག་སྦྱངས། གཞན་བོད་ཆོལ་ཁ་གསུམ་གྱི་གཞས་སྣ་འཁྲབ་བཅས་གནང་སོང་བ་མ་ཟད། ༧གོང་ས་མཆོག་གིས་དབུས་བླ་ཆེན་རྣམ་པ་ལྷན་བཞུགས་ཀྱིས་གཙུག་ལག་ཁང་གི་ཆོས་རའི་ནང་ཉིན་གུང་གི་གསོལ་ཚིགས་ལྷན་བཞེས་གནང་སོང་།

གཞུང་འབྲེལ་གྱ་སྟོན་མཛད་སྒོའི་སྟེང་མཛད་སྒོའི་ཐོག་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་༧གོང་ས་མཆོག་སྐུ་ཚེ་ཡུན་རིང་བརྟན་པའི་གསོལ་འདེབས་ཞུ་དོན། ༧མགོན་པོ་གང་ཉིད་ཀྱིས་ཐུགས་བརྩེ་བ་ཆེན་པོས་བཀའ་སློབ་ལམ་སྟོན་བསྩལ་བ་རྣམས་བཀའ་བཞིན་སྒྲུབ་ནི་བདག་ཅག་དབུ་མང་ཡོངས་ནས་འབད་བརྩོན་སྔར་ལྷག་ཞུ་རྒྱུར་དམ་བཅའ་འཇོག་རྒྱུ་དང་། ༧མགོན་པོ་གང་ཉིད་བདག་ཅག་ཡོངས་ཀྱི་མགོན་དཔུང་དམ་པར་སྐུ་ཚེ་ཞབས་པད་སྐལ་བརྒྱར་བརྟན་པའི་གསོལ་འདེབས་དང་། ལྷག་པར་ལོ་ཤས་གོང་སྐྱབས་མགོན་ཆེན་པོ་གང་ཉིད་ནས་དགུང་གྲངས་ ༡༡༣ ལ་བཞུགས་རྒྱུའི་བཀའ་བཞེས་བཟང་པོ་གནང་ཡོད་པ་དེར་འགྱུར་བ་གཏན་ནས་མེད་པའི་གསོལ་འདེབས་ནན་པོ་ཞུ་ཡི་ཡོད། གུས་སྐྱབས་འོག་པ་ཡང་༧གོང་ས་ཆེན་པོ་གང་ཉིད་ཀྱི་དབུ་ཁྲིད་འོག་བོད་བསྟན་སྲིད་མི་རིགས་ལ་ཞབས་ཞུ་སྒྲུབ་པའི་གོ་སྐབས་དེ་ཤིན་ཏུ་སྐལ་བ་བཟང་པོ་ཡིན་ཞེས་བཀའ་དྲིན་བསམ་ཤེས་ཡོད་ལགས་པ་བཅས། མཐའ་དོན་༧གོང་ས་མཆོག་གི་བཞེད་དགོངས་མཐའ་དག་ལྷུན་གྱིས་འགྲུབ་པའི་སྨོན་འདུན་ཤུགས་དྲགས་ཞུ་རྒྱུ་ཡིན། ཞེས་ཡིག་ཐོག་གི་གསུང་བཤད་མདོ་བསྡུས་ཤིག་གནང་སོང་།

