ཡིན་ནའང་ངས་འདིར་འཆར་སྣང་ཞིག་གསལ་འདེབས་ཙམ་དུ་བརྗོད་རྒྱུ་ལ། དང་པོ། ངས་འདིར་སྲིད་སྐྱོང་གི་ཐད་ལ་ཕྱོགས་གསུམ་ནས་གླེང་འདོད་བྱུང་། ༡། ཉེ་ཆར་བཀྲ་ཤིས་དབང་འདུས་ཟེར་བ་ཞིག་སྲིད་སྐྱོང་གི་འོས་མིར་ལངས་ཡོད་པ་དེ་ལ་ཁོས་སྙིང་སྟོབས་སྐྱེད་དེ་ཚད་ལྡན་མང་གཙོའི་འགྲོ་ལུགས་ལྟར་སྲིད་སྐྱོང་འོས་མིར་ལངས་པ་ཙམ་གྱིས་བཀྲ་ཤིས་བདེ་ལེགས་ཞུ་རྒྱུ་ཡིན། ཡིན་ནའང་ཁོ་རང་གིས་བཏོན་པའི་དོན་ཚན་དེ་དག་ལ་དམིགས་བསལ་གྱི་ཁྱད་ཆོས་གང་ཡང་མེད་པའི་མཐོང་སྣང་བྱུང་ཞིང་། གསར་འགོད་པ་ཞིག་གིས་དྲི་བར་ལན་འདེབས་བྱས་པར། ‘ངས་འདི་ནི་འདོད་པ་འཚིམ་མ་འཚིམ་ལ་རག་ལུས་ཡོད་རེད་བསམ་གྱི་མི་འདུག ངས་སྲིད་སྐྱོང་གི་འོས་མིར་ལངས་དགོས་དོན་ནི་ང་ལ་དམིགས་ཡུལ་དང་ཕུགས་བསམ་ཡོད་པར་བརྟེན་ནས་ལངས་པ་ཡིན། ངས་ང་ཚོའི་བོད་དོན་དཀའ་རྙོག་གསལ་རྒྱུ་དེ་གལ་འགངས་ཆེ་ཤོས་ཤིག་ལ་ངོས་འཛིན་བྱེད་ཀྱི་ཡོད།
འདས་པའི་ལོ་བཞི་ཙམ་རིང་ང་ཚོས་བོད་དོན་འབྲེལ་མོལ་བསྐྱར་གསོ་བྱེད་ཐུབ་མེད་པར་བརྟེན། ངས་ང་ཚོས་ད་དུང་ལོ་ལྔ་ཙམ་སྒུག་རྒྱུའི་དུས་ཚོད་མེད་སྟབས། གང་མགྱོགས་བོད་རྒྱ་འབྲེལ་མོལ་ཐུབ་པར་བྱས་ནས་བོད་དོན་དཀའ་རྙོག་སེལ་ཆེད་སྲིད་སྐྱོང་གི་འོས་མིར་ལངས་བ་ཡིན།’ ཞེས་བརྗོད་འདུག་པས། འདས་པའི་ལོ་བཞི་ཙམ་རིང་ཞེས་པ་ནས་སྲིད་སྐྱོང་གི་འོས་མིར་ལངས་པ་ཡིན་ཞེས་པའི་བར་གྱི་ཚིག་གི་ནུས་པར་བལྟས་ན། ཡག་ཉེས་ཀྱི་ཐད་ནས་བཤད་ཤེས་ཀྱི་མེད་པ་མ་གཏོགས། སྲིད་སྐྱོང་འོས་མིར་ལངས་པ་ཙམ་གྱིས་དམིགས་ཡུལ་ཡོད་པ་ནི་ཧ་ཅང་གསལ་པོ་རེད། ཡིན་ནའང་རྒྱ་ནག་གཞུང་གིས་སྲིད་བྱུས་ཀྱི་ལམ་ཕྱོགས་ཇི་འདྲ་བཟུང་ཡོད་མེད་ལ་རྒྱུས་མངའ་ཡོད་རྒྱུ་ཕར་ཞོག ང་ཚོ་འདིར་དབུས་བོད་མིའི་སྒྲིག་འཛུགས་ཀྱི་ཕྱག་ལས་གནང་མཁན་རྣམས་ལ་གཞན་དབང་སྟབས་བསྟུན་གྱིས་དཀའ་ངལ་ག་འདྲ་ཞིག་འཕྲད་ཀྱི་ཡོད་མེད་ལའང་རྒྱུས་མངའ་དེ་ཙམ་མེད་པའི་སྣང་ཚུལ་ཞིག་བྱུང་།