ཨི་ཊ་ལིའི་ར་ཌི་ཀལ་ཚོགས་པ་(Italian Radical Party)ཚོགས་པའི་ཚོགས་གཙོ་ལགས་ཀྱིས་སྐད་སྒྱུར་བརྒྱུད། བོད་མིའི་འདི་ཕྱིའི་སྐྱབས་མགོན་ཏཱ་ལའི་བླ་མ་མཆོག་གིས་བོད་མི་ཙམ་མིན་པར་ཧན་མི་རིགས་ཚུད་པའི་མི་ཚང་མའི་ཆེད་དུ་ཐོབ་ཐང་དང་རང་དབང་བརྩོན་ལེན་གནང་བ་དེ་ཧ་ཅང་གལ་ཆེན་པོ་ཡིན་ལ། ཁོང་གིས་མི་རྣམས་ལ་རང་ཉིད་ལ་ཇི་ལྟར་བརྩེ་བ་ལྟར་གཞན་ལའང་དེ་བཞིན་བྱམས་སེམས་བཅང་དགོས་ལ། དེ་ཡང་རང་ཉིད་ཀྱི་གཉེན་ཙམ་མ་ཟད་དགྲ་བོ་ལའང་བྱམས་སེམས་བཅང་དགོས་པའི་སློབ་སྟོན་གནང་ཡོད། དེ་རིང་ཚང་མ་མཉམ་དུ་འཛོམས་པ་དེ་དགའ་སྐྱིད་ལ་ལོངས་སུ་སྤྱོད་པ་དང་། དགྲ་བོ་ལ་ངོ་རྒོལ་བྱེད་ཀྱི་ཡོད་པའི་རྣམ་འགྱུར་བསྟན་པ་མིན་པར་ང་ཚོ་ཚང་མས་མཉམ་དུ་རེ་སྒུག་བྱེད་བཞིན་པ་མཐོང་དུ་འཇུག་པའི་ཆེད་དུ་ཡིན་སྐོར་སོགས་གསུངས་སོང་།

དེ་རྗེས་སྐུ་མགྲོན་གཙོ་བོ་རྒྱ་གར་དབུས་གཞུང་ཡུལ་སྐོར་སྤྲོ་འཆམ་དང་རིག་གཞུང་བློན་ཆེན་སྐུ་ཞབས་མཱ་ཧེ་ཤར་མཱ་མཆོག་གིས། ངས་༧སྐྱབས་མགོན་ཏཱ་ལའི་བླ་མར་རྒྱ་གར་བ་ཁྲི་སྟོང་མང་པོས་བསྐུར་བའི་སྐུ་གཟུགས་བདེ་ཐང་དང་མཛད་འཕྲིན་རྒྱས་བའི་སྨོན་ཚིག་འཁྱེར་ནས་ཡོང་ཡོད། འཛམ་གླིང་དང་འགྲོ་བ་མིའི་རིགས། བོད་མི་སྤྱི་བཅས་ཀྱིས་༧གོང་ས་མཆོག་གི་བྱིན་རླབས་ཞུ་བཞིན་ཡོད། ང་ཚོས་དཀོན་མཆོག་ལ་གསོལ་བ་སྨོན་ལམ་བཏབ་སྟེ། ཁྱེད་སྐུ་གཟུགས་གསལ་ཐང་དང་ཐུགས་སྤོབས་འཕེལ་ཏེ། འགྲོ་བ་མི་རིགས་ལ་མི་ཚེའི་བགྲོད་ལམ་དང་བློ་གྲོས་ཀྱི་ལམ་སྟོན་མུ་མཐུད་མཛད་པའི་སྐྱབས་འཇུག་ཞུ་བཞིན་ཡོད། འཛམ་བུ་གླིང་འདིས་ང་དང་ཁྱེད་ཟེར་བ་གཅིག་པུའི་བདེ་སྡུག་ཆེད་ཕྱག་ལས་གནང་མཁན་ཚོ་མིན་པར་འཛམ་གླིང་སྤྱི་དང་འགྲོ་བ་མིའི་རིགས་ལ་སེམས་ཁུར་གནང་མཁན་ཚོར་ཆེ་བསྟོད་ཞུས་ཏེ། ངོས་འཛིན་དང་གུས་བརྩི་ཞུ་བཞིན་ཡོད། རྒྱ་གར་དམངས་གཙོའི་རྒྱལ་ཁབ་འདིའི་ནང་ལ་༧གོང་ས་མཆོག་ཆིབས་སྒྱུར་བསྐྱངས་ཏེ་འགྲོ་བ་སྤྱིར་ཆོས་ཀྱི་བསླབ་ཚིག་བཟང་པོ་དག་སྦྱིན་གནང་མཛད་དེ་ནི་རླབས་ཆེན་གྱི་གཟི་བརྗིད་ཅིག་ཆགས་ཡོད། ཁོང་གིས་མ་ཧཱ་གྷན་དྷི་མཆོག་གིས་ལམ་སྟོན་མཛད་པའི་འཚེ་མེད་ཞི་བའི་ལྟ་གྲུབ་རྒྱུན་འཁྱོངས་གནང་སྟེ། འཛམ་གླིང་ཞི་བདེར་སྨན་པའི་ཕྱག་ལས་གནང་དང་གནང་བཞིན་ཡོད་སྟབས། ཁྱེད་ནི་ང་ཚོའི་སྡུག་བསྔལ་སེལ་མཁན་གྱི་སྐྱེས་མཆོག་དམ་པ་ཞིག་ཡིན། ཞེས་གསུངས་སོང་།