༢། ད་ལྟའི་སྲིད་སྐྱོང་གིས་ཀྱང་ཁོང་སྲིད་སྐྱོང་ལ་ལངས་སྐབས་༸གོང་ས་མཆོག་བོད་ལ་གདན་འདྲེན་ཞུ་རྒྱུ་ཡིན་ཚུལ་སོགས་མང་པོ་ཞིག་གསུངས་མྱོང་ཡོད་པ་རེད། འོན་ཀྱང་ཁོ་རང་ལ་རྩ་དོན་གསུམ་ཡོད་པ་དེའང་བསམ་པའི་བརྗོད་དོན་ལྟར་ཏག་ཏག་ཅིག་འགྲོ་ཐུབ་དང་མི་ཐུབ་ཀྱི་དཀའ་ངལ་མང་པོ་ཞིག་གཞན་དབང་སྟབས་བསྟུན་གྱིས་འཕྲད་དང་འཕྲད་བཞིན་པ་དེ་ཧ་ཅང་གསལ་པོ་རེད། དེ་འདྲའི་དཀའ་ངལ་ནི། སྲིད་སྐྱོང་ལ་སུ་ཞིག་ལངས་ཀྱང་ཡོད་པས། སྲིད་སྐྱོང་གསར་བ་ཞིག་བསྡད། ཉམས་མྱོང་མང་པོ་ཞིག་གསར་དུ་བསག་ནས་འགྲོ་བ་ལས་ད་ལྟའི་སྲིད་སྐྱོང་གིས་ལོ་ལྔའི་དཀའ་ངལ་གྱི་ཉམས་མྱོང་ལ་བརྟེན་ནས་ཡང་བསྐྱར་ལོ་ལྔར་དཀའ་ལས་རྒྱག་རྒྱུའི་གོ་སྐབས་ཤིག་སྤྲད་པ་ཡིན་ན། སྔ་མའི་དཀའ་ངལ་འཕྲད་ཡུལ་དེ་དག་ལ་གདོང་ལེན་ཇི་ལྟར་དགོས་མིན་གྱི་ཐབས་ལམ་འཚོལ་སྙེགས་བྱེད་པའི་གོ་སྐབས་ཤིག་བྱུང་དུས་སྔ་མ་ལས་ཡག་ཏུ་མ་སོང་ཡང་སྡུག་ཏུ་མི་འགྲོ་བ་ཧ་ཅང་གསལ་པོ་རེད།
༣། གལ་ཏེ་སྲིད་སྐྱོང་ད་ལྟའི་ལས་ཐོག་སྲིད་སྐྱོང་གི་འདོད་བློ་མ་གང་བར་གསར་བ་ཞིག་བསྐོ་དགོས་ན། རྒྱ་ནག་གི་སྲིད་བྱུས་དང་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་བྱུས་དང་ལག་ལེན་བསྟར་སྟངས་ལ་ཉམས་མྱོང་ཡོད་པ་ཞིག་འདེམས་ཐུབ་ན་ཡག་པོ་ཡོད་པ་དེ་ང་ཚོས་འདས་ཟིན་པའི་ལོ་ངོ་དེ་དག་གི་ནང་ཧ་ཅང་གསལ་པོར་མཐོང་ཡོད་ལ། དེའི་རྐྱེན་གྱིས་སྲིད་སྐྱོང་གསར་པ་ཞིག་འདེམས་དགོས་ན་རྒྱ་ནག་གི་སྲིད་བྱུས་ལ་ཉམས་མྱོང་ཡོད་མེད་གང་ལྟར་ཡང་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་བྱུས་ལ་རྒྱུས་མངའ་ཡོད་ཐག་ཆོད་ཡིན་པ་ཞིག་དགོས་པ་མིག་མཐོང་ལག་ཟིན་དུ་གྱུར་ཡོད།
དེར་བརྟེན་ད་ལྟའི་མི་རབས་གསར་པའི་ལས་ཐོག་པ་རྣམས་ཀྱི་ཁྲོད་དུ་བོད་མི་མང་སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་ལས་ལྷག་ཅིག་ཤེས་ཡོན་དང་ལྷག་བསམ། འབྱོན་ཐང་། མི་གཞི་སོགས་གང་གི་ཆ་ནས་མེད་པར་འདོད། ད་ལྟའི་མི་རབས་གསར་པའི་ལས་ཐོག་པ་ཚོའི་ཁྲོད་ནས་སྐྱིད་ལ་བརྒྱབ་པའི་བན་རྒན་དང་།། སྡུག་ལ་བརྒྱབ་པའི་བོང་རྒན།། ཞེས་པའི་དཔེ་ལྟར། ཁོ་དགའ་སྡུག་སྣ་ཚོགས་འཕྲད་མྱོང་བའི་མི་ཞིག་ཡིན་པ་ཚང་མས་ཤེས་གསལ་ལྟར་འགྲེལ་བཤད་བྱེད་དགོས་དོན་མེད། ངས་འདི་ལྟར་བཤད་དུས་མི་གསོད་ལག་དམར་ཞེས་སྐོར་ཞིག་གིས་འུར་རྒྱག་སྲིད་མོད། དེའི་རིགས་ཀྱིས་ཁ་བདེ་བོ་དང་། རིག་པ་སྐྱེན་པོའི་སྐད་ཆ་མ་བཤད་པར་ཁ་དང་གྲུ་མོ་ནང་ལ་འཁོར་ཏེ་མཛུབ་མོ་ལྔ་བཅིངས་ཁུ་ཚུར་གྱི་དཔེ་ལྟར་རྡོག་རྩ་གཅིག་ཏུ་བསྒྲིལ་དགོས་པ་ལས་དཔའ་པོས་ཁུ་ཚུར་དགྲར་སྟོན་རྒྱུ་དེ། གླེན་པས་ཁུ་ཚུར་མ་ལ་མི་སྟོན་རྒྱུ་དེ་གནད་འགག་ཅིག་རེད་སྙམ།
ང་ཚོའི་བཙན་བྱོལ་སྤྱི་ཚོགས་ཀྱི་མཐོ་དཔོན་པོ་ནས་དམའ་སྤྲང་པོའི་བར་དུ་མི་རེ་རེའི་འགྲོ་འདུག་ཉལ་གསུམ་སོགས་སུ་ནང་ལ་ལྟ་མཁན་དང་། ཕྱི་རུ་ཉན་མཁན་སོགས་ཡོད་པས་ཁ་རུ་ཡོང་ཚད་ཚང་མ་བཤད་རྐྱང་དང་། ལག་པས་འཁྱོང་ཚད་ཚང་མ་འབྲི་རྐྱང་མི་བྱེད་རྒྱུ་དེ་གནད་འགག་ཅིག་ཏུ་མཐོང་། ཡིན་ནའང་མི་སོ་སོའི་གཤིས་ཀ་དང་། ཡང་ན་ལས་དོན་དང་དམིགས་ཡུལ་ཞིག་གི་ཆེད་དུ་གཏོར་བཤིག་དང་རྙོག་གྲ་བཟོ་མཁན་རིགས་ལ་མི་མང་སྤྱི་བྱིངས་ནས་རང་ཚུགས་བརྟན་པོ་བྱེད་དགོས་པ་ལས། གཞན་དེའི་རིགས་སོ་སོས་བསྒྱུར་བཅོས་མ་བྱས་ན་བྱེད་ཐབས་བྲལ་བས། རང་ཉིད་བོད་མི་ཞིག་ཡིན་པ་དང་། རང་ཉིད་ཀྱི་བརླ་རང་ཉིད་ཀྱིས་མི་བཙོང་བའི་འགན་འཁུར་ལེན་བྱེད་དགོས་པ་ལ་ལྷག་པར་དུ་འགྲེལ་བརྗོད་མི་དགོས་པ་ཞིག་རེད།