དེ་བཞིན་ཆེ་བསྟོད་སྐུ་མགྲོན་རྒྱ་གར་དབུས་གཞུང་ནང་སྲིད་བློན་ཆེན་གཞོན་པ་སྐུ་ཞབས་ཀི་རན་ཀི་ཇི་ཇུ་མཆོག་གིས། ང་ཚོ་ཆོས་ཕྱོགས་ཐོག་ནས་ཞེ་དྲགས་བསོད་ནམས་བཟང་པོ་རེད། གང་ཡིན་ཞེ་ན། ང་ཚོར་༧སྐྱབས་མགོན་ཏཱ་ལའི་བླ་མའི་བྱིན་རླབས་ཐོབ་ཡོད་པ་རེད། ང་ཚོས་མཐོང་འདོད་པ་ནི་འོད་མདངས་བཀྲ་བའི་སྐར་མ་འདི་དུས་རྟག་ཏུ་འཚེར་ཏེ། ང་ཚོར་ལམ་སྟོན་དང་བྱིན་རླབས་བསྩལ་རྒྱུ་ཁྱེད་ཀྱིས་ང་ཚོར་དྲན་སྐུལ་བྱས་ཡོད། ཁྱེད་ཀྱི་བརྩེ་བ་དང་སྙིང་རྗེའི་གསུང་ཚིག་གིས་འཇིག་རྟེན་ཡོངས་ཀྱི་འགྲོ་བ་མིའི་རིགས་ལ་ལམ་སྟོན་མཛད་ཡོད་པ་དང་། རྒྱ་གར་དང་རྒྱལ་སྤྱིའི་རྒྱལ་ཁབ་གང་དུ་ཡོད་ཀྱང་། ཁྱེད་ཀྱི་གསུང་འཕྲིན་གྱིས་འགྲོ་བ་མིའི་རིགས་ཀྱི་རང་གཤིས་སེམས་གཏིང་དུ་བཞད་ཡོད་པ་དང་། ཁྱེད་ནི་འཛམ་གླིང་གི་ཚབ་མཚོན་ཞིག་ཡིན་པ་ལས། ཆོས་ལུགས་ག་གེ་མོ་ཞིག་དང་སྤྱི་ཚོགས་ག་གེ་གོ་ཞིག་གི་ཚབ་མཚོན་གྱི་མེད་པ་མ་ཟད། ང་ཚོར་དུས་རྟག་ཏུ་བྱིན་རླབས་སྩོལ་བཞིན་ཡོད་སྟབས། ང་ཚོའི་ཕྲག་པར་འཁུར་བའི་འགན་འཁྲི་ནི་ཁྱེད་ཀྱི་སྐུ་ཚེ་སྐལ་རྒྱལ་བརྟན་རྒྱུའི་སྨོན་ལམ་ཞུ་རྒྱུ་དང་། ང་ཚོས་ཁྱེད་ཀྱིས་གསུངས་པའི་བྱམས་དང་སྙིང་རྗེ། བསླབ་བྱ་བཟང་པོ་དག་བློ་ཚིག་གཉིས་ཐོག་ནས་མུ་མཐུད་བདག་སྐྱོང་བྱ་རྒྱུ་ཡིན་ལ། དེ་རིང་འཛམ་བུ་གླིང་གི་འགྲོ་བ་མིའི་རིགས་ཡོད་དོ་ཅོག་གིས་ཁྱེད་སྐུ་ཚེ་ཡུན་རིང་བརྟན་པའི་སྨོན་ལམ་ཞུ་རྒྱུ་ཡིན། ཞེས་གསུངས་སོང་།