གཉིས་པ། སྤྱི་འཐུས་ཀྱི་ཐད་ལའང་ཕྱོགས་གསུམ་ནས་གླེང་འདོད་བྱུང་། ༡། སྤྱི་འཐུས་ནི་མི་མང་གི་སྐུ་ཚབ་ཡིན་པས། ཁོས་ཞེན་ཁོག་དང་ཕྲག་དོག་གིས་ཁ་བདེ་བོ་དང་རྐྱང་པོའི་སྐད་ཆ་བཤད། དམངས་སེམས་འཁྲུག་ཏུ་བཅུག རང་དོན་ཨེ་འགྲུབ་ཤུགས་རྒྱག་པའི་ཀུན་སློང་མི་འཁུར་རྒྱུའི་དམ་བཅའ་བརྟན་པ། ཤེས་འཇོན་དང་ལྷག་བསམ། མི་གཞི་བཅས་ཡོད་པ་ཞིག་ཡིན་དགོས་པ་ཚང་མས་ཤེས་གསལ་རེད། ང་ཚོ་མི་མང་གིས་འགན་འཁུར་དགོས་པ་ཞིག་ནི། རང་ཉིད་ལ་ཐོབ་དབང་ཡོད་པའི་ཆོལ་ཁོངས་ཀྱི་མི་བཅུ་དེ་ལ་ཁྱད་ཆོས་གསུམ་(ཤེས་ཡོན། ལྷག་བསམ། འཇོན་ཐང་།)ཚང་དགོས་པར་འདོད། གལ་སྲིད་དེ་མ་ཚང་ན་མ་མཐར་ཡང་ཤེས་ཡོན་དང་ལྷག་བསམ་གཉིས་ངེས་པར་དུ་དགོས། དེའང་མ་ཚང་ན་འོས་སུ་བླུགས་ཀྱང་གྲངས་ཀ་ལོན་ཐུབ་ཙམ་ཡིན་པས་དོན་སྙིང་མེད།
སྤྱི་མི་ལ་ཤེས་ཡོན་ཡོད་ཀྱང་ལྷག་བསམ་མེད་ན། མི་འདྲེ་རུ་བསྒྱུར་ཞིང་ཁོར་ཡུག་ལ་ངན་ཤུགས་ཐེབ་འཇུག་པའི་གསོན་འདྲེ་ཞིག་དང་གཅིག་མཚུངས་ཡིན་པས་དེ་ལས་མ་འདེམས་ན་ལེགས། དེའི་རིགས་ཡར་སླེབས་ན་ཁོ་ལ་ཁྲབ་སྟོན་བྱེད་པའི་སྡིངས་ཆ་ཞིག་སྤྲད་པ་ལས་གཞན་ཅི་ཡང་མིན། འདེམས་ཚར་རྗེས་ཡ་ལན་སྤྲད་དགོས་ན་ཧ་ཅང་རྙོག་འཛིངས་ཆེ། དམངས་སྤྱིར་བཏང་བ་ཞིག་གིས་དེ་འདྲའི་རིགས་ལ་གླེགས་རྙེད་དཀའ། དེ་ལས་སྔ་ས་ནས་འདེམ་བྱ་འདེམས་བྱེད་ཀྱི་ཐད་ལ་གཟབ་གཟབ་བྱེད་རྒྱུ་གལ་ཆེན་ཡིན། ཁ་ནས་བཤད་དུས་ཆོལ་གསུམ་ཆིག་སྒྲིལ་དགོས།༸གོང་ས་མཆོག་གི་གསུང་བརྩི་དགོས་ཟེར་མཁན་མང་མོད། འོན་ཀྱང་། དོན་ལ་ཆོལ་ཁ་དང་