བརྟན་བཞུགས་བསྟར་འབུལ་ཞུས་རྗེས་༧གོང་ས་མཆོག་གིས་བཀའ་སློབ་གསུང་བཤད་གནང་དོན། བོད་རིགས་སྤྱི་བོ་གནམ་བསྟན་ཡོངས་སུ་རྫོགས་པས་ཧ་ལམ་ང་ལ་ཡིད་ཆེས་དང་བློས་འགེལ་གྱི་ཡོད་པ་རེད། ཚེ་རབས་མང་པོའི་ལས་དང་སྨོན་ལམ་གྱི་འབྲེལ་བ་ཟེར་བ་དེ་མར་བཞག ཚེ་འདི་ག་མཐོང་ཆོས་ཆ་ནས་བཞག་པ་ཡིན་ནའང་གང་ལྟར་ཧ་ལམ་ཡོངས་རྫོགས་ཀྱིས་ང་ལ་ཡིད་ཆེད་བྱས་ནས་བློས་འགེལ་གྱི་ཡོད་པ་རེད། དེ་འདྲ་ཡིན་དུས་ཙ་ནས་ད་ལྟ་བར་དུ་ང་ལོ་བརྒྱད་བཅུ་ལ་བསླེབས་བསྡད་ཡོད་པ་རེད། ད་ལྟ་ཡིན་ནའང་གཟུགས་པོ་བདེ་ཐག་ཆོད་ཡིན། ངས་ཨེམ་ཆི་དེ་འདྲ་བསྟན་མྱོང་། ཨེམ་ཆི་དེ་ཚོས་ད་དུང་ལོ་ ༢༠ ཏག་ཏག་བསྡད་ཡག་ལ་ཐེ་ཚོམ་མི་འདུག་ཟེར་ནས་དེ་འདྲ་བཤད་བསྡད་ཀྱི་འདུག དེར་བརྟེན། ཧ་ལམ་ལོ་བརྒྱད་བཅུ་ནས་ད་དུང་ལོ་བཅུ་ཕྱིན་ན་ལོ་དགུ་བཅུ་རེད། ད་ལྟ་འདིར་ལོ་བརྒྱད་བཅུ་ལོན་པའི་གྱ་སྟོན་ཟེར་ནས་ཁྱེད་རང་ཚོས་ཞེ་པོ་ཞིག་བཤད་ཀྱི་འདུག་གཱ རྗེས་མ་ལོ་དགུ་བཅུ་ལ་སླེབ་སྐབས་དགུ་སྟོན་ཟེར་བ་དེ་བྱེད་དགོས་རེད་དཱ། ཁྱེད་རང་ཚོ་སྤོ་བོ་སྤོ་མོ་ཚོས་རིག་པ་སྒྲིམ་ནས་འཆི་བདག་གཤིན་རྗེ་ཡོང་གི་འདུག་ཀྱང་ཨམ་ཚིགས་བསྡམས་ཏེ། ༧རྒྱལ་བ་རིན་པོ་ཆེའི་དགུ་སྟོན་བར་དུ་བསྡད་ཐུབ་པ་བྱ་རྒྱུ་ཡིན་བསམ་ནས་སེམས་ཤུགས་སྐྱེད་ཤོག་ཨཱ། ད་ལྟ་བོད་གངས་ཅན་ལྗོངས་ལ་རང་དབང་ཡོད་མ་རེད། དེ་འདྲ་ཡིན་དུས་ས་ཁུག་ལུང་ཁུག་དེ་འདྲ་ལ་དེ་རིང་ངའི་སྐྱེས་སྐར་གྱི་དུས་དྲན་ལ་ཚང་མས་སྨོན་ལམ་བརྒྱབ་པ་དང་དགའ་དགའ་སྐྱིད་སྐྱིད་བྱེད་ཀྱི་ཡོད་པ་རེད། ས་ཁུལ་མང་པོ་ཞིག་ལ་རང་དབང་མེད་སྟབས་འདི་བྱེད་ཆོག་གི་ཡོད་པ་མ་རེད། དེ་འདྲ་ཡིན་དུས་གང་ལྟར་སེམས་གྱི་ནང་ནས་དད་པ་དང་འདུན་པ་རྩེ་གཅིག་བྱས་ནས་ཡོད་པ་ཡིན་དུས། ཁྱེད་རང་ཚོ་གཞིས་ལུས་རྒྱ་ཆེའི་མི་མང་ཚོར་ཡིན་ནའང་ཚང་མར་ཐུགས་རྗེ་ཆེ་ཞུ་གི་ཡིན། ད་ལྟ་བར་དུ་ང་ཚོ་བོད་གངས་ཅན་པ་ཧ་ལམ་སྤྱི་བོ་གནམ་བསྟན་ཡོངས་སུ་རྫོགས་པས་ཆོས་ལ་དད་པ་ཡོད་ཀྱང་རུང་མེད་ཀྱང་། རུང་གང་ལྟར་མི་རིགས་ཀྱི་ཞེན་ཁོག་དང་མི་རིགས་ཀྱི་ཐོབ་ཐང་ཐོག་ལ་ཚང་མས་སེམས་ཤུགས་དང་འདུན་པ་གཅིག་མཐུན་རེད་འདུག ཅེས་གསུངས་སོང་།

རྟེན་བཞུགས་རྗེས་ཀྱི་གྱ་སྟོན་མཛད་སྒོའི་སྟེང་། ༧གོང་ས་མཆོག་གིས་ཁོང་སྐུ་ན་ཆུང་བའི་དུས་ནས་བཟུང་བོད་བསྟན་སྲིད་ཆེད་སྐུ་ལས་བསྐྱོན་པ་ཡིན་ལ་མུ་མཐུད་སྐྱོན་བཞིན་ཡོད་སྐོར་གསུངས་དོན། ཁྱེད་རང་ཚོས་ངར་བསྟོད་ར་འདྲ་པོ་བཏང་སྟེ་ངས་ཞེ་པོ་ཞིག་བྱེད་ཐུབ་ཀྱི་ཡོད་རེད་ཟེར་གྱི་འདུག དེ་འདྲ་གང་ཡང་མ་རེད་དཱ། དངོས་ཡོད་གནས་ཚུལ་ག་རེ་རེད་ལབ་ན། ང་མི་གཅིག་ཡིན་པའི་ཆ་ནས་མིའི་རྣམ་དཔྱོད་དེར་གང་འཚམ་ཞིག་བསམ་བློ་བཏང་། ཚན་རིག་པ་དང་གོ་བསྡུར་བྱས། དེ་བཞིན་ཉམས་མྱོང་བརྗེ་རེས་བྱས་ནས་བསམ་བློ་གང་འཚམ་ཞིག་བཏང་། དེའི་བསམ་བློ་གཏོང་ཡག་གི་ལྡེ་མིག་འདྲ་པོ་དེ་ནཱ་ལེནྜའི་རྒྱ་གར་གྱི་མཁས་པ་ཚོས་གསུངས་བཞག་པའི་ལྟ་གྲུབ་དེ་ཚོའི་ཐོག་ནས་བསམ་བློ་གཏོང་སྟངས་ཀྱི་སྒོ་འདྲ་པོ་ཞིག་ཕྱེ་ཡོང་གི་འདུག ལོ་བརྒྱད་བཅུ་ལ་བསླེབས་སོང་ལ་ད་ལྟ་བར་དུ་གང་ཡོང་ཅི་ཡོང་བྱས་པ་ཡིན། ད་དུང་ལུས་པོ་འདིས་ག་ཚོད་འཚོ་འཚོ་བར་དུ་ཧུར་ཐག་བྱེད་ཀྱི་ཡིན། རྣམ་རྒྱུན་ནས་ངས་སྨོན་ལམ་རྒྱག་ཡག་ལ། བདག་གི་ལུས་དང་དེ་བཞིན་ལོངས་སྤྱོད་དང་།། དུས་གསུམ་དགེ་ཚོགས་ཕུང་པོ་ཅི་བྱེད་པ།། མ་གྱུར་སེམས་ཅན་ཀུན་གྱི་དོན་གྱི་ཕྱིར། དེ་ནི་འཕངས་པ་མེད་པར་བཏང་བར་བྱ།། ཞེས་ཉིན་ལྟར་བསམ་བློ་དེ་བཏང་བསྡད་ཀྱི་ཡོད། དེ་གང་དྲན་བྱེད་ཀྱི་ཡིན། དེ་རིང་རྒྱ་གར་གྱི་སྐུ་མགྲོན་མི་སྣ་གལ་ཆེ་བ་དེ་འདྲ་བསླེབས་ཡོད་པ་རེད། ད་གིན་ཁྱེད་རང་གིས་གསུངས་སོང་། ངས་དེ་འདྲས་བཤད་བསྡད་ཡག་རྒྱ་གར་མཁས་པའི་གཞུང་ནས་རྙེད་པ་རེད། དེ་འདྲ་ཡིན་དུས་ང་ཚོའི་བསམ་བློ་གཏོང་ཡག་གི་རྒྱུ་ཆ་འདྲ་པོ་མང་པོ་ཞིག་ཕྱུག་པོ་ཡོད་བསྡད་པ་དེ་རྒྱ་གར་གྱི་རིག་གཞུང་ཆགས་བསྡད་ཡོད་པ་རེད། འཚམས་རེར་ངས་རྩེད་མོ་དང་སྦྲགས་བཤད་བསྡད་ཀྱི་ཡོད། ལོ་རྒྱུས་ཐོག་ནས་བརྩིས་ན་ཁྱེད་རང་ཚོ་འཕགས་པའི་ཡུལ་གྱི་མི་ཚོ་ཁྱེད་རང་ཚོ་ང་ཚོའི་དགེ་རྒན་རེད་ང་ཚོ་དགེ་ཕྲུག་རེད། དེ་རིང་ཁ་སང་ཤེས་ཚད་ཐོག་ནས་བཤད་པ་ཡིན་ན་དགེ་ཕྲུག་ཚོ་སྐྱོ་པོ་རང་ཡོད་མ་རེད་དཱ་ཟེར་ནས་བཤད་བསྡད་ཀྱི་ཡོད། གང་ལྟར་འཕགས་པའི་ཡུལ་གྱི་གནའ་རབས་ཀྱི་ཤེས་ཡོན་ཡོད་བསྡད་པ་དེར་རྒྱ་གར་བ་ཚོས་དོ་སྣང་བྱ་རྒྱུ་དེ་གལ་ཆེན་པོ་རེད། ཕྱི་དངོས་པོའི་ཁྲ་ཁྲ་ཟིང་ཟིང་ཁོ་ནར་མགོ་འཁོར་ནས་དེ་དང་མཉམ་དུ་ལྐོག་ཟ་རུལ་སུངས་གང་འཚམ་ཡོད་པ་ཞིག་གི་ཐོག་ནས་ཕྱིན་པ་ཡིན་ན་དེ་རྒྱ་གར་གྱི་ཞབས་འདྲེན་རེད། དངོས་གནས་དྲང་གནས་རྒྱ་གར་གྱིས་དེང་དུས་ཀྱི་དངོས་པོ་ཡར་རྒྱས་དང་དེ་དང་འབྲེལ་བའི་ཤེས་ཡོན་དགོས་རྒྱུ་དེ་མེད་ཐབས་མེད་པ་ཞིག་ཆགས་ཡོད་པ་མ་ཟད། དེ་དང་ཆབས་གཅིག་ལོ་སྟོང་ཕྲག་མང་པོའི་གོང་ནས་ཡོད་བསྡད་པའི་ནང་བསམ་བློའི་ཤེས་ཡོན་དེ་ཚོ་ཡིན་པ་ཡིན་ཡང་བསྐྱར་དུ་ཞིབ་འཇུག་བྱས་ནས་བསྐྱར་གསོ་བྱ་ཡག་དེ་གལ་ཆེན་པོ་རེད། ཅེས་དང་།