བཟང་ཁ་མཐུན་ཕྱོགས། ཁྱོད་ལས་ང་དྲག་གི་འགྲན་སེམས་དང་ཕྲག་དོག་གིས་བསླངས་པས་སྐྱོན་འཚང་འདྲུ་རེས། བཟང་པོ་ཡར་སྐྱོར་བ་ལས་མར་འཐེན་ཐབས་བྱེད་པ་སོགས་ཀྱི་སྣང་ཚུལ་ཞིག་ངང་ངམ་ཤུགས་ཀྱིས་བྱུང་དང་འབྱུང་བཞིན་པའི་རྣམ་འགྱུར་ལ་བཅོས་བསྒྱུར་བྱེད་མ་ཐུབ་པར་ད་དུང་ངན་པ་ལངས་ཤོར་དུ་ཡོད་པ་ཡོངས་གྲགས་རེད།
ཆུ་མགོ་ནས་རྙོག་ན་དྭངས་མེད། སྒྲིག་མགོ་ནས་བཤིག་ན་གཞུག་མེད་ཅེས་པ་ལྟར། སྤྱི་མི་ཚོའི་ཁྲོད་དུ་རྙོག་གླེང་བྱུང་ནས་བསྡད་ན་དམངས་སེམས་རྙོག་འཛིང་དུ་འགྱུར་བ་གདོན་མི་ཟ། དེའི་རྐྱེན་གྱིས་ང་ཚོ་མང་ཚོགས་ཀྱི་ངོས་ནས་ཆབ་སྲིད་པ་ཚོས་ཁྲབ་སྟོན་གྱི་སྒྱུ་རྩལ་ཇི་འདྲའི་ངོམ་ཡང་རང་ཉིད་ཀྱི་བསམ་བློ་དང་ལྟ་བ་གཞན་གྱིས་ཟེར་སྒྲོས་ཀྱི་རྗེས་སུ་མི་འབྲང་བར་སྐབས་བཅུ་དྲུག་པའི་འཐུས་མི་འདེམ་བྱ་དང་འདེམས་བྱེད་གང་གི་ཆ་ནས་མ་ནོར་བ་ཞིག་བྱ་རྒྱུ་གལ་གནད་རེད།
ད་ལྟའི་ང་ཚོའི་སྤྱི་ཚོགས་འདིར་སྐྱོན་སྣ་གཅིག་བྱུང་བ་ཙམ་གྱིས་ནག་པོ་ནག་རྐྱང་བཟོ་བ་དང་། དགེ་སྣ་གཅིག་མཐོང་བ་ཙམ་གྱིས་དཀར་པོ་དཀར་རྐྱང་དུ་གཏོང་བའི་མགོ་ཡང་པོ་ཞིག་ཡོད་པ་དེའང་མིག་མཐོང་ལག་ཟིན་ཡིན། མི་སྐྱོན་མེད་འཛམ་བུ་གླིང་ན་མེད།། ཤིང་འཛེར་མེད་རྒྱ་རྫོང་ནགས་ན་མེད།། ཅེས་པའི་དཔེ་ལྟར། མི་སྐྱོན་མེད་ཅིག་མེད་མོད། འོན་ཀྱང་། སྐྱོན་དང་ཡོན་གཉིས་མ་འདྲེས་པར་སོ་སོས་ངོས་བཟུང་ནས་གང་མང་བ་དེའི་སྒང་ནས་བརྗོད་དགོས།༸གོང་ས་མཆོག་གིས་ “སྐྱོན་གཅིག་ཡོད་པ་རྒྱུ་མཚན་དུ་བྱས་ཏེ་ཆ་ཐམས་ཅད་ནས་སྐྱོན་ཅན་རེད་ཅེས་ལབ་མི་ཐུབ་ལ། དགེ་མཚན་གཅིག་ཡོད་པ་རྒྱུ་མཚན་དུ་བྱས་ཏེ་ཆ་ཐམས་ཅད་ནས་ཡོན་ཏན་རེད་ཅེས་ལབ་ཐུབ་ཐབས་མེད།” ཅེས་གསུངས་ཡོད་པ་རེད།
༢། ཆོས་བརྒྱུད་སྤྱི་འཐུས་ནི་དོན་དངོས་ཀྱི་ཐོག་ནས་བཤད་ན་མེད་ཀྱང་ཆོག་པ་ཞིག་རེད་བསམ་གྱི་འདུག ཆོལ་ཁ་སོ་སོའི་མི་བཅུ་དེ་སྐྱ་སེར་དབྱེ་བ་མེད་པར་འདེམས་ཀྱི་ཡོད་པས་དེའི་ནང་ལ་སེར་མོ་བའང་འོས་མིར་སླེབ་ཀྱི་ཡོད་སྟབས། དེ་མེད་ནའང་འགྲིག་པ་ཞིག་རེད། ཆོས་བརྒྱུད་འཐུས་མི་ཁག་མེད་ཐབས་མེད་པ་ཞིག་ཡིན་ན། སྔ་མ་གཡུང་དྲུང་བོན་གྱི་ཆོས་འཐུས་ཀྱང་ཚུད་མ་ཚུད་ཀྱིས་དཀའ་ངལ་བྱུང་བ་དེའི་སྐོར་ལ་བསམ་ཞིབ་བཏང་སྟེ་ཇོ་ནང་ཆོས་བརྒྱུད་ལ་སུན་པོ་མ་བཟོས་པར་ཐོབ་དབང་དེ་སྤྲད་དགོས་པ་ཞིག་རེད། ཆོས་བརྒྱུད་སྤྱི་འཐུས་མེད་ན་ཚོགས་འཐུས་ཉུང་བ་རེད་སྙམ་ན་ཆོལ་ཁ་སོ་སོའི་འཐུས་མིའི་གྲངས་མང་དུ་གཏོང་ཆོག་པ་ཞིག་རེད་ལ། ཆོས་བརྒྱུད་སྤྱི་འཐུས་མེད་ན་ཆོས་བརྒྱུད་སོ་སོའི་ངོས་ནས་གྱོང་རག་གི་རེད་སྙམ་ན་དེ་ལས་ཀྱང་མིན། ཆོལ་ཁའི་ཁོངས་གཏོགས་ཀྱི་སོ་སོའི་ཐོབ་དབང་གིས་འདེམས་པའི་སྤྱི་མི་དེས་ཆོས་བརྒྱུད་ཀྱི་འཐུས་འཚབ་མ་ཐུབ་ན་སུ་ཞིག་གིས་ཐུབ།
མི་གོ་བ་ཅན་ལ་ཚིག་གཅིག། རྟ་གོམ་འགྲོས་ཅན་ལ་ལྕག་གཅིག། ཅེས་པའི་དཔེ་ལྟར། སྤྱི་འཐུས་ལས་ཐོག་པ་ཚོས་༸གོང་ས་མཆོག་གིས་ཐུགས་འགན་ཆ་ཚང་སྲིད་སྐྱོང་ལ་མ་གནང་སྔོན་གྱི་མི་ལོ་དྲུག་ཅུ་ལྷག་རིང་སྲིད་དབང་བསྐྱངས་པའི་སྐབས་སུ་ཆོས་འཐུས་ཟུར་དུ་དགོས་པའི་དགོངས་ཚུལ་ཡོད་མེད་གསལ་གསལ་ཐིང་ཐིང་ཤེས་པར་བྱས་ཏེ། ད་ལྟའི་སྤྱི་ཚོགས་ཁྲོད་ཆོས་བརྒྱུད་ཁག་གི་འཐུས་ཚབ་དགོས་དང་མི་དགོས་ཀྱི་ཐད་ལ་ཐུགས་བསམ་གཏོང་དགོས་པ་ཞིག་རེད། མི་མང་ན་རྙོག་གྲ་ཆེ་བ་ལས་མེད་པས། དེ་ལས་མི་ཉུང་ཡང་སྤུས་དག་པོ་ཞིག་འདེམས་ན་རྙོག་གྲ་ཉུང་རུ་འགྲོ་བ་ཁ་འཆམ་པ་དང་ལས་དོན་གནད་དུ་ཁེལ་བ་སོགས་ཀྱི་ཕན་ཐོགས་ཡོད་པ་ནི་སྤྱི་ཚོགས་ཁྲོད་ཀྱི་མི་ཚང་མས་མྱངས་ཡོད་པའི་ཉམས་མྱོང་དམར་རྗེན་ཞིག་ཡིན།
༣། བུད་མེད་སྤྱི་འཐུས་ལ་དམིགས་བསལ་གྱི་ས་མིག་གཉིས་ངེས་པར་དུ་འཇོག་དགོས་དོན་མེད་པར་འདོད། དེང་སྐབས་ནུས་པ་ཡོད་ཀྱང་མེད་ཀྱང་བུད་མེད་ཚོའི་ཁྲོད་དུའང་ཕོ་མོ་འདྲ་མཉམ་གྱི་ཐོབ་དབང་རྩོད་ལེན་བྱེད་རྒྱུའི་འགྲན་རྩོད་བྱུང་དང་འབྱུང་བཞིན་པ་ཧ་ཅང་ཕྱི་གསལ་ནང་གསལ་རེད། དེའི་རྐྱེན་གྱིས་ཆོལ་ཁའི་འཐུས་མི་བཅུའི་གྲས་སུ་སླེབས་ཐུབ་ན་བཀྲ་ཤིས་བདེ་ལེགས་དང་། མ་ཐུབ་ན་ཐབས་ཤེས་མེད་པ་ཞིག་ཡིན་ན་ལེགས་སྙམ། བུད་མེད་ལ་དམིགས་བསལ་ས་མིག་བཞག་ཏེ་འདེམས་བྱ་མི་བཅུ་ལས་བུད་མེད་གཉིས་མ་འདེམས་ན་སྐྱེས་པ་བཅུ་འདེམས་མི་ཆོག་པ་ཡག་པོ་ཡོད་རྒྱུ་རེད་དེ། འོས་ཆོས་ཚང་བའི་སྐྱེས་པ་བཅུ་ཡོད་བཞིན་དུ་འོས་ཆོས་མི་ཚང་བའི་བུད་མེད་གཉིས་ཨུ་ཚུགས་བྱས་ཏེ་འདེམས་དགོས་བྱུང་བ་ཡིན་ན་དེ་འདྲའི་གནད་ཐོག་ཏུ་ཁེལ་བ་ཞིག་མ་རེད་སྙམ།
ད་ལྟའི་བར་དུ་བུད་མེད་གཉིས་རེ་འདེམས་ཁུལ་བྱས་པ་རེད་དེ། དོན་ལ་ས་བཅད་མ་སྟོང་ཙམ་གྱི་བུད་མེད་སྤྱི་འཐུས་ཀྱང་བྱུང་ཡོད་པ་རེད་སྙམ། སྤྱི་འཐུས་ཐད་ཀྱི་དོན་ཚན་གཉིས་པ་དང་གསུམ་པ་ནི་སྤྱི་འཐུས་རྒྱུན་ལས་དང་ལས་ཐོག་པ་ཚོར་ལས་དོན་དེ་འགྱུར་བ་གཏོང་བའི་ཐག་གཅོད་ཀྱི་ཐོབ་དབང་ཡོད་པ་ཞིག་རེད་མ་གཏོགས། ང་ཚོ་མི་དཀྱུས་མ་ཚོས་བསམ་ཚུལ་སྤེལ་ནས་སྡོད་པ་ལས་ཐབས་གཞན་མེད། དེར་བརྟེན། ད་ལྟའི་སྤྱི་འཐུས་ལས་ཐོག་པ་རྣམས་ཀྱིས་དོན་ཚན་དེ་གཉིས་ལ་ཐུགས་བསམ་རེ་གཏོང་དགོས་པའི་དུས་ཚོད་ཅིག་རེད། ཤེས་འཇོན་མེད་པའི་མི་ཞིག་གི་འཆར་སྣང་ཡིན་ལ་རེ་སྐུལ་ཡང་ཡིན།
ངས་བལྟས་ན་འདི་འདྲ་འཁྲབ་སྟོན་མང་པོ་གནང་བ་ལས་གོང་ས་མཆོག་མང་ཚོགས་ངོས་ནས་སླར་ཡང་སྲིད་སྐྱོང་ལ་འདེམས་ན་ཡག་ཤོས་རེད། དེ་མ་གཏོགས་བོད་རྒྱལ་ཁབ་རྦད་དེ་མེད་པ་ཆགས་པའི་འགན་དེ་སུས་ཀྱང་ཁུར་ཐུབ་རྒྱུ་མ་རེད་བསམ།
བཀའ་དྲིན་ཆེ་ཡག་པོ་གསུང་འདུག
སྐུ་ཞབས་གཡུ་སྒང་ལགས་ཀྱིས་བཀའ་སྤྱིའི་སྐོར་བསམ་ཚུལ་འདི་འདྲ་གསུང་ཡོང་དུས་དེའི་སྐོར་ངེས་པར་བོད་མིའི་སྤྱི་ཚོགས་སྤྱི་ཡོངས་ནས་བསམ་བློ་གཏོང་དགོས་པ་གལ་ཆེན་རེད་དྲན་ནས་ཡོད།གང་ཡིན་ཞེ་ན་བོད་མིའི་སྤྱི་ཚོགས་ནང་འདས་མ་ད་གསུམ་བླ་བསམ་བློ་རེད་བཏང་ཚེ་བོད་ཀྱི་ནང་དུ་གནས་ལུགས་དང་རྒྱུ་མཚན་མེད་མཁན་རེ་ཟུང་གིས་༧གོང་ས་མཆོག་དང་བོད་སྤྱིའི་མཚན་ཤས་ལ་གནོད་པའི་ལས་ཀ་དང་དགྲ་དགའ་གཉེན་སྡུག་གིས་བྱ་བ་མང་མེད་ན་ཆུང་མེད་པས་གནས་སྟངས་ཤིག་ཆགས་ཡོད་པ་རེད།དེ་འདྲ་ཡིན་དུས་ད་ནས་བཟུང་ངེས་པར་བོད་མི་སུ་ཞིག་ཡིན་ན་མི་དྲང་བདེན་ཅན་དང་རང་བཞིན་ཡ་རབ་བོད་མི་སྤྱི་དང་༧གོང་ས་མཆོག་ལ་བསམ་བློ་གཏོང་མཁན་ཞིག་དགོས་པ་གལ་ཆེན་རེད།སྤྱིར་བོད་ཀྱི་སྤྱི་ཚོགས་ནང་དུ་ད་བར་ཆོས་རྒྱུད་ཚོས་སྤྱི་འཐུས་དགོས་དང་མི་དགོས་ཀྱི་སྐད་ཆ་ཞིག་སླེབ་པ་ག་འདྲ་བྱས་ནས་ཡོང་བ་ཞིག་རེད་ངེས་པར་བསམ་བློ་གཏོང་དགོས་པ་རེད།གཙོ་བོ་ཆོས་བརྒྱུད་ཁག་ཅིག་གིས་སྤྱི་འཐུས་རེ་ཟུང་གིས་བྱ་འབྲས་ལ་རྟེན་ནས་ད་བར་སྤྱིར་ཆོས་བརྒྱུད་ཀྱི་སྤྱི་འཐུས་དགོས་མིན་གྱི་གླེང་རྙོག་འདི་ཡོང་གི་ཡོད་པ་ཡིན་དུས་ངེས་བར་བསམ་བློ་གཏོང་དགོས་པ་དང་།རང་ཉིད་ཀྱིས་དང་པོ་ནས་མི་ཡག་པོ་ཞིག་འདེམས་དགོས་པ་དེ་གལ་ཆེན་པོ་རེད།དེ་བཞིན་བཀའ་བློན་ན་ཡང་ཅ་ིབཤད་ལ་མ་ལྟ་ཅི་ལས་ལ་ལྟོས་ཟེར་བ་ལྟར་དོན་དམ་བོད་མི་རིགས་ཀྱི་བྱ་བ་གང་ཡིན་རུང་མཁྱེན་རྒྱ་ཡོད་པ་ཞིག་དགོས་པ་དང་རྒན་རབས་པ་མི་ཚང་མའི་གུས་ཞབས་དང་ཡིད་ཆེས་ཡོད་མཁན་ཞིག་འདེམས་དགོས་པ་ཧ་གལ་ཆེན་རེད་དྲན་སོང་།