ཡང་ཁོང་གིས། ང་རང་ཚོ་བོད་པ་ཡིན་ཡང་དེ་དེ་བཞིན་བྱས་ནས་གནའ་རབས་ནས་ང་རང་ཚོར་ང་ཚོའི་མེས་པོ་ཚོས་དངོས་གནས་དྲང་གནས་བོད་པ་ཚོར་བསམ་བློ་གཏོང་ཡག་གི་རྒྱུ་ཆ་མང་པོ་ཞིག་བཞག་ཡོད་པ་རེད། ང་ཚོ་བོད་ཡིག་ལ་ཆ་བཞག་པ་ཡིན་ཡང་མི་འདྲ་བ་ཞིག་འདུག་གཱ དཔལ་ན་ལན་ཌའི་མཁས་པའི་ལྟ་སྒོམ་སྤྱོད་གསུམ་སྐོར་གྱི་འགྲེལ་བཤད་ཡོད་པ་དེ་འགས་བོད་ཡིག་དང་བོད་སྐད་ནང་ལ་འགྲེལ་བཤད་ཆ་ཚང་བརྒྱབ་ཐུག་ཡག་ཅིག་ཡོད་པ་རེད། སྐད་ཡིག་གཞན་དག་ནང་ལ་བརྒྱབ་ཐུག་ཡག་ཁག་པོ་ཞེ་དྲགས་རེད་བཞག འདི་བསམ་བློ་བཏང་བ་ཡིན་ན་ང་རང་ཚོ་བོད་པའི་སྐད་ཡིག་ལ་གཞི་ནས་ངོ་མཚར་སྐྱེ་ཡག་དང་གུས་པ་དང་སྤོབས་པ་སྐྱེ་ཡག་ཅིག་འདུག བོད་ཡིག་དང་བོད་སྐད་ཟ་མཁས་འཐུང་མཁས་ཤིག་གི་སྒང་ལ་ཕྱིན་པ་ཡིན་ན། དེང་དུས་ཀྱི་ཤེས་ཡོན་སྡེ་ཚན་ནང་ལོགས་ལ་བོད་སྐད་ཀྱི་འདང་གི་མ་རེད། ཁོ་བེད་སྤྱོད་བྱས་ཡོད་མ་རེད། ཡར་རྒྱས་ཕྱིན་ཡོད་མ་རེད། དེ་རྒྱུ་མཚན་དུ་བྱས་ནས་བོད་ཡིག་བསླབ་ནས་ཆོ་མི་འདུག མི་ཚེ་བསྐྱལ་ཡག་ལ་ཕན་ཐོགས་མི་འདུག་ལབ་ན་ནོར་འཁྲུལ་རེད། དེ་རིང་ཁ་སང་འཛམ་བུ་གླིང་འདིའི་སྒང་ལ་དངོས་པོ་ཡར་རྒྱས་ཚད་མཐོ་པོ་བསླེབས་པ་ཚོས་མ་འདང་ས་དེ་སེམས་ཀྱི་རྣམ་བཞག་ཆགས་ཡོད་སྟབས། འཛམ་བུ་གླིང་ཡོངས་རྫོགས་ལ་མ་འདང་སའི་གནས་ཚུལ་གཅིག་ཡོད་བསྡད་པ་དེ། ང་ཚོ་བོད་པའི་ཤེས་ཡོན་ཐོག་ནས་ཕར་སྣོན་ཕན་རྒྱག་ཐུག་པའི་ཆ་རྐྱེན་དང་ནུས་པ་ཡོད་པའི་བཟོ་འདྲ་པོ་ཞིག་འདུག ཁྱེད་རང་ཚོ་ཕྲུག་གུ་ཚོ་ཡིན་པ་ཡིན་ཡང་ཕྱི་ལོགས་ཀྱི་ཁྲ་ཁྲ་ཟིང་ཟིང་དེ་ཚོ་རྐྱང་རྐྱང་ལ་བསམ་བློ་མི་གཏོང་བར། ང་རང་ཚོའི་མེས་པོ་ཚོས་བཞག་པའི་ནང་སེམས་ཁམས་རིག་པའི་ཐོག་ལ་བཤད་བཞག་པ་དེ་ཚོའི་ཐོག་ལ་དོ་སྣང་མང་ཙམ་བྱེད་དགོས་པ་རེད་ཤེས་སོང་ངམ། ཅེས་གསུངས་སོང་།

གསར་འགོད་པ། འཇིཊ་མེད་རྒྱ་མཚོ་དང་དོན་གྲུབ། པདྨ་མཚོ།

འབྲེལ་ཡོད་གསར་འགྱུར།

Front Slider

བོད་མིའི་སྒྲིག་འཛུགས་ཀྱི་སྤྱི་ཐབ་སྐོར་ལ་བཅར་འདྲི།

༢༠༢༥/༠༥/༡༠
སྐྱབས་རྗེ་བཀའ་ཟུར་ཀིརྟི་རིན་པོ་ཆེ་མཆོག་གི་མཛད་རྣམ་ཤར་སྟག་མོའི་བུ་ཞེས་པའི་འཕྲུལ་དེབ་འགྲེམས་སྤེལ་གྱི་མཛད་སྒོ་དང་དཔྱད་བརྗོད་བགྲོ་གླེང་འཚོགས། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༥།༥།༩
Mobile App

བཀའ་ཟུར་༧སྐྱབས་རྗེ་ཀིརྟི་རིན་པོ་ཆེ་མཆོག་གི་མཛད་རྣམ་ཤར་སྟག་མོའི་བུ་ཞེས་པའི་འཕྲུལ་དེབ་འགྲེམས་སྤེལ་གྱི་མཛད་སྒོ་འཚོགས།

༢༠༢༥/༠༥/༠༩
Mobile App

བོད་རིགས་ཨ་རི་བ་ཨ་ཧྥ་ཊབ་ཀརྨ་སིང་པུ་རི་ཝལ་ལགས་སུ་འོས་བསྡུའི་ཁྲོད་རྒྱལ་ཁ་ཐོབ།

༢༠༢༥/༠༥/༠༩
The Dalai Lama offers blessings to his followers at his Himalayan residence in the northern hill town of Dharamshala, India, on December 20, 2024 [Priyanshu Singh/Reuters]
༸གོང་ས་མཆོག གསར་འགྱུར།

ཡུ་རོབ་གྲོས་ཚོགས་སུ་༧གོང་ས་མཆོག་གི་ཡང་སྲིད་དང་འབྲེལ་བའི་གྲོས་ཆོད་ཅིག་གཏན་འབེབས་བྱུང་། 

༢༠༢༥/༠༥/༠༩
༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ཡེ་ཤུའི་ཆོས་དཔོན་རོ་བྷི་ཌི་པེ་ཝེ་སི་མཆོག སྐུ་པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས། ༢༠༢༤།༥།༩
༧གོང་ས་མཆོག གསུང་འཕྲིན།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་ཡེ་ཤུའི་ཆོས་དཔོན་གསར་པར་འཚམས་འདྲི་མཛད།

༢༠༢༥/༠༥/༠༩
བཙན་བྱོལ་བོད་མིའི་ཆོས་ཚོགས་ཐེངས་ ༡༤ པ་དབུ་འཛུགས་གནང་། ༢༠༡༩།༡༡།༢༧ དུས་བབ་གསར་ཁང་གི་པར།
Mobile App

 བཙན་བྱོལ་བོད་མིའི་ཆོས་ཚོགས་ཐེངས་བཅོ་ལྔ་པ་འཚོག་འཆར་འདུག

༢༠༢༥/༠༥/༠༩

མཆན། 1

  1. བཀྲ་ཤིས་ལྷ་མོ། says:
    ལོ་ 10 སྔོན།

    བོད་ཀྱི་དུས་བབ་ཚང་གི་དྲ་བརྙན་ལ་བསྔགས་བརྗོད་ཡོད། མུ་མཐུད་དུ་དྲ་བརྙན་གྱི་ལེ་ཚན་ཡར་རྒྱས་སུ་བཏང་སྟེ་རིམ་གྱིས་བརྙན་འཕྲིན་དངོས་གནས་ཤིག་བརྒྱུད་གཏོང་གནང་ཐུབ་པའི་རེ་བ་ཞུ་བཞིན་ཡོད།